༄༅།།ནམ་མཁའ་གཡུང་དྲུང་།

བསྟན་འཛིན། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-12


    ངོ་མཚར་ཅན་དུ་སྐུ་འཁྲུངས་ཚུལ།བསྟན་པ་རིན་པོ་ཆེ་བབས་ཚུལ་བསྐྱེད་རྫོགས་གྲོལ་ཐོབ་དབྱིངས་སུ་གཤེགས་ཚུལ་ལོ།    དང་པོ་ནི།    ཡུལ་གཙང་གི་གྲོམ་པ་ག་ར་ངོ་མང་བྱ་བ་རུ།   ཡབ་བྲུ་ཤ་གཡུང་དྲུང་སེག་གེ་དང་།    ཡུམ་བུ་སངས་བདེ་ལྡན་བྱ་བ་གཉིས་ཀྱི་སྲས་གསུམ་གྱི་ཆེ་བར་འཁྲུངས་དགུང་ལོ་གསུམ་དུས་ཡིག་རྩིས་རྣམས་མ་སླབ་པར་མཁྱེན་གཉིས་པ་ནི།    ལོ་བཅུ་གཅིག་ལ་ཡབ་མེས་ཀྱི་བོན་སྐོར་མུས་བཀའ་རྣམས་ཐུགས་ཆུད།     བཅོ་ལྔར་མཐའ་བཞི་འཕྲུལ་གསས་ལ་དབལ་ཕུར་ཞུས་ནས་བསྒྲུབ་པས་གྲུབ་པ་བསྙེམས།   དེ་ནས་བླ་མ་གཤེན་གྱི་གཏེར་སྟོན་ཞེས་ཐོས་པས་སྔོན་ལས་སད་དེ་འཕྲལ་བྱོན་བཀའ་རྣམས་ཞུས།     མཛོད་ཕུགས་ལ་བློ་སྦྱང་མཛད་ཀྱི་བོན་བདག་གི་ལུང་ཐོབ།     ག་ར་རུ་གདན་དྲངས།     སྲས་ཁྱུང་རྒྱལ་ཡང་འཁྲུངས།    བླ་མ་གཤེན་འདས་ནས་བུ་སློབ་རྣམས་ཀྱིས་འབྲི་མཚམས་སུ་གདུང་སྤྱན་དྲངས་གདུང་སྦྱོང་མཛད་སྐབས།   བྲུ་ཆེན་གྱིས་མཁས་པ་མི་བཞིའི་ཐུན་དུས་སུ་དབུས་མཛོད་ཕུག་གི་བཤད་ཉན་སྲོལ་བཙུགས།    གཤེན་གྱི་ཞལ་སློབ་ཇོ་མོ་ནས་བླ་མའི་ཞལ་ཆེམ་ལྟར།    བཀའ་རྟགས་ཤེལ་སྐུ་རྣམ་གཉིས།    ཁམས་བརྒྱད་འབུམ་གྱི་ཤོག་སེར།     མཚན་ཉིད་མཛོད་ཀྱི་བླ་དཔེ།    མཁས་པ་མི་བཞིའི་ཐུན་དུང་ཕྱག་གཤང་བཅས་བྲུ་ལ་ཕུལ།    དེ་ནས་གཡས་རུ་ལ་བྱོན་སྲིན་པོ་རི་འམ་གཞི་བདག་བཙན་ཡམ་ཤུད་དམར་པོ་དམ་ལ་བཏགས།    དེ་དུས་རོང་པ་མགར་སྟོན་ཡབ་སྲས་ལ་ཁུ་ཚའི་གཏེར་སྟོན་དབལ་ཕུར་སྡེ་སྐོར་དོན་གསུམ་སོགས་གསུང་རྣམས་དང་བླ་ཆེན་དྲན་པའི་ཕྱག་ཕུར་ཁྲོ་བོ་འབྲུག་གསས་ཀྱི་སྐུ་མཐིང་གི་ཕུར་མོ་ཆེ་དང་།    ཁྲ་གསས་མེ་གསས་ཀྱི་སྐུ་བཅས་གཏད་ནས་དབང་མཛད།    ཁོང་ལ་ཞལ་སློབ་ཀྱང་ཟིགས་པ་གསས་བུ།    མེ་སྟོན་ལྷ་ཕྱུགས་སོགས་མདོ་དབུས་གཙང་མང་དུ་བྱུང་ཞིང་།    ཁྱད་པར་སྐུ་གསུང་ཐཱུགས་ཀྱི་སྲས་བཞི་ལ་བྱིན་རླབས་གཞན་དོན་སྐྱོང་གྲུབ་ལུགས་བསྟན།   གསུམ་པ་ནི།    སྔགས་ཀྱི་གྲུབ་པ་ཐོབ་པས་ལྷ་སྲིན་བྲན་དུ་ཁོལ་ཞིང་།    རྫུ་འཕྲུལ་གྱི་རྔ་ལ་ཆིབ་ནས་བར་སྣང་ལ་བྱོན།    སྲིན་པོ་རིར་བསྐོར་བ་མཛད་པ་ཡུལ་མི་ཀུན་གྱི་མཐོང་།    ཡི་དམ་ལྷ་ཞལ་ཁུམ་ནས་རྟེན་ཕུར་རྣམས་ཕོ་བྲང་ལ་བསྐོར་བ་བྱེད་པ་དང་།    བཞད་པ་སོགས་གྲུབ་རྟགས་ཐོབ་ནས་བོན་དབྱིངས་སུ་གཤེགས་སོ།   སྐུ་མཆེད་འབྲིང་བ་ལྷ་གསས་རྒྱལ་ནི་བླ་མ་གཤེན་གྱི་ཞལ་སློབ་ཉང་སྨད་ཀྱི་གདུང་མ་བརྒྱད་ཀྱི་གཅིག་ལ།   དེ་སྲས་བྲུ་སྟོན་ལྷ་ཕྱུག་གོ  མཆེད་ཅུང་ཤེས་རབ་རྒྱལ་ནི་སྦས་པའི་རྣལ་འབྱོར་ཆེན་པོ་སྟེ།   དེ་སྲས་བྲུ་སྟོན་ཁྱུང་གི་རྒྱལ་མཚན་ནི།   སྤྲུལ་སྐུར་ལུང་བསྟན་ཚུལ།   ཐོས་བསམ་སྒོམ་པས་བསྟན་པ་བསྐྱངས་ཤིང་འགྲོ་དོན་མཛད་ཚུལ།   བསྐྱེད་རྫོགས་ཀྱི་ངང་ནས་བོན་དབྱིངས་སུ་གཤེགས་ཚུལ་གསུམ།   དང་པོ་སྟོང་རྒྱུང་ཐུགས་ཀྱི་སྤྲུལ་པ་ལ།    བྲུ་ཤ་ཁྱུང་གི་མཚན་ཅན་འབྱུང་།   བསྟན་པའི་ཉི་མ་ཕྱོགས་བཞིར་རྒྱས།   བཀའ་བཤད་བོན་གྱིས་འགྲོ་དོན་མཛད།   ཅེས་དང་།   ཀླུ་གྲུབ་སྙིང་པོའི་སྤྲུལ་པ་ལ།   ཀླུ་འདུལ་བསྟན་པའི་རྒྱལ་མཚན་འབྱུང་།   ཞེས་ཏེ།   ཡབ་ནམ་མཁའ་གཡུང་དྲུང་དང་།   ཡུམ་ར་ཤ་བཟའ་གཟུངས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།   གཉིས་པ་ནི།   བླ་མ་གཤེན་གྱི་རྒྱལ་མཚན་ཐོབ་པ་བཞིའི་གཅིག་ཡིན།   མཚན་ཉིད་དང་གསང་སེམས་ཀྱི་བཀའ་ལུང་གསན།   ཡབ་ལ་གསང་སྔགས་ཀྱི་དབང་ལུང་རྣམས་ཞུས།   སྐྱེ་ཤོད་གསང་ཕུ་ནེ་ཐོག་གི་གཙུག་ཁང་དུ་དགེ་བཤེས་ཕྱ་བ་ཆོས་སེང་གི་དྲུང་དུ་བྱམས་ཆོས་སྡེ་ལྔ་དང་དབུ་ཚད་རྣམས་ལ་མཁས་པར་ཐུགས་སྦྱོངས་ལོ(13)བཞུགས་ནས་གཙང་དུ་བྱོན་ཏེ་ཡབ་ལ་ལུང་ཞུས་ཏེ་མཛོད་ཕུག   བྱང་སེམས་གབ་པ།   དབང་ཆེན་རྒྱུད།   སྐུ་གདུང་རྒྱས་པ།   གསུང་རབ་བཀའ་བཤད་ཆེན་མོ།    གསས་མཁར་རིན་པོ་ཆེ་ཟུར་ལ་སེམས་སྨད་སྡེ་དགུ་རྣམས་ལ་འགྲེལ་བཤད་མཛད།    ག་ར་ངོ་མང་དུ་གསས་ཁང་བཞིངས་གཙང་གཡས་རུར་བཀའ་འཁོར་བསྐོར།  སྙན་པ་ཕྱོགས་བཅུར་ཁྱབ་བོ།   བུ་སློབ་ལ་ཁྱེད་ཀྱི་ཆེ་བ་ནི་གཤེན་དམ་པ་རྒྱལ་ཚབ་ཡིན།   ཁོང་དགུང་ལོ(15)ནས་ལོ་བཞི་ལྔ་བླ་མ་བསྟེན།   གཞན་ཡང་ཡ་ངལ་ཚར་བཞད།   གཤེན་སྟོན་དངོས་གྲུབ།ཟིང་པ་གསས་བུ།   མེ་སྟོན་བདུད་རྩི།   མེ་ག་ཇོ་བཟུང་།  རྒྱ་སྟོན་ཁྲི་པ།   ཤངས་སྟོན་བྱ་རུ་བ།    བྲག་གསུམ་སྟོན་པ།    མདའ་ཆེན་སྟོན་རྒོད་སོགས་དབུས་གཙང་པ་དང་།   ཡ་ངལ་རུ་ཐོགས་སྐྱོ་སྟོན་ནར་མ་ལ་སོགས་མངའ་རིས་པ་དང་།   མདོ་ཁམས་པ་སོགས་སྟོན་པ་གྲངས་ལས་བརྒལ་ལོ།ཆོས་ག་བྲག་སྨུག་ག་ར་བོན་གནས།    དུག་གདོང་བྲག་རིང་།    ཤངས་རྫོང་བྲག་རྣམས་སུ་སྒོམ་གྲྭ་བཅས་ཏེ།   གབ་པ་དང་རིག་པ་ཁུ་བྱུག་སོགས་ཁྲིད་པས་རྟོགས་ལྡན་ཕོ་མོ་བརྒྱ་ཙམ་གྲོལ་དེ་ནས་མངའ་རིས་སུ་གདན་འདྲེན་བྱུང་སྟེ།    སེ་རིབ་རྒྱལ་པོ་ཤང་པའི་རྒྱལ་པོ་སྤུ་རོང་རྒྱལ་པོ་རྣམས་ཀྱི་དབུ་མཆོད་མཛད།   ཡ་ངལ་རུ་ཐོག་གུ་རུབ་ལ་སོགས་ཀྱི་གྲྭ་སློབ་རྣམས་སྨིན་གྲོལ་མཛད།    སྐུ་རྟེན་ག་ར་དང་བེ་སྐྱོ་སོགས་ལ་གསས་ཁང་བཞི།     གསུང་རྟེན་རྒྱས་འབྲིང་རྣམ་གསུམ་བཀའ་བཤད་གབ་མཛོད།    ཞི་ཁྲོ་ཕུར་གསུམ་བཤད་རྒྱུད་སྒྲུབ་པ་སོགས་བཞིངས་སུ་གསོལ། །
      གསུམ་པ་ནི།    དགུང་ལོ(70)བཞེས་ནས་ས་སྐྱ་ག་ར་རུ་སྐུ་མི་རྟག་ཚུལ་བསྟན་ལྷ་དང་རིག་འཛིན་མཁའ་འགྲོས་བསུས་ཏེ་འོག་མིན་དབྱིངས་སུ་སྒྲ་འོད་དང་བཅས་ཏེ་གཤེགས།   གདུང་ལ་ཀུན་བཟང་གཤེན་ལྷའི་སྐུ་གཙོ་མཆོག་ཡབ་ཡུམ་སྐུ།    ཐུགས་རྗེ་བྱམས་མའི་སྐུ།    གཞན་ཡང་གདུང་རིང་སྲེལ་མང་དུ་བྱོན།    དེ་རྣམས་ག་ར་དང་།   དབེན་ས་ཁར་བཞུགས་སོ།    སྐུ་མཆེད་གཅུང་པོ་གསུམ་ནི་ཡུམ་གནམ་ཁ་པའི་སྲས་མོ་དཔལ་བྱ་བ་སྟེ་པདྨ་རྒྱལ་མཚན་ནི་ཡབ་ཀྱི་གདན་ས་སྨོན་དཀར་དགེ་ལྡིང་བཟུང་།    དེ་འོག་སློབ་དཔོན་རིན་ཆེན་ནི་ག་རའི་གདན་ས་བཟུང་།    བྲུ་བདག་ཉིད་རྗེ་བཙུན་གྱི་རྣམ་ཐར།   སྤྲུལ་སྐུར་ལུང་བསྟན་སྐྱེ་བ་བཞེས་ལུགས་དཀའ་བ་སྤྱད་ནས་འགྲོན་དོན་མཛད་ཚུལ།   བསྟན་པ་རྗེས་བཞག་རྟེན་གསུམ་བཞེངས་ཚུལ།   བོན་ཉིད་དབྱིངས་སུ་སངས་རྒྱས་ཚུལ་ལོ།   དང་པོ་ནི།   ལྡི་མིག་ལས་དྲང་སྲོང་རྒྱལ་བའི་སྤྲུལ་པ་ལ།      བྲུ་ཤ་རྗེ་ཡི་མཚན་ཅན་འབྱུང་།    གཡས་རུ་བྱང་དུ་ལྷ་ཁང་བརྩེགས།    འཕན་ཡུལ་བོན་རྣམས་རྒྱས་པར་སྤེལ།   ཞེས་ཁ་བྱང་ལས།   སྣང་བ་མདོག་ཅན་སྤྲུལ་ལ།   བྲུ་ཤ་རྗེ་བཙུན་བྱ་བ་འབྱུང་།   ཤ་རྩ་དམར་ལ་གཟི་མདངས་ལྡན།   ལུས་ལ་གཡུང་དྲུང་རིས་མོ་ཡོད།   རྒྱུད་ལ་ལྷད་མེད་གཡུང་དྲུང་སེམས།   འབུམ་ཚོ་བཅུ་གཉིས་འགྲོ་བ་འདྲེན།  ཞེས་སོ།  ཡབ་བྲུ་པདྨ་རྒྱལ་མཚན་དང་།   ཡུམ་བྲག་སུམ་རྩ་བཟའ་རྒྱན་པ་བྱ་བ་གཉིས་སྲས་སུ་གཡས་རུ་དགེ་ལྡིང་ཞེས་པར་འཁྲུངས་ཏེ་ཆུང་བྱང་སེམས་དད་པ་ཤེས་རབ་འཛོམས་པའོ།   གཉིས་པ་ནི།  དཀའ་བ་དཔྱད་ནས་མཁས་པ་ཆེན་པོ་གཉོས་ལག་དྲུག་ལ་ཁྲིམས་ནོས་ཏེ་དྲང་སྲོང་མཛད།   མཚན་གཡུང་དྲུང་བླ་མ་རྗེ་བཙུན་ནོ།   ཁྲོ་འབྲུག་དང་རྗེ་འདི་གཉིས་གཉོས་ལ་རབ་ཏུ་བྱུང་སྟེ་གཙང་གི་རྗེ་བཙུན་རྣམ་གཉིས་ཟེར།   དེ་ནས་ལྷ་རྗེ་རྒྱལ་མཚན་ལ་ཕྱི་མཚན་ཉིད་ཀྱི་སྒྲོ་འདོགས་བཅད།   ནང་གསང་སེམས་ཀྱི་རིམ་གཉིས་མཐར་སོན་ཕྱིར་བྲག་སྨུག་དང་།   ག་ར་རུ་ཕེབས།   དེ་ནས་བླ་མ་གདན་དྲངས་གཡས་རུར་ཕུག་ཐག་ཆོད་པར་མཛད།   དབེན་ས་ཁའི་ཀླུ་རྒྱལ་གཟི་ཆེན་གྱི་ལྕམ་མོ་དུང་སྐྱོང་མས་བླ་མ་ལ་ཤུག་པའི་གདུག་ཕུབ།    དགོན་པ་ཕུལ་ནས་བཟའ་བཞིན་བསྟན་པ་སྐྱོང་།   བྲུ་ཆེན་ཡབ་སྲས་ཀྱི་བཀའ་སྲོལ་བཟུང་།གཙང་གཡོན་རུ་ཉ་མོ་བོན་གནས་ཉ་མོ་སྨོན་དཀར་དགེ་ལྡིང་དང་།   གཡས་རུ་སྲིན་པོ་རི་སོགས་ལ་མཛོད་དང་གབ་པ་རྒྱུད་དྲུག་སེམས་སྡེ་རྣམས་ལ་བཤད་ཉན་མཛད།   ཉང་སྟོད་སྟག་པ་ཁ་ཆེ་རུ་དབུ་ཚད་ལ་ཐུགས་སྦྱངས།   ཉང་རོ་ཤེལ་བྲག་ནས་གཉེན་འཐིང་ཤེར་རྡོར་གྱིས་ཐོག་བོན་རྣམས་ཞུས་ཏེ་སྦྱངས། དྲང་རྗེ་བཙུན་པའི་གཏེར་བྱུང་མདོ་བཞི་གཟེར་མིག་སོགས་གར་པ་སྟག་ལ་དབང་ལ་བབ་པ་མར་པས་རྗེ་བཙུན་ལ་ཕུལ།  དེ་ནས་དབེན་ས་ཁར་བཞུགས་ནས་བཀའ་ལུང་རྒྱུད་སྡེ་དེ་ཉིད་ལ་འགྲེལ་པ་མཛད།    བུ་སློབ་ཀྱང་རབ་ཏུ་བྱུང་སྔ་བ་ཡང་སྟོན་ཆེན་པོ་སོགས་མང་པོ་སྔགས་ཀྱི་ཆ་འཛིན་བྲུ་ཇོ་ཟླ་བླ་སྟོན་མུ་ཐུར་དག་པ་ས་སྟོན།   རྐོང་བ་ལེགས་པ།   ཡ་ངལ་ཐུན་ཐུང་།   བྲག་གསུམ་སྒོམ་རིང་།   ཏྲེའི་གཉེན་སྟོན།
       ཞང་ཞུང་གེ་ཁོད་སྐྱབས།   ཤང་གི་བྲུ་སྟོན་ཤེར་ལྡན། ཉ་མོའི་སུམ་སྟོན།   ཡོན་ཏན་འོད།   རྒྱ་སྟོན་ཉི་རྒྱལ།   ཞུ་སྟོན་ལྷ་གསས་སོགས་དང་།   གཡོར་པོའི་མཁོན་ད་རེ།  ཟིངས་པ་ཚུལ་ཁྲིམས་སྟག་པན་གྱི་ལི་སྟོན་རྒྱལ་མཚན།   ཁོང་ལམ་གྱི་ཞུ་སྐྱེ་སྟོད།   ལང་གྲོའི་ཞུ་ཁྲི་འཕན་སོགས་སྔགས་འདུལ་འཛིན་དབུས་གཙང་ཁམས་གསུམ་ན་མང་བར་བྱོན།   དབེན་པའི་གཙུག་ལག་ཁང་བཞིངས།   བྲུ་ཡབ་སྲས་ཀྱི་བླ་འབུམ་ལ་དཔེ་བླང་རྒྱས་འབྲིང་རྣམ་གསུམ་གསེར་གྱིས་བཞིངས་མངའ་དབུལ་སྐབས་ཁྲོ་འབྲུག་ཀྱང་སྤྱན་དྲངས།   དགའ་སྟོན་བསྙེན་བསྐུར་རྒྱ་ཆེན་པོ་མཛད།   ཕྱི་རབས་བུ་སློབ་རྣམས་ལ་བསྟན་པ་རྒྱ་ཆེན་རྗེས་བཞག་མཛད་ནས་འགྲོ་བ་ཁ་ལོ་བསྒྱུར་རོ།   བླ་མ་འདིའི་ཞབས་ལ་གཏུག་པ་ནི།   ཤར་རྒྱལ་མོ་ཆུ་ལ་དར་འཐག་པ་ཡན།   བྱང་ལི་བུ་སྒང་རིང་འཇག་མ་གླུ་ལེན་པ་ཚུན།   ནུབ་བལ་པོ་རྡོ་ལ་བཟོ་བྱེད་ས་མན།   ལྷོ་སྙུག་མ་པུབ་ཁུར་མཐའ་ཁོབ་དྭགས་རྐོང་སྤུ་བོ་སོགས་སྐད་རིགས་མི་མཐུན་པ་ཞང་ཞུང་གུ་གེ་སེ་རིབ་རྐང་ཕྲན་སྦལ་ཐེའུ་རྒྱ་གར་སོགས་ལ་བོན་བཤད་འགྲོ་དོན་མཛད་དོ།   གསུམ་པ་གཤེགས་ཚུལ་ནི།   ལྟ་བ་དབུ་མ་ཆེན་པོའི་དོན་རྟོགས་འབྱུང་བཞི་ཟིལ་གྱིས་མནན་ཏེ་སྐུ་ལ་སྙུན་པ་མེད་པར་ལྷ་དང་སེམས་དཔས་བསུས་ཏེ་མ་སྤྱོད་རྣམ་དག་ཏུ་གཤེགས་ནས་མེ་ཏོག་ཆར་མངོན་པར་བབས།   གདུང་རིང་སྲེལ་དཔག་མེད་དད་པའི་རྟེན་དུ་བཞུགས་པའི་བཀའ་དྲིན་ཅན་ལ།   གཅེན་པོ་ཡེ་ཨཤེས་གྲུབ་ནི་གདུང་རྒྱུད་འཛིན་ནོ།   བླ་མ་རྗེ་བཙུན་ཉིད་ཀྱི་སྐུ་ཡི་དབོན་པོ།   ཐུགས་ཀྱི་སྲས་མཆོག་ཐུ་བོ་ཆེན་པོ་ནི།   སྨྲ་བའི་སེང་གེལྟ་བའི་ཁྱུང་ཆེན།   སྒོམ་པའི་རུ་སྦལ།   སྤྱོད་པའི་གླང་ཆེན།   དམ་ཚིག་གི་གསེར་སྦྲམ།   འཕྲིན་ལས་ཀྱི་འཁོར་ལོ།   འབྲས་བུ་མི་ནོར་བའི་མཆོག་དམ་པར་གྱུར་པ་སྟེ་བྲུ་སྟོན་ཉི་མ་རྒྱལ་མཚན་བྱ་བ་འདི་ཡི་རྣམ་ཐར་མོས་པས་ཟུར་ཙམ་བརྗོད་དེ།   སྤྲུལ་སྐུར་ལུང་བསྟན་ཚུལ་ངོ་མཚར་ཅན་དུ་འཁྲུངས་ཚུལ།   བླ་མ་རྣམས་ལ་རྒྱུད་ལུང་མན་ངག་ཞུས་ཏེ་ཡི་དམ་ལྷ་ཞལ་གཟིགས་ཚུལ།   ཕན་བདེའི་བསྟན་སྤེལ་བོན་དབྱིངས་གཤེགས་ཚུལ་ལོ།   དང་པོ།གཉིས་པ་ནི།   ཡབ་བྲུ་ཡེ་ཤེས་གྲུབ་ཀྱི་སྲས་ཆེ་བ་ཟླ་བ་རྒྱལ་མཚན་ཆུང་བར་སྐུ་འཁྲུངས་ཏེ།   མའི་ལུས་ལ་གནས་དུ་ཉི་ཟླ་ཤར་བ་འཇའ་དཀྱིལ་འདུག་པ་སོགས་ལྟས་བཟང་པོ་དང་།ལུས་ཁང་གནས་མལ་ཡང་བ་འཇའ་སྤྲིན་འཐིབ་པ་སོགས་ཡོན་ཏན་དུ་མངའ།   ཉི་མ་ཤར་བ་དང་སྐུ་འཁྲུངས་མཚན་ཉི་མ་རྒྱལ་མཚན་ཞང་བོད་མ་སླབ་པར་འབྲི་ཀློག་མཁྱེན།   དབེན་ས་ཁར་ཁུ་བོའི་དྲུང་དུ་སློབ་སྦྱོང་མཛད་ཡབ་མྱེས་ཀྱི་ཁྲོ་ཕུར་རྣམས་ལ་འགྲེལ་བཤད་མཛད།   གསུམ་པ་ནི།   རྗེ་བཙུན་བྱང་པས་མཁན་པོ།   བྲུ་རྗེ་སློབ་དཔོན་མཛད་དེ་རབ་ཏུ་བྱུང་།   འདུལ་བ་མ་ལུས་ཐུགས་ལ་མངའ་དེ་ནས་བླ་མ་རྨ་སྟོན་སྲིད་འཛིན་ལ་གྱེར་གྱིས་གནང་བའི་ཤོག་སེར་ཁ་བྱང་ལུང་བསྟན་བྱུང་བ་རྣམས་དབེན་ས་ཁར་བླ་མ་གདན་དྲངས་ནས་ཞུས་ཏེ།   རྒྱུད་བསེན་ཐུབ།   གཡུང་དྲུང་ལས་རྣམ་དག   ཁྲི་སྐོས་བསྙེན་སྒྲུབ་ཉེར་བདུན་ཚང་བ།   ཆ་ལག་མཆོང་དགུལས་ཁ་མདེལ་ཐུང་སོགས།   སྙན་བརྒྱུད་ཨ་གསལ་སྐོར་བཅས་དབང་ལུང་དཔེ་བཤད་རྗེས་གནང་བཅས་པ་ཞུས་ཏེ་ར་རྒྱས་སྤེལ།   འཚོང་པ་སྤྲིན་འཐིབ་པ་ལྟ་བུ་ལ་བོན་གྱི་འཁོར་ལོ་བསྐོར།   གཞན་ཡང་ཀུན་བཟང་ཆེན་པོ་བྲུ་ཆེན་གྱིས་རྟེན་དུ་བཞིངས་སྐུ་གདུང་ཆེན་མོ་བྲུ་རྗེའི་རྟེན་དུ་བཞིངས།   གསུང་རྟེན་དེ་ཡན་་གྱི་མདོ་འབུམ་རྒྱུད་ལུང་འབྲལ་པ་རྣམས་དང་།   བླ་མ་གོང་མའི་འགྲེལ་ཌཀྐི་ཐམས་ཅད་བཞིངས།   དབུ་རྩེ་ཁྲོ་མོ་ཁྲོན་ལ་སོགས་བཞི་ནས་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དོ།   དེ་ནས་དགུང་ལོ་བརྒྱད་ཅུ་ལ་སྒྲ་འོད་དང་རིག་འཛིན་གྱིས་བསུ་བ་བཅས་ཏེ་མཁའ་སྤྱོད་བདེ་བ་ཆེན་པོར་གཤེགས་སོ།   བླ་མ་དེའི་ཐུགས་སྲས་དམ་པ་མེ་གཉོས་གནིས་ཡིན།   གཞན་ཡང་བདེ་སྟོད་སྨད་མདོ་ཁམས་སོགས་ནས་བུ་སློབ་གནམ་གྱི་སྐར་མ་ཙམ་བྱུང་ངོ་།   བྲུ་ཉི་རྒྱལ་གྱི་སྲས་བྲུ་སྟོན་ནམ་མཁའ་རྒྱལ་མཚན་ལགས་ཏེ་དེའི་ཡུམ་ནི་རྫེའུ་འགུར་མོ་བོན་གནས་པ་ལྔ་སྟེ་དེ་ཡང་རང་བཞིན་དལ་ཞིང་རྒྱུད་དུལ་བ་ངང་རིང་ཁོང་ལ་མཚན་དང་ལྡན་པ་དད་པ་ཆེ་བ་ཞིག་ལ་འཁྲུངས་སོ།   ལུང་ལས་མི་རྒྱལ་ཁྲི་པའི་སྤྲུལ་པ།    བྲུ་ཡི་གདུང་ལ་ནམ་མཁའི་མཚན།   མི་རྒྱལ་བརྒྱུད་མའི་མཚན་རྟགས་ཅན།  སྦས་པའི་ཚུལ་གྱིས་འགྲོ་དོན་མཛད།   འདི་དབང་ཆུ་ལ་གང་འཐུང་བ།   སྐྱེ་བ་དེ་ལ་མངོན་སངས་རྒྱ།   ཞེས་གྲགས།   སྨྲ་བའི་སེང་གེ་གཉིས་ལ་ཐུགས་སྦྱོང་མཛད།   མཚན་ཉིད་མཛོད་སོགས་ལ་བཤད་ཉན་མཛད།   བླ་མ་མེ་གཉོས་གཉིས་བཏེགས་ཏེ་བཀའ་བཤད་ཀྱི་སྲོལ་ཆེན་བཏོད།   གཉོས་འདས་ནས་བདུད་རྩི་རྒྱལ་མཚན་བཏེགས།གནས་གཞི་དང་བུ་སློབ་རྣམས་ཚུལ་བཞིན་བསྐྱངས།   རྟེན་གསུམ་དང་བླ་མ་རྣམས་ཀྱི་ཞབས་ཏོག་རྒྱ་ཆེན་མཛད་དོ།   འོལ་མོ་ལུང་རིང་དུ་འཇའ་འོད་མེ་ཏོག་གི་ཆར་བཅས་སྐུ་གཤེགས་སོ།།
     བླ་མ་དེའི་སྲས་བྲུ་དར་མ་དང་ལྷ་ཡི་གཡུང་དྲུང་གཉིས།   བསོད་རྒྱལ་དང་ཡོན་ཏན་རྒྱ་གཉིས་ཏེ་བཞི་ཡོད།   བྲུ་དར་མ་མཆེད་གཉིས་ཀྱི་ཡུམ་ནི་ད་རོག་བཟའ་ཡིན་ཏེ།   དར་མ་དེ་ནི་ཆུང་ནས་མཚན་དཔལ་ལྡན་ཅིང་།   འགྲོ་མགོན་བདུད་རྩི་ལ་རབ་བྱུང་ཐུགས་སྦྱོང་མཛད།    གདན་ས་བསྐྱངས་རིང་སྐུ་གསུང་ཐུགས་རྟེན་བཞིངས་པ་སོགས་དགེ་རྩ་རྒྱ་ཆེན་དང་།   བཤད་ཉན་གྱི་སྲོལ་བསྐྱངས།   བུ་སློབ་མང་དུ་ཚར་ཞིང་མཆོག་ཏུ་གྱུར་པར་གཤེན་སྟོན་བློ་གྲོས་རྒྱལ་མཚན་ཡིན།   རབ་བྱུང་གི་མཁན་པོ་ཁོང་ལགས།  དགུང་ལོ་ང་ལྔ་ལ་བྱང་སྔ་ཚ་དགོན་པར་འཇའ་འོད་ཀྱི་ལྟས་བཅས་གཤེགས་སོ།   ལྷ་ཡི་གཡུང་དྲུང་ནི་གསང་སྔགས་ལ་མཁས་པར་གྱུར་ཀྱང་སྐུ་གཞོན་པར་འདས།   ཆུང་བ་གཉིས་ནི་ཡུལ་རྗེ་མོ་ལྷ་འོད་ཅེས་པར་འཁྲུངས།   ཡོན་རྒྱལ་ནི་སྦས་པའི་རྣལ་འབྱོར་ཆེན་པོ་སྐུ་ཚེ་དེ་ཉིད་ལས་སངས་རྒྱས་ཅེས་སོ།    བསོད་རྒྱལ་ནི་ཡབ་མེས་ཀྱི་བཀའ་རྒྱུད་ཀུན་ལ་སྒྲོ་འདོགས་བཅད་ནས་བཤད་ཉན་མཛད།   རྟེན་གསུམ་རྣམས་ཀྱི་ཞབས་ཏོག་མང་དུ་བསྒྲུབ།   སྤྲུལ་སྐུ་བློ་གྲོས་རྒྱལ་མཚན་བཏེགས་ནས་གཡུང་དྲུང་བོན་གྱི་བསྟན་པ་ནམ་ལངས་ཉི་མ་ཤར་བ་ལྟར་མཛད།   མེ་སྟོན་ཞི་བ་ངང་ལྡན་ཡང་བཏེགས་ནས་མཉེས་པར་མཛད།   གསུང་རབ་མང་དུ་བཞེངས་ནས་གདན་ས་ལ་བཀའ་དྲིན་ཆེ།   དགུང་ལོ(52)བདེ་བར་གཤེགས་སོ།   བྲུ་འདུལ་བས་ཡབ་ཡོན་ཏན་རྒྱལ་མཚན་ལགས་བླ་མ་ཁང་སར་བ་གྲགས་པ་རྒྱལ་མཚན་ལ་བྱང་སེམས་གབ་པ་གསན།   འགྲོ་མགོན་བློ་གྲོས་ལ་གཏེར་ཁ་བཅོ་ལྔའི་བོན་རྣམས་དང་སྙན་རྒྱུད་ཐུགས་བཅུད་མ་ལུས་གསང་སྔགས་ཕྱི་ནང་གསང་གསུམ་གྱི་དབང་བྱིན་ཐམས་ཅད་བཅས་ཞུས།
     གཞན་ཡང་རྨ་ལྷ་རྒོད།   གུ་རུ་རྣོན་རྩེ།   དཔོན་གསས་ཧེ་རུ་ཀམེ་ཞི་བ་ངང་ལྡན།   བྲུ་ནམ་མཁའ་ཤེས་རབ་རྣམས་ལ་བཀའ་ལུང་མན་ངག་ཟབ་ཁྲིད་བཅས་ཞུས།ས་ཕག་ལ་འཁྲུངས་ནས་ཞེེ་དགུ་མེ་ཕག་ལོར་ལྷོ་བྲག་ཏུ་གཤེགས།   རྒྱལ་བ་བླ་ཆེན་གྱིས་སྟག་ལ་མེ་འབར་སྤྲུལ་པ་ལ་བྲུ་ཤ་རྒྱལ་བ་གཡུང་དྲུང་ཞེས།  ཚུལ་ལྡན་ཞི་དལ་ཤ་མདངས་དཀར།  ལུས་ལ་གཡུང་དྲུང་སྟག་རིས་གསལ།ཞེས་དང་།  ཡང་གཡས་སུ་དག་པའི་ཞལ་ནས།   བྲུ་ཤ་རྒྱལ་བ་གཡུང་དྲུང་ཞེས་བྱ་འབྱུང་།   འབུམ་ཕྲགབདུན་ཅུ་ཐར་པར་འདྲེན།  ཞེས་སོ། ཡབ་ནི་བྲུ་བསོད་ནམས་རྒྱལ་མཚན་ལགས།  སྐུ་མཆེད་དྲུག་གི་ལྔ་པ་སྟེ།  ཆེ་བ་ནམ་མཁའ་གཡུང་དྲུང་།   དེ་འོག་ནམ་མཁའ་ཤེས་རབ།   དེ་འོག་ཉི་མ།   དེ་འོག་གྲུབ་པ།   དེ་འོག་བླ་མ་ཉིད།   ཆུང་བ་དངོས་གྲུབ་བྱ་བའོ།  བླ་མ་རྒྱལ་བ་ནི་དགུང་ལོ་བཞི་ལ་ཡི་གེ་རྣམས་མཁྱེན།   བརྒྱད་ལ་མཛོད་ལ་གཟིགས།   བཅུ་ལ་དྲང་སྲོང་བསྒྲུབ།   དེ་ནས་ཁྲོ་ཕུ་རུ་དབུ་ཚད་སྦྱངས།   གདན་སར་བཀའ་བཤད་བསྐྱངས།   བླ་མ་འདུལ་བའི་ཕྱག་ཕྱིར་རི་ཁྲོད་རྣམས་སུ་བྱོན།   དེ་ནས་གདན་ས་བསྐྱངས་ཏེ་སྨིན་གྲོལ་རྒྱ་ཆེན་པོ་མཛད།   རྟེན་གསུམ་རྒྱ་ཆེན་བཞེངས།   གཞན་ཡང་བླ་མ་མཁན་པོ་གཤེན།   དཔོན་གསས་ནམ་མཁའ་བསོད་ནམས།   ལུང་སྟོན་རྒྱལ་བ།   སྤྲུལ་སྐུ་རྐྱང་འཕགས།   བླ་མ་ཡ་ངལ་བ་བཅས་ལས་ཁྲིད་སྙན་རྫོགས་གསུམ་སོགས་རྣམས་ཞུས།    རྟོགས་ལྡན་དད་ཤེས་སོགས་བུ་སློབ་ཕྱོགས་བཅུར་ཁྱབ།   སླར་མཁས་གྲུབ་ནམ་འོད་ལ་གདན་ས་གནང་།   འཁོར་སྤངས་དགོངས་པར་བཞུགས།   ཆུ་ཕོ་སྟག་ལ་འཁྲུངས་ནས་ལྕགས་སྟག་ལ་གཤེགས་སོ།   མཁས་གྲུབ་ནམ་མཁའ་འོད་ཟེར་ཞེས་ལྔ་བརྒྱའི་སྐྱེས་གཅིག་རྩོད་དུས་ཀྱི་སྟོན་པ་བཀའ་རྒྱུད་ཀྱི་སྲོག་ཤིང་བསྟན་པའི་མངའ་བདག་རྐང་གཉིས་ཀྱི་དམ་པར་གྱུར་པ་མཁས་གྲུབ་ནམ་མཁའ་འོད་ཟེར་ཞེས་མཚན་ཐོས་པ་ཙམ་གྱིས་འཁོར་བའི་འཆིང་བ་མཐའ་དག་སྐྱོབས་ནུས་པའི་མཉམ་མེད་སེམས་དཔའ་ཆེན་པོ་དེ་ཡི་རྣམ་ཐར་ཟུར་ཙམ།   སྐུ་བལྟམས་མ་ཐག་མེ་ཡེ་ཤེས་རྒྱལ་མཚན་གྱིས་བསྲུང་བ་དབང་བར་མཛད།   འདུལ་བ་ལ་དབང་གཞི་རྫོགས་པར་ཞུས།  རབ་ཏུ་བྱུང་།   སྒོ་བཞི་མཛོད་ལྔ།   ཐེག་པ་རིམ་དགུ    གཤེན་གྱེར་སོགས་གཏེར་ཁའི་བོན་རྣམས།བཀའ་གཏེར་རྒྱ་ཞང་གི་བོན་རྣམས་ཀྱི་བཀའ་བཤད་དབང་ལུང་མ་ལུས་པ་གཅེན་པོའི་དྲུང་དུ་ཞུས།  མེ་སྟོན་བསྟན་པ།   བླ་མ་དར་མ།   དཔོན་གསས་ནམ་མཁའ་བསོད་ནམས་བཅས་ལ་དབང་ལུང་ལག་ལེན་ཞུས།   ལྷ་སྲིན་སྡེ་བརྒྱད་གདོན་ནད་བཅས་བཀའ་བཙན་འོད་གསལ་གྱི་སྣང་བ་རྒྱུན་ཆད་མེད།  ཉམས་རྟོགས་མངོན་དུ་གྱུར།   རྫུ་འཕྲུལ་གྱིས་རི་རབ་གླིང་བཞི་བསྐོར།    དེ་ནས་མཉམ་མེད་རྒྱལ་བའི་བཀའ་དྲིན་བསབ་ཕྱིར།   སྐུ་རྟེན་གསེར་གྱི་བསྟན་གཙོ།    ཐུགས་རྟེན་དུ་གསས་ཁང་ཟོ་བོ་ཁྱུང་ལག་གི་ཚུལ་དུ་མཁའ་ལྟར་བཞེངས།   ནང་དུ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གསེར་གྱིས་བཞེངས།    གྲུབ་མཐའི་སྲོལ་འཛིན་གདན་སའི་བྱ་བ་སོགས་རྒྱ་ཆེན་པོ་མཛད་དེ་ཤིང་མོ་སྦྲུལ་ལ་སྐུ་འཁྲུངས་ནས་བདུན་བཞི་ས་རྟ་ལོར་གཤེགས།   ཞལ་སློབ་མཐའ་བྲལ་བསོད་རྒྱལ་དང་།    མཚུངས་མེད་བསོད་བློ་གཉིས་ཐུགས་སྲས་མཆོདད་གྱུར་ཏེ།   སྒོམ་བསྟན་པ་རྒྱལ་མཚན།   དབྲ་རིན་ཆེན་རྒྱལ་མཚན་སོགས་མང་དུ་ཚར་རོ།   རིག་འཛིན་མཁའ་འགྲོའི་བསུ་བ་དང་བཅས་འཇའ་འོད་དུ་གཤེགས། སྐུ་གདུང་ཀྱང་ལོ་བརྒྱད་པ་ཙམ་གྱུར།   གདུང་རུས་ལ་དུང་གཡས་འཁྱིལ་གཅིག་དང་།   རིང་སྲེལ་མང་དུ་བྱོན།    སྲིད་ན་འཁྲུངས་དཀའ་ཨུ་དཔལ་ལྟར་མཐའ་བྲལ་བསོད་ནམས་རྒྱལ་མཚན་ནི།   ཁ་བྱང་ལས།   སྟོང་རྒྱུང་ཐུགས་ཀྱི་སྤྲུལ་པ་ལ།    བྲུ་སྟོན་བསོད་ནམས་རྒྱལ་མཚན་ཞེས།   མཚན་ལྡན་སྤྲུལ་པའི་མཚན་རྟགས་ཅན།འགྲོ་བ་སེམས་ཅན་དེ་ཡིས་འདྲེན།   བསམ་དུ་མེད་པར་མངོན་འཚང་རྒྱ།   དེ་ཡང་ཡབ་བྲུ་སྟོན་འདུལ་བ་གཡུང་དྲུང་དང་།   ཡུམ་ཀུན་སྣང་བཟའ་སྲས་མོ་བསོད་ནམས་རྒྱན་གཉིས་ལས་བཀྲ་ཤིས་པར་འཁྲུངས།   དེ་དུས་རྟོགས་ལྡན་ནམ་འོད་ཀྱིས་དབང་སྐྱོབ་མཛད།    མཉམ་མེད་རྒྱལ་བ་སྐུ་མཆེད་ཀྱིས་མཁན་སློབ་མཛད་ནས་རབ་བྱུང་།   གཏེར་ཁ་བཅོ་ལྔ་ནས་སྤྱན་དྲངས་བོན་ཀུན་ཐུགས་སུ་ཆུད།   གསང་སྔགས་ཕྱི་ནང་གསང་གསུམ་གྱི་དབང་རྣམས་རྫོགས་པར་ཐོབ།    གཏེར་སྟོན་གཡུང་དྲུང་གླིང་པའི་བོན་བདག་ཏུ་གྱུར།   གདན་ས་ལ་བཞུགས།   བླ་བྲང་ཞིག་གསོ་མཛད།    འཕྲིན་ལས་བསམ་མཐའ་ཡས་པའི་གདན་ས་འཛིན་སྐྱོང་སྤེལ་གསུམ་གནང་མཁར་སྣར་ལོ་བཞི་བཞུགས་ཁྲི་གདམས་གནང་རྟོགས་ལྡན་གྲངས་སུ་ཚར།    འབྲུག་ལོར་འཁྲུངས་ཏེ་ཁྱི་ལོར་ཁམས་རྩི་ཆུའི་འགྲམ་དུ་གཤེགས་སོ།།
       འཇའ་ཚོན་གྱི་ཀ་བ་ཟུག་པ་སོགས་ངོ་མཚར་ཆེ་བ་མང་དུ་བྱུང་།   ཤ་རི་རམ་དུང་དཀར་རིང་སྲེལ་བཅས་མང་བྱོན།    མཚུངས་མེད་བསོད་ནམས་བློ་གྲོས་ཞེས་བྱ་བ།   དུས་མཐའི་སྒྲོན་མེ་འཛམ་གླིང་གི་རྒྱན་གཅིག    སྐྱེས་ཆེན་དེའི་རྣམ་ཐར་ལ།    གཏེར་བྱང་ལས།    སྟོང་རྒྱུང་ཐུགས་སྤྲུལ་གཡུང་དོན་གསལ་ལས།    ལྷ་རི་གནས་ཀྱི་བྱང་གི་ཕྱོགས།ཤ་མེད་གངས་དཀར་ལྷོ་ཡི་ཕྱོགས།    རི་བོ་ཆེ་ཡི་ཤར་གྱི་ཕྱོགས།   རྡོར་ལེགས་གནས་ཀྱི་ནུབ་ཀྱི་ཕྱོགས།    ཕུན་ཕྱོགས་ཁམས་ལུང་གྲོང་ཁྱེར་དུ།    ཡབ་ནི་འཛམ་ལྷས་བྱིན་རླབས་པ།    ནམ་མཁའི་མཚན་ཅན་ཞེ་སྡང་ཆེ།ཡུམ་ནི་གཙང་མཛེས་བྲམ་ཟེའི་རིགས།    ཅེས་བྱས་མཛེས་པ་ཌཀྐིའི་མཚན།    ཁོད་སྤུངས་ཐུགས་ཀྱི་སྤྲུལ་པ་ལ།    བྱི་བ་གླང་སྟག་ཕག་གི་ལོ།    ཤེ་ཙུ་ས་ཏྲིག་ཅེས་པ་འབྱུང་།    སྐྱེས་བུ་དེ་དང་གང་མཇལ་བ།    སྔོན་ནས་བསོད་ནམས་བསགས་པ་ཡིན།    ཁྱི་ར་བ་དང་ཉ་པ་ཡང་།   མངོན་འཚང་རྒྱ་བ་ཐེ་ཚོམ་མེད།   ཞེས་སོགས་ཡབ་བྲུ་ནམ་མཁའ་གཡུང་དྲུང་ཡུམ་ས་སྐྱ་བཟའ་མཁའ་འགྲོ་རྒྱན་གཉིས་ལས་སྐུ་མཆེད་གསུམ་གྱི་བར་པར་འཁྲུངས་མེ་ཡེ་ཤེས་རྒྱལ་མཚན་གྱིས་བྱིན་གྱིས་བརླབས།  དགུང་ལོ(9)ལ་མཉམ་མེད་རྒྱལ་བ་རིན་པོ་ཆེ་དང་རྟོགས་ལྡན་ནམ་འོད་གཉིས་ཀྱི་དྲུང་དུ་རབ་ཏུ་བྱུང་མཛད།   ལོ(10)ལ་འདུལ་བའི་གཞུང་ཆེན་བཤད་ཉན་མཛད།   བཅུ་གཅིག་ལ་རྒྱུད་གསང་བ་བསེན་ཐུབ་བཅུ་གཉིས་ལ་ཁྲོ་བོའི་འགྲེལ་ཆེན།   བཅུ་གསུམ་ལ་འབུམ་སྡེ།   བཅུ་བཞི་ལ་བྱང་སེམས་གབ་པ།   བཅོ་ལྔ་ལ་རྒྱུད་ཏིང་མུར་གཡུ་རྩེ་བཅས་ལ་བཤད་ཉན་སྤེལ།   ཤིན་ཏུ་རྒྱ་ཆེ་མཛད།    བཅུ་དྲུག་ལ་ཕར་ཕྱིན་མངོན་པ་དབུ་ཚད་ལ་སྦྱངས།    དེ་འོག་འཆད་ཉན་ཤིན་ཏུ་རྒྱ་ཆེ་མཛད།    མདོ་སྨད་པོམ་ར་སོགས་དང་སྟོད་གངས་རི་མཚོ་གསུམ་སོགས་ཀུན་ཏུ་གདུལ་བྱ་འཕྲིན་ལས་བུ་སློབ་བསམ་མཐའ་ཡས་པ་བྱུང་།   དགུང་ལོ(45)ལ་མཁར་སྣ་རུ་བཞུགས་ཏེ་བཀའ་འཁོར་བསྐོར།   མདོར་ན་སྟོད་བྱ་རི་གཙུག་ལྡན་མན་ཆད།   སྨད་རྒྱ་མོ་ཆུ་ལ་དར་ཐག་ཡན།   བྱང་རི་རྐྱང་ཤ་མཐའ་ཚུན།     ལྷོ་སྤ་གྲོ་སྐུ་འབུམ་ཚུན།   རུ་བཞི་བོད་ཡུལ།   སྟོད་མངའ་རིས་སྐོར་གསུམ།   སྨད་མདོ་ཁམས་སྒང་དྲུག   རྒྱ་འཇང་ཧོར་གསུམ།   གློ་མི་སྤུ་བོ་དྭགས་སྐོང་ཡན་གྱི་བུ་སློབ་བསམ་གྱིས་མི་ཁྱབ་ཅིང་བོན་གྱི་བསྟན་པ་ནམ་ལངས་པ་བཞིན་མཛད།   སྦྲུལ་ལོར་སྐུ་གཤེགས།   མཉམ་གཞག་སྐྱིལ་ཀྲུང་ངང་ནས་གཤེགས་ཏེ་གདུང་རུས་ལ་ཡི་གེ་ཨ་དཀར་ཧེ་རམ་ཤ་རི་རམ་སོགས་མང་དུ་བྱོན་པའོ།   མཁས་གྲུབ་ནམ་མཁའ་བསོད་ནམས་ནི།  རྐྱང་འཕགས་དར་སར་དང་།   ལྡི་མིག་ལས།   སུམ་པ་སྦུ་གའི་སྤྲུལ་པ་སྟེ།   བྲུ་ལ་དཔལ་སྐྱེས་མཚན་ཅན་འབྱུང་།   མཐུ་སྔགས་བསྐྱེད་རྫོགས་མངའ་བདག་སྟེ།   འབུམ་ཚོ་བཅུ་གཉིས་ཐར་པར་འདྲེན།   ཡབ་འཛམ་ལྷས་བྱིན་རླབས་ནམ་མཁའ་གཡུང་དྲུང་ཡུམ་མཁའ་འགྲོ་རྒྱན་གྱི་སྲས་གསུམ་གྱི་ཆུང་བའོ།   ཆུང་དུས་སློབ་དཔོན་དཔལ་སྐྱེས་ཟེར།   མཉམ་མེད་རྒྱལ་བ་སྐུ་མཆེད་ཀྱི་དྲུང་དུ་རབ་ཏུ་བྱུང་།   གཅེན་པོའི་དྲུང་དུ་ཕྱི་མཚན་ཉིད་གསང་བ་ཐེག་པ་ཆེན་པོ་སྤང་སྒྱུར་གྲོལ་གསུམ།   གབ་མཛོད་ས་གསུམ་ལ་སོགས་ཀུན་ནན་ཏན་ཕྱག་ལེན་དམར་ཁྲིད་མཛད།   བླ་བྲང་དུ་ལོ་བཅུ་གསུམ་བཞུགས།   མདོ་ཁམས་སྟོད་སྨད་ཀུན་ཏུ་གདུལ་སྐྱོང་བསྟན་སྤེལ་དུ་བྱོན།   དེ་རྗེས་མཁར་སྣར་ལོ(5)བཞུགས་དབྱར་ཁྲིད་དགུན་ཁྲིད་སོགས་བཀའ་འཁོར་བསྐོར།རྟ་ལོ་ལ་འཁྲུངས་ཏེ་དགུང་ལོ(66)ཕག་ལོར་གཤེགས།སྒྲ་དང་འོད་ཀྱིས་བསྐོར་བ་སོགས་རྟགས་མང་དུ་བྱུང་།    སྐུ་གསུང་ཐུགས་རྟེན་ཚད་ལྡན་བཞིན་ཏེ་འགྲོ་དོན་རྒྱ་ལག་བྱེད་པའོ།    མཚན་ལྡན་རྣམ་རྒྱལ་ཀ་ར་དང་ནི།    ཡབ་བྲུ་ཤ་འོད་ཟེར་རྒྱལ་མཚན་དང་ཡུམ་བོ་དོ་བཟའ་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས།    ཆུང་ནས་བློ་རྩལ་རིག་སྟོབས་ཆེ།   དགུང་ལོ(10)བཞེས་དུས་ཁུ་བོ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་ཐོས་བསམ་སྦྱངས།    མཚུངས་མེད་བསོད་བློ་ལས་གནས་ལུགས་ངོ་སྤྲད།    ཨ་ཁྲིད་སྙན་རྒྱུད་རྫོགས་ཆེན་སོགས་ཉམས་རྒྱུད་མན་ངག་བཅས་ཞུས།    གཡས་རུ་མཁར་སྣ་དང་བཀྲ་ཤིས་རྩེ་བྲག་རྣམས་སུ་ཉམས་ལེན་མཛད།    དོན་རྟོགས་བོན་འཁོར་བསྐོར།    གདན་ས་ལོ་བདུན་བཟུང་། དབུ་རྩེ་དཀར་པོ་ལ་གསེར་འཕྲུ་བཀྲ་ཤིས་འོད་འབར་དང་དབུ་རྩེ་དམར་པོའི་ནང་གསེར་ཁམས་ཡིད་བཞིན་ནོར་བུ་དང་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གསེར་གྲུབ་བརྒྱད་བཞེངས།    དགུང་ལོ(56)མྱ་ངན་འདས་སོ།    རྒྱལ་ཚབ་རིན་རྒྱལ་སློབ་མ་བྲུ་ནམ་མཁའ་རིན་ཆེན་དེ་སློབ་བྲུ་གཡུང་དྲུང་ནམ་མཁའ་མཉམ་མེད་བྲུ་ཤེས་རབ་སེང་གེ་བཅས་སོ།    དགེའོ།། །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1