ཟླ་ངོགས་ཀྱི་དུས་ཚིགས་སྐྱ་བོ།
པད་མ་རྒྱལ། (གཅན་ཚ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-31
སྟོན་གཞུག་འདིའི་ཚོར་བ་རྣོན་པོ་ཞིག་གིས།
ཁོར་ཡུག་འདིིའི་ཡོད་ཚད་འཁྱགས་པས་བསྡམས།
དྲང་དངོས་བདེན་གསུམ་གྱི་ཁྲོད་ནས།
མིག་ཆུ་ལྟ་བུའི་དུས་ཚིགས་འདི།
མཛེས་སྡུག་དང་སྔོན་འགྲོ་ཞིག་གི་སྡོམ་ཚིག་ཏུ་རུང་།
མག་མོག་ཕ་རོལ་གྱི་གསང་མྱུལ་བ་ཁ་ཤས།
ལྷིང་འཇགས་ཀྱི་འཚོ་བ་འཛོམས་ཀྱིན།
ཁོར་ཡུག་གི་བརྩེ་བ་དཀྲོགས།
སྐྱ་ཐིང་ངེར་འདུག་པའི་སེམས་པ་དེ།
ལྷིང་འཇགས་དང་ཁེར་རྐྱང་གི་ལོ་ཟླ་ཁྲོད་ནས།
ཕར་འགྲོ་ཚུར་འོང་གི་མགྲོན་པོ་བཞིན།
རྨི་ལམ་རིང་མོ་ཞིག་གི་རྨ་ཁ་ལྟ་བུར་གྱུར།
རྒྱང་འབོད་ཀྱི་འགྱོད་གདུང་རེ་རེའི་ཁྲོད་ན།
ནག་རོག་གེར་འདུག་པའི་དུས་ཚིགས་སྐྱ་བོ་འདི།
འཆར་ཡན་གྱིས་བཞེངས་པའི་ཕོ་བྲང་ལྟར།
སེམས་པའི་སྒེའུ་ཁུང་གི་ཁྲོད་ན་ཐོག་མ་ནས།
རྒས་རྒྱུ་མེད་པའི་འབྱུང་བ་ལྟར་གནས།
འཚོལ་སྙེག་གི་ལོ་ཟླ་རེ་རེ།
ས་གཞི་དང་མཁའ་དབྱིངས་ཀྱི་བྲང་གཞུང་ནས།
མཚན་ལྗོངས་ཧྲིལ་བོ་ཞིག་གི་འུག་པ་རེད།
ཟུངས་ཁྲག་དྲོན་མོ་ཞིག་གི་རྐང་རྗེས་རེད།
ཀུ་ཅོ་དང་རྙིང་ཞེན་མ་ཡིན་པའི་མཚན་མོ།
རྨི་ལམ་མང་པོ་ཞིག་གི་སྒོ་གླེགས་བརྡུངས་དུས།
རེ་སྨོན་གྱི་དབྱངས་རྟའི་བརྩེ་བ་སྒོམ་ཡང་།
ཨུ་ཚུགས་རྐྱང་རྐྱང་གི་མིག་ཆུ་འཐོར།
ན་ཟུག་དང་སྡུག་བསྔལ་གྱི་ཚོར་འདུ།
མཚན་མོ་འདིའི་བརྗིད་ཉམས་ཀྱི་ཞབས་རྗེས་སུ་གྱུར།
རྒས་རྒྱུ་མེད་པའི་དུས་ཚིགས་འདི།
དམར་རྗེན་རྗེན་གྱི་ཁྲོད་ན་འདར་ཟིག་ཟིག
མིག་ཆུ་དང་འཁྲེང་སེམས་ཚེ་སྲོག་ལ་སྦྲེལ་ནས།
གཟི་བྱིན་གྱི་ཁྲོད་ན་དྲག་ཏུ་འཕྱོ།