ཉིན་དེར། ཚོང་དཔོན་བློ་གྲོས་དཔལ་བཟང་ནི་སྔར་ལྟར་ཤིན་ཏུ་དགྱེས་འདུག
ཁོ་རང་སྤྲོ་སྣང་གིས་མདུན་ལ་དྲུད། བྲེལ་འཚུབ་ཀྱིས་རྒྱབ་ནས་དེད་དེ། སླར་ཡང་མཁའ་ལྡིང་བཤད་སྒྲུབ་དར་རྒྱས་གླིང་ལ་བསླེབས།
བློ་གྲོས་དཔལ་བཟང་གིས་རླངས་འཁོར་བསྐྱུར་ཏེ་རྐང་ལམ་ལ་ཞུགས་སྐབས། གྲྭ་པ་ལ་ལས“ཁྱོད་རང་སླེབས་བྱུང་ངམ”ཟེར་བཞིན་འཛུམ་མདངས་རེ་བསྟན་ན། ཁོས་ཀྱང་གདོང་ལ་འཛུམ་མདངས་སྐད་ཅིག་མ་རེ་བསྡུས་ནས་དེ་ལྟར་ཡིན་པའི་བརྡ་སྟོན་བཞིན་ཡོད་མོད། ངག་ནས་ཚིག་གཅིག་ཀྱང་མ་ཕྱུང་།
སྔོན་མ་སྔོན་མའི་དུས་སུ། ཚོང་དཔོན་བློ་གྲོས་དཔལ་བཟང་ནི་མཁའ་ལྡིང་དགོན་ལ་སླེབས་སྐབས། ནམ་རྒྱུན་ཚུལ་ཁྲིམས་རྒྱ་མཚོའི་གྲྭ་ཤག་རྔམ་བརྗིད་ཅན་དེ་མཐོང་ཡོང་བ་དང་། གྲྭ་ཤག་མཐོང་མ་ཐག་དེ་ལ་འགྲོ་འདོད་ཀྱི་འདུན་པ་ཧ་ཅང་རྒོད་མོད། ཁོས་མགོན་ཁང་ནས་ལྷ་བསང་བཏང་སྟེ་ཆོས་སྐྱོང་སྲུང་མར་སྐྱབས་འཇུག་ཞུས་རྗེས། མཁའ་ལྡིང་བླ་བྲང་ལ་འགྲོ་བ་དང་། དེ་གར་དུས་ཡུན་ཐུང་ངུར་བསྡད་རྗེས་རང་ཚུགས་བཟུང་སྟེ་རང་གི་ཁྱིམ་ལ་ལོག་བཞིན་ཡོད། འོན་ཀྱང་ཉིན་དེར། བློ་གྲོས་དཔལ་བཟང་གིས་རང་ཚུགས་དང་རང་རློམ་ཡོངས་སུ་སྤངས་ཤིང་། རང་ཉིད་དང་གཉེན་ཉེ་ཀུན་གྱི་གསོག་དངུལ་ཐམས་ཅད་བཟུང་སྟེ། ཚུལ་ཁྲིམས་རྒྱ་མཚོའི་གྲྭ་ཤག་རྔམ་བརྗིད་ཅན་དེའི་ཕྱོགས་སུ་འགྲོ་སྐབས། དགོན་པའི་འདུ་ཁང་དང་མགོན་ཁང་། མཁའ་ལྡིང་བླ་བྲང་ནི་གཏན་ནས་མི་མཐོང་།
བློ་གྲོས་དཔལ་བཟང་ལ་འགྱུར་ལྡོག་འདི་འདྲ་འབྱུང་དོན་ཅི་ཡིན་ནམ།
སྔོན་ཆད། ཚུལ་ཁྲིམས་རྒྱ་མཚོ་ནི་གསེར་གཞུང་ཆོས་ཀྱི་ཞིང་ཁམས་ཀྱི་གྲྭ་བཙུན་དཀྱུས་མ་ཞིག་ཡིན་པས། ཡུལ་གྲུ་འདི་གར་ཁོ་ལ་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་མོད། འོན་ཏེ་བཙུན་པ་དེས་བུན་ཚོང་གཉེར་བ་དང་བསྟུན་ནས་བདག་གཞན་གཉིས་ཀའི་འབྱོར་བ་ཆེས་ཆེར་རྒྱས་པ་ན། གསེར་གཞུང་གི་ཡུལ་མི་རྣམས་ཀྱི་ཁ་ཚུལ་ཁྲིམས་རྒྱ་མཚོ་དང་རྣ་ཚུལ་ཁྲིམས་རྒྱ་མཚོར་གྱུར་པ་མ་ཟད། ཡིད་ཀྱང་ཚུལ་ཁྲིམས་རྒྱ་མཚོར་གཏད་སོང་། སྐབས་ཤིག་ལ། གྲྭ་བཙུན་ཞིག་གིས་ཚུལ་ཁྲིམས་རྒྱ་མཚོའི་མཆོད་ཁང་གི་ཛམ་བྷ་ལས་གསུང་འབྱོན་པར་བརྗོད་པ་ན། དུས་ཀྱི་འགྲོས་དང་བསྟུན་ནས། ཐོག་མར་ཚུལ་ཁྲིམས་རྒྱ་མཚོ་ནི་ཛམ་བྷ་ལའི་རྣམ་སྤྲུལ་ཡིན་པ་དང་། གསེར་གཞུང་གི་འགྲོ་བ་ཐམས་ཅད་རྒུད་པ་ཀུན་ལས་སྒྲོལ་ཆེད་ལྷ་དེ་ཉིད་མིའི་རྣམ་པར་རོལ་བ་ཡིན་པའི་གཏམ་དེ་གང་ས་ཀུན་ལ་མཆེད། དེའི་རྗེས་སུ། ཚུལ་ཁྲིམས་རྒྱ་མཚོས་བུན་ཚོང་གཉེར་མཁན་ནི་རྣམ་ཐོས་སྲས་ཡིན་པར་བརྗོད་པའི་ཟེར་སྒྲོས་ཤིག་གིས་ཀུན་གྱི་ངག་ཏུ་གནས་བཅོས་པ་ན། སེར་སྐྱ་མང་པོས་གཅིག་གིས་གཅིག་ལ་འགྲན་ཏེ། རང་གི་གསོག་དངུལ་དང་བསྐྱིས་དངུལ་ཐམས་ཅད་ཚུལ་ཁྲིམས་རྒྱ་མཚོར་ཕུལ་ནས་བུན་ཚོང་གཉེར་མགོ་བརྩམས། སྐབས་དེར། ཚོང་དཔོན་བློ་གྲོས་དཔལ་བཟང་གི་སེམས་སུ་ད་དུང་དོགས་གཞི་ཅུང་ཟད་ལུས་ཡོད་པས། རང་ཚུགས་བཟུང་སྟེ་བུན་ཚོང་གཉེར་བའི་མཐའ་འབྲས་ལ་བསྒུགས་ནས་བསྡད།
དེ་དུས། ཚོང་དཔོན་བློ་གྲོས་དཔལ་བཟང་དང་བཙུན་པ་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀ་གསེར་གཞུང་གྲོང་བརྡལ་དུ་སྟེས་དབང་གིས་འཕྲད་སྐབས། ཚུལ་ཁྲིམས་རྒྱ་མཚོས་བློ་གྲོས་དཔལ་བཟང་ལ་འཛུམ་དམུལ་དམུལ་གྱིས་བལྟས་པ་ན། ཚོང་དཔོན་ལ་དོགས་མི་བདེ་བ་དང་རང་རློམ་ཉམས་བཞིན་ཡོད་པའི་ཚོར་སྣང་བྱུང་མོད། ཁོས་རང་ཉིད་ནི་གསེར་གཞུང་གི་ཚོང་དཔོན་གཅིག་པུ་ཡིན་པས། སླ་མོར་གཞན་དབང་དུ་གྱུར་ན་མི་ལེགས་པར་སྙམ་སྟེ། བཙུན་པར་འཛུམ་མདངས་སྟབས་བདེ་ཞིག་གིས་བརྡ་ལན་བྱིན་རྗེས། མྱུར་མོར་རང་ཉིད་འགྲོ་སའི་གནས་སུ་སོང་བ་ཡིན། ཉིན་མོ་དཀྱུས་མ་ཞིག་ལ། བློ་གྲོས་དཔལ་བཟང་གིས་རང་གི་བུ་གཅིག་པུ་སྟེ་མཆོག་སྤྲུལ་མཁའ་ལྡིང་ལགས་ཀྱི་རླངས་འཁོར་གྱིས་གཞན་ལ་བརྡུངས་པའི་གཏམ་ངན་དེ་ཐོས་པས། མྱུར་མོར་སྒོར་མོ་ཁྲི་འགའ་བཟུང་སྟེ་འཕྲུལ་གེགས་བྱུང་སའི་གནས་སུ་སོང་བ་ན། སྤྲུལ་སྐུས་བཙུན་པ་ཚུལ་ཁྲིམས་རྒྱ་མཚོའི་རླངས་འཁོར་སྐད་གྲགས་ཅན་དེའི་འཕོངས་ལ་བརྡུངས་འདུག་པ་མ་ཟད། བཙུན་པའི་རླངས་འཁོར་ལ་ཆག་སྐྱོན་ཆེན་པོ་བཟོས་ཡོད་པ་མཐོང་བྱུང་། ཨ་ཁ་ཁ། ད་ནི་ཅི་བྱ། རླངས་འཁོར་འདི་འདྲ་རྫོང་དཔོན་གྱིས་ཀྱང་ཉོ་མི་ཐུབ། ད་ནི་ཅི་བྱ། ཁོ་རང་མྱུར་མོར་གསེར་གཞུང་གསོལ་ཁང་དུ་ཕྱིན་ཏེ། ལག་གི་སྒོར་མོ་རྣམས་བཙུན་པའི་མདུན་ལ་བཞག་ནས་ཡིན་ལུགས་ཀྱི་གཏམ་ཀུན་ཞིབ་ཏུ་བཤད་པ་ན། བསམ་ཡུལ་ལས་འདས་པ་ཞིག་ནི་བཙུན་པ་དེ་ཤིན་ཏུ་དགྱེས་པའི་ངང་ནས“མཆོག་སྤྲུལ་རིན་པོ་ཆེ་ལ་སྐུ་གེགས་མེད་པ་དེ་ལེགས་བྱུང”ཞེས་བཤད་རྗེས། བློ་གྲོས་རྒྱ་མཚོའི་སྒོར་མོ་རྣམས་བློ་གྲོས་རྒྱ་མཚོར་སྤྲད་རྗེས། རང་གི་ཁུག་མ་ལས་སྒོར་མོ་ཁྲི་གཅིག་བླངས་ཏེ“འདི་ནི་སྤྲུལ་སྐུ་ལགས་ཀྱི་གསོལ་ཡོན་ལ་ཕུལ་བ་ཡིན”ཞེས་བཤད་བྱུང་།
ཏག་ཏག་སྐབས་དེར། ཚོང་དཔོན་བློ་གྲོས་དཔལ་བཟང་གིས་རང་རློམ་ཆེན་པོ་དེ་སྐད་ཅིག་ཉིད་ལ་སྟོར་སོང་བས། ཡུད་ཙམ་ཞིག་ལ་བཙུན་པའི་གདོང་ལ་ཅེར་ཏེ་བློང་བློང་བོར་སྡོད་དགོས་བྱུང་།
“ང་ལ་ཡོད་པ་ནི་སྒོར་མོ་ཡིན། ངས་བུན་ཚོང་གཉེར་སྐབས་གཞན་ཕན་གྱི་ལས་ཁོ་ནར་དམིགས་བཞིན་ཡོད། རྗེས་སུ་ཁྱོད་ཀྱི་ཚོང་ལ་མ་དངུལ་ཐད་ནས་དཀའ་ཁག་བྱུང་ན། ཐད་གར་ང་རང་འཚོལ་རོགས། གང་ལྟར་ངའི་སྒོར་མོ་དེ་དག་ནི་ཅིས་ཀྱང་དགེ་བའི་ཕྱོགས་ལ་གཏང་དགོས།”
ཉིན་དེ་ནས་བཟུང་། ཚོང་དཔོན་བློ་གྲོས་དཔལ་བཟང་ནི་བླ་འཁྱམས་པ་ལྟར་ཧད་ནས་སྡོད་དགོས་བྱུང་། ཁོ་རང་གི་མཐོང་སྣང་ལ་ནམ་རྒྱུན་བཙུན་པ་དར་མ་ཞིག་གི་སྐུ་བརྙན་ཤར། དེ་ཉིད་ཀྱི་སྐུ་ནི་ཤིན་ཏུ་རྒྱགས་པ་དང་། གང་ན་བཞུགས་ཀྱང་སྐུའི་ཆ་ཤས་ཐམས་ཅད་དུ་ཟིལ་ཤུགས་དང་གཟི་མདངས་གཉིས་ཀ་ལྷན་དུ་བསྡེབས་ནས་འོད་དུ་འཚེར་བཞིན་ཡོད།
“ཁྱོད་ལ་ཅི་ཞིག་བྱུང་སོང་། ནམ་རྒྱུན་འབག་གི་ངང་ཚུལ་བཟུང་འདུག་པ་འདི་ནི་ཅི་ཡིན་ནམ།”བློ་གྲོས་དཔལ་བཟང་གི་ཆུང་མས་དོགས་མི་བདེ་བའི་ངང་ནས་དེ་ལྟར་དྲིས།
“……”
“ཨ་རོགས། ཁྱོད་ཀྱིས་ལས་ཀ་གལ་ཆེན་ཞིག་གཉེར་གྲབས་ཡོད་དམ།”
“ང་རང་མཁའ་ལྡིང་དགོན་པར་འགྲོ་དགོས་འདུག”བློ་གྲོས་དཔལ་བཟང་གིས་རྨི་གཏམ་འཆད་བཞིན་ཡོད་པ་ལྟར་དེ་སྐད་བཤད།
བཙུན་པ་ཚུལ་ཁྲིམས་རྒྱ་མཚོའི་གྲྭ་ཤག་དེར་ཕྱི་ནས་བལྟས་ན་བླ་བྲང་ཆེན་པོ་ཞིག་དང་གཉིས་སུ་མེད་པ་དང་། ནང་རོལ་ལ་ཕྱིན་ན་གང་ས་ཀུན་ནི་གསེར་གྱིས་བརྒྱན་འདུག་པས། མགྲོན་པོ་སུ་ཞིག་ཡིན་རུང་རྒྱལ་པོ་དབང་ཐང་ཅན་གྱི་ཕོ་བྲང་ལ་སླེབས་པའི་ཚོར་སྣང་སྦྱིན་སྲིད། ཚུལ་དེ་མཐོང་བ་ན། བློ་གྲོས་དཔལ་བཟང་གིས་གོམ་ཁ་སྒྱུར་ལུགས་ཀྱང་མི་ཤེས་པར་གྱུར། ཁོས་གུས་ཉམས་ཆེན་པོ་དང་བཅས་ཛམ་བྷ་ལ་གསུང་འབྱོན་མ་དེ་བཙལ་མོད། ཐང་ག་ཀུན་གྱི་ཞལ་ཁེབས་ཕབ་འདུག་པས། ནོར་ལྷ་མཆོག་གི་སྐུའི་ཆ་ཤས་ཙམ་ཡང་མཐོང་མ་བྱུང་ལ། མིག་ལམ་ལ་མངོན་པ་ནི་བཙུན་པ་རྒྱགས་པོ་ཞིག་གི་འཛུམ་མདངས་ཕྱུག་པའི་ངོ་གདོང་རེད།
“ངས་ཁྱེད་ཀྱི་སྒོར་མོ་བསྐྱལ་ནས་ཡོང་བ་ཡིན། ངེད་ཅག་གིས་ཁྱེད་ཀྱི་དགེ་བའི་ཕྱོགས་སུ་གཏོང་བཞིན་ཡོད་པའི་སྒོར་མོ་སྤྱད་ན་མི་ལེགས།”བློ་གྲོས་དཔལ་བཟང་གིས་བརྒྱ་ཤོག་རྩེག་མ་དེ་མདུན་ཅོག་སྟེང་ལ་བཞག
“ངའི་སྒོར་མོ་ནི་སུ་ལ་བྱིན་ནའང་དགེ་བ་དོན་དུ་གཉེར་བར་གཏོགས་པས། སྒོར་མོ་འདི་དག་ཁྱོད་ཀྱིས་སྤྱད་ཆོག་ཆོག་ཡིན།”
“མིན་མིན། ངེད་ཁྱིམ་མི་རྣམས་ལ་དཔལ་འབྱོར་ཐད་དུ་དཀའ་ཁག་ཅི་ཡང་མེད།”
“ཅི་རེད། ཁྱོད་ཀྱིས་སྒོར་མོ་ཉུང་སོང་བར་འདོད་པ་ཡིན་ནམ།”ཚུལ་ཁྲིམས་རྒྱ་མཚོར་ཁོང་ཁྲོ་ལྡང་བྱུང་བ་འདྲ།
“……”
ཚུལ་ཁྲིམས་རྒྱ་མཚོས་ཤིང་སྒམ་ཞིག་ལས་སྒོར་མོ་བརྒྱ་ཤོག་བསྡམས་མ་མང་པོ་བླངས་ཏེ་བློ་གྲོས་དཔལ་བཟང་གི་མདུན་ལ་བཞག་རྗེས། ཅི་ཡང་མི་བརྗོད་པར་ཕར་སོང་སྟེ་རང་གི་འབོལ་གདན་སྟེང་དུ་བསྡད་བྱུང་ལ། བློ་གྲོས་དཔལ་བཟང་གིས་སྐབས་རེར་སྒོར་མོར་ལྟ་བ་དང་། མཚམས་རེར་བཙུན་པར་ལྟ་བ་ལས་སྐད་ཆ་ཅི་ཞིག་བཤད་དགོས་པ་མི་ཤེས།
“འདི་ན་སྒོར་མོ་འབུམ་གཉིས་ཡོད། ཁྱོད་ཀྱི་ཚོང་གི་མ་རྩ་བྱོས། གལ་སྲིད་ཚོང་རྡིབ་སོང་ན། ང་ལ་སྐྱིན་ཚབ་སྤྲོད་མི་དགོས། ང་ལ་དགེ་བ་དོན་དུ་གཉེར་བ་ལས་དམིགས་ཡུལ་གཞན་པ་ཅི་ཡང་མེད།”
བློ་གྲོས་དཔལ་བཟང་གིས་མི་རུང་བ་དང་མི་ལེགས་པའི་གནས་ལུགས་ནི་ཕྲེང་བར་བརྒྱུས་ནས་བརྗོད་ཀྱང་། ཚུལ་ཁྲིམས་རྒྱ་མཚོའི་བློ་ཁ་གཏན་ནས་སྒྱུར་མི་ནུས་པས། སྒོར་མོ་བཟུང་ནས་རང་ཁྱིམ་ལ་མི་ལོག་ཀ་མེད་བྱུང་།
རླངས་འཁོར་ལ་ཁ་ལོ་བསྒྱུར་ནས་མདུན་ལ་འགྲོ་སྐབས། བློ་གྲོས་དཔལ་བཟང་གི་སེམས་སུ་ལན་མི་རྙེད་པའི་དྲི་བ་སྣ་ཚོགས་ཀྱིས་གཅིག་གི་རྗེས་ལ་གཅིག་མཐུད་ནས་འཁྱུག་འགྲོས་བྱས། འཁྱུག་འགྲོས་ཡང་ཡང་བྱས།
ཁོ་རང་ལ་དམིགས་ཡུལ་ཅི་ཞིག་ཡོད་དམ།
ཀྱེ་མ། དངོས་འབྲེལ་ཛམ་བྷ་ལ་མི་ཡུལ་ལ་ཕེབས་པ་ཡིན་ནམ།
བུན་ཚོང་གི་ལས་ཀ་དངོས་སུ་གཉེར་མཁན་ནི་རྣམ་ཐོས་སྲས་ཡིན་ནམ། དེ་འདྲ་མིན་ན་ཁེ་སྤོགས་དེ་འདྲ་གང་ནས་བྱུང་།
……
ཉིན་འགའི་རྗེས་སུ། བློ་གྲོས་དཔལ་བཟང་གི་ཁྱིམ་ལ་མགྲོན་པོ་མང་པོ་འཛོམས་བྱུང་ལ། དེ་དག་ལས་མི་ཕལ་མོ་ཆེ་ནི་ཚོང་དཔོན་བཟའ་ཟླ་གཉིས་ཀའི་གཉེན་ཉེ་རེད། ཁོ་ཚོ་མི་རེའི་རུམ་ན་སྒོར་མོ་ཁྲི་འགའ་དང་འབུམ་རེ་གཉིས་ཡོད་པ་དང་། བློ་གྲོས་དཔལ་བཟང་གི་ཀོ་སྒམ་ནག་པོའི་ནང་ན་སྒོར་མོ་ས་ཡ་གཉིས་ཡོད་པར་བཤད། དེ་དག་ལས་མི་སུ་དང་གང་ཞིག་ཡིན་རུང་། དམིགས་ཡུལ་ནི་རང་གི་སྒོར་མོ་བཙུན་པ་ཚུལ་ཁྲིམས་རྒྱ་མཚོར་ཕུལ་ཏེ་བུན་ཚོང་གཉེར་བ་ལས་མ་འདས་ཤིང་། ཁོ་ཚོས་རང་རང་གི་བསམ་དོན་ལྷུན་གྱིས་གྲུབ་ལ་ཉེ་བར་སྙམ་པ་ན། མི་རེའི་གདོང་ལ་བདེ་སྐྱིད་དང་རྒྱལ་ཁ་ལྷན་དུ་བསྡེབས་པའི་འཛུམ་མདངས་ཐུན་མོང་མ་ཡིན་པ་རེ་འཕོས་འདུག
“བུན་ཚོང་གཉེར་ན་ཁྲིམས་ལ་འགལ་འགྲོ་བར་བཤད། གཏམ་དེ་བདེན་པ་ཡིན་ནམ།”སྐབས་ཤིག་ལ། བགྲེས་སོང་དོན་ཡོད་ཀྱིས་ཅི་ཞིག་དྲན་པ་ལྟར་དེ་སྐད་དུ་དྲིས།
“གསེར་གཞུང་གི་ལས་བྱེད་པ་མང་པོས་ཀྱང་རང་གི་སྒོར་མོ་ཚུལ་ཁྲིམས་རྒྱ་མཚོར་ཕུལ་ཏེ་བུན་ཚོང་གཉེར་བཞིན་ཡོད་པར་བཤད། ལས་བྱེད་པ་དེ་དག་གིས་ཀྱང་ཁྲིམས་མི་ཤེས་སམ།”བློ་གྲོས་དཔལ་བཟང་ལ་ཁོང་ཁྲོ་ལྡང་།
“ངའི་ཁ་འདི་ལ་ཅི་བྱུང་། བཤད་མི་དགོས་པ་ཞིག་འཆད་བཞིན་གདའ།”བགྲེས་སོང་དོན་ཡོད་ཀྱི་དཔའ་ཞུམ་སོང་།
མི་རྣམས་ཀྱིས་བགྲེས་སོང་དོན་ཡོད་ལ་སྡིགས་དམོད་བྱས་པ་དང་། བློ་གྲོས་དཔལ་བཟང་གིས་གདོང་ལ་ཁྲོ་ཉམས་བསྡུས་ཏེ་ཁ་རོག་གེར་བསྡད།
བློ་གྲོས་དཔལ་བཟང་དང་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀ་ཚོང་ཤག་ཏུ་གྱུར་པ་ནས་བཟུང་། བློ་གྲོས་དཔལ་བཟང་ནམ་རྒྱུན་ཚུལ་ཁྲིམས་རྒྱ་མཚོའི་གྲྭ་ཤག་ཏུ་འགྲོ་བཞིན་ཡོད་ལ། གྲྭ་ཤག་ཏུ་ཡང་ནས་ཡང་དུ་སོང་བ་བསྟུན་ནས། བློ་གྲོས་དཔལ་བཟང་གིས་ཚུལ་ཁྲིམས་རྒྱ་མཚོ་ནི་བུན་ཚོང་གི་ཆེད་དུ་ནམ་རྒྱུན་ཁྲིན་ཏུ་དང་ལན་གྲུ། ཟི་ལིང་དང་ལྷ་ས་སོགས་ལ་ཕེབས་བཞིན་ཡོད་པ་རྟོགས་པ་དང་། གལ་སྲིད་ཁོང་ཉིད་གྲྭ་ཤག་ཏུ་བཞུགས་འདུག་པ་དང་འཕྲད་ན། ནམ་རྒྱུན་བུན་ཚོང་གི་ཁེ་སྤོགས་ཡིན་ཟེར་ནས་སྒོར་མོ་མང་པོ་སྟེར་སྲིད་པས། བློ་གྲོས་དཔལ་བཟང་དང་བུན་ཚོང་ལ་རེ་ལྟོས་ཆེན་པོ་བཅངས་ཡོད་པའི་ཡུལ་མི་རྣམས་ལ་དགའ་སྤྲོ་ཟད་མི་ཤེས་རེ་ཡང་ཡང་སྐྱེས།
ཉིན་ཞིག་ལ། བཙུན་པ་ཚུལ་ཁྲིམས་རྒྱ་མཚོ་ལན་གྲུ་ནས་སླར་ལོག་རྗེས། གྲྭ་ཤག་གི་སྒོ་མོ་བརྟན་པོར་བརྒྱབ་སྟེ། མི་གཅིག་ལའང་སྣེ་ལེན་མི་བྱེད་པའི་སྣང་ཚུལ་བྱུང་།
ཉིན་འགའི་རྗེས། མཁའ་ལྡིང་དགོན་དུ་གཏམ་ངན་ཞིག་བྱུང་བ་དང་། གཏམ་ངན་དེས་གསེར་གཞུང་ཆོས་ཀྱི་ཞིང་ཁམས་ཤུགས་ཀྱིས་དཀྲུགས་པ་ན། ཡུལ་དེའི་གྲྭ་ས་དང་གྲོང་སྡེ་གཉིས་ཀ་ཆུ་ཁོལ་གདུས་པ་ལྟར་འཁྲུགས་བྱུང་།
ཀྱེ་མ་ཀྱི་ཧུད། མ་གཞིར་བཙུན་པ་ཚུལ་ཁྲིམས་རྒྱ་མཚོ་རང་ཤག་ཏུ་ཅི་ཡིན་འདི་ཡིན་མེད་པར་འདས་སོང་ལ། ཁོང་གི་བེམ་པོའི་འགྲམ་ལ་མེ་མདའ་ཞིག་བཞག་འདུག
ཚུལ་དེ་མཐོང་ཞིང་ཚུལ་དེ་ཐོས་པ་ན། མི་ལ་ལས་ཚུལ་ཁྲིམས་རྒྱ་མཚོས་བུན་ཚོང་གི་མ་རྩ་བརླགས་པ་ན། གཞན་ལ་ཚོང་གི་ཁེ་སྤོགས་སྟེར་མ་ནུས་ཏེ་རང་སྲོག་བཅད་པར་བརྗོད། མི་ལ་ལས་ཚུལ་ཁྲིམས་རྒྱ་མཚོའི་སྒོར་མོ་ནག་ཚོགས་ཀྱིས་གཡོ་ལེན་བྱས་རྗེས་ཁོ་རང་བསད་སོང་བ་འདྲ་ཟེར། གང་ལྟར། སྐབས་འདིར་བློ་གྲོས་དཔལ་བཟང་དང་མི་རྣམས་ཀྱི་ཡིད་ལ་འཁོར་བ་ནི་རང་ཉིད་ཀྱི་སྒོར་མོ་ཡིན་པས། རྩལ་རྒུ་སྤྲུགས་ནས་རང་རང་གི་གྱོང་གུད་སེལ་བའི་ཐད་ལ་བསམ་བློ་བཏང་། ཞིབ་འཇུག་བྱས་མོད། ཡོད་ཚད་ཀྱི་ཀླད་པའི་ངལ་རྩོལ་ལ་མཇུག་འབྲས་ཅི་ཡང་མ་སྨིན།
མི་ཚོགས་ཀྱིས་གྲྭ་ཤག་རྔམ་བརྗིད་ཅན་དེ་རུབ་སོང་།
མི་ཚོགས་ཀྱི་གྲངས་འབོར་ལ་མྱུར་སྟབས་ཀྱིས་འགྱུར་ལྡོག་བྱུང་།
དུས་ཀྱི་འགྲོས་དང་བསྟུན་ནས། མི་ཚོགས་ཀྱིས་གྲྭ་ཤག་གཟི་བརྗིད་ཅན་དེ་ཨ་ལོང་བཞིན་དུ་བསྐོར་པ་མ་ཟད། མཁའ་ལྡིང་དགོན་པའང་མི་ཚོགས་ཀྱིས་རུབ་སྟེ། ལམ་ཕྲན་རྣམས་སུ་ལམ་འགྲོ་བའང་མི་ཐར་བར་གྱུར། བློ་གྲོས་དཔལ་བཟང་གི་ཁྱིམ་མི་དང་གཉེན་ཉེ་རྣམས་ཀྱང་འདུག་མ་བཟོད་དེ། མི་ཚོགས་ཀྱི་གྲས་སུ་འཚབ་འཚུབ་ཀྱིས་ངང་ནས་ཞུགས་པ་ན། ཁོ་ཚོའང་མི་ཚོགས་ཀྱི་གྲུབ་ཆ་སྣང་ལ་མི་སྣང་བ་ཞིག་ཏུ་གྱུར་བྱུང་།
དུས་སྐབས་ཤིག་ལ། མི་ཕོ་ཞིག་གིས་གྲྭ་ཤག་རྔམ་བརྗིད་ཅན་དེའི་སྒོ་མོ་གཏོར་བ་ན། མི་མང་ནི་གཅིག་གི་རྗེས་ལ་གཅིག་འབྲངས་ནས་གྲྭ་ཤག་ནང་རོལ་ལ་མཆོང་སྟེ། རྩིག་པའི་ངོས་ཀྱི་གསེར་དང་གཡུ་བྱུར་གྱི་ཕྲ་བཀོག་པ་མ་ཟད། གསེར་སྐུ་དང་དངུལ་སྐུ། གསེར་ཐང་དང་དངུལ་ཐང་སོགས་ཕྲོགས་ཏེ། རང་རང་གི་གྱོང་གུད་སེལ་བའི་ལས་ལ་འབད། གྲྭ་ཤག་གཏོར་ནས་ཤིང་ཅ་དང་སོ་ཕག་ཕྲོགས་ཏེ། རང་རང་གི་གྱོང་གུད་སེལ་བའི་ལས་ལ་འབད་པ་ན། ཉིན་འགའི་རྗེས་སུ། གྲྭ་ཤག་རྔམ་བརྗིད་ཅན་དེ་ཡོངས་སུ་འཇིག་སྟེ། རྩིག་པའི་རྨང་རྡོ་ལས་ཅི་ཡང་མི་སྣང་བར་གྱུར་མོད། མི་རྣམས་ཀྱི་ཡོང་སྒོ་དེ་དག་གིས་འགྲོ་སྒོའི་ཆ་ཤས་ཙམ་ཡང་གསབ་ཐབས་མི་འདུག འོ་འོ། དོན་དག་གལ་ཆེན་ཞིག་བརྗེད་འདུག སྐབས་དེར་བློ་གྲོས་དཔལ་བཟང་དང་ཁོ་རང་གི་གཉེན་ཉེ་རྣམས་ཀྱང་ཡུལ་དངོས་ན་ཡོད་མོད། ཁོ་ཚོ་ཁྲིམས་དང་ཆོས་སྐྱོང་སྲུང་མར་འཇིགས་ཏེ། གྲྭ་ཤག་ལས་ཁབ་དང་སྐུད་པ་ཙམ་ཡང་འཕྲོག་མ་ཕོད།
དོན་དག་འདིའི་མཇུག་ནི་འདི་ལྟར་རྫོགས་སོང་བ་ཡིན་ནམ།
ག་ལ་སྲིད། གསེར་གཞུང་ལ་ཆ་མཚོན་ན། དོན་རྐྱེན་འདི་འདྲ་མི་རབས་ཀུན་ལ་བྱུང་མ་མྱོང་བས། དོན་དག་དེ་མྱུར་མོར་མཇུག་རྫོགས་མི་སྲིད། གཏན་ནས་མི་སྲིད།
ཐོག་མར་བུན་ཚོང་གཉེར་སྐབས། མི་ཕལ་མོ་ཆེའི་མ་རྩ་ནི་སྐྱེད་ཀ་མཐོན་པོ་བྱིན་ཏེ་བསྐྱིས་པ་ཡིན་ལ། རྗེས་སུ་བུན་བདག་ལ་མ་རྩ་དང་སྐྱེད་ཀ་གཉིས་ཀ་མ་རེག་པ་ན། སྔོན་མ་སྔོན་མའི་དུས་ཀྱི་གོམས་སྲོལ་ལྟར། དོམ་ལེན་མཁན་གྱི་ཁྱིམ་ལ་དམག་དྲངས་པ་ན། གང་ས་ཀུན་ཏུ་མི་ཤི་རྟ་འགྱེལ་གྱི་ཆག་སྒོ་འབྱུང་ལ་ཉེ།
ཏག་ཏག་སྐབས་དེར། གསེར་གཞུང་སྲིད་གཞུང་གིས་ཡུལ་སྡེ་སོ་སོར་ལས་བྱེད་པ་མངགས་པ་དང་། ལས་བྱེད་པ་ཀུན་གྱིས་ཀྱང་རྩལ་རྒུ་སྤྲུགས་ནས་ཁ་ཏ་སློབ་གསོའི་ལས་ལ་འབད་པ་ན། འཕྲོག་བཅོམ་གྱི་བྱ་བ་དུས་ལྟར་མཇུག་རྫོགས་མོད། རང་ཉིད་ཀྱི་ཆག་སྒོ་ཡིད་ལ་འཁོར་བ་ན། མི་རྣམས་ཀྱི་ཡིད་སེམས་གཏན་ནས་བདེ་ལ་འགོད་མི་ནུས་པས། ཁོ་ཚོ་ལས་མི་སུ་ཞིག་ཡིན་རུང་གཞན་དང་འཕྲད་ཚེ། ནམ་རྒྱུན“ཁྱོད་ཀྱིས་བུན་ཚོང་གཉེར་རམ”ཞེས་འདྲི་བཞིན་ཡོད།
ཉིན་ཞིག་ལ། མཆོག་སྤྲུལ་མཁའ་ལྡིང་རིན་པོ་ཆེ་དང་ཚོང་དཔོན་བློ་གྲོས་དཔལ་བཟང་གཉིས་ཀ་གསེར་གཞུང་གསོལ་ཁང་དུ་འཛོམས་བྱུང་།
“ཨ་ཕ། ད་རེབ་ཁྱོད་ལ་གྱོང་གུད་ཆེའམ།”མཆོག་སྤྲུལ་མཁའ་ལྡིང་རིན་པོ་ཆེས་གཟབ་ནན་དང་བཅས་དེ་ལྟར་དྲིས།
“ས་ཡ་གཉིས་ལྷག་གི་གྱོང་གུད་བྱུང་། ཤུ—”བློ་གྲོས་དཔལ་བཟང་གིས་སེམས་ཀྱི་སྡུག་བསྔལ་གནོན་མ་ནུས་ཏེ་དངན་པ་རིང་པོ་ཞིག་འཐེན་བྱུང་།
“ཁྱོད་ཀྱིས་གོ་ཡོད་དམ། ད་རེབ་ཀྱི་བུན་ཚོང་གི་མ་རྩ་ལ་སྒོར་མོ་དུང་ཕྱུར་བཅོ་ལྔ་བསྡུས་པར་བཤད།”
“སྲིད་དམ།”བློ་གྲོས་དཔལ་བཟང་ཧ་ལས་པར་གྱུར་ཏེ“འོ་ན་སྒོར་མོ་དེ་དག་གང་ན་ཡོད་དམ”ཞེས་དྲིས།
“མི་ཤེས། དེ་སུ་ཞིག་གིས་ཤེས་སྲིད།”
“ཚུལ་ཁྲིམས་རྒྱ་མཚོ་ནི་གཡོ་ཇུས་ལ་མཁས་པ་ལ་ཨང་།”བློ་གྲོས་རྒྱ་མཚོར་བློ་འགྱོད་ཆེན་པོ་སྐྱེས།
མཁའ་ལྡིང་རིན་པོ་ཆེས་ཅི་ཞིག་ལ་ཐུགས་གཞིག་གནང་བཞིན་ཁ་རོག་གེར་བཞུགས།
སྐབས་དེར་། སློང་མོ་བ་བགྲེས་པོ་ཞིག་གསེར་གཞུང་གསོལ་ཁང་ལ་སླེབས་བྱུང་། མཆོག་སྤྲུལ་མཁའ་ལྡིང་རིན་པོ་ཆེ་དང་ཚོང་དཔོན་བློ་གྲོས་དཔལ་བཟང་གཉིས་ཀས་ལྷན་དུ་ཞིབ་མོར་བལྟས་པ་ན། གཉིས་ཀས་དུས་གཅིག་ལ་བགྲེས་པོ་དེ་ངོས་ཟིན་བྱུང་། ཁོ་རང་ནི་གཡུ་ལུང་སྡེ་བའི་ཕྱུག་པོ་སྐད་གྲགས་ཅན་གཅིག་པུ་ཡིན་ལ། མིང་ལ་དཔལ་འབྱོར་རྒྱ་མཚོ་ཟེར། མི་ཕོ་དེའང་བུན་ཚོང་གི་ཁེ་སྤོགས་ལེན་མཁན་ཁྲོད་ཀྱི་གཅིག་ཡིན་ནམ།