༄༅།། རྒྱལ་པོ་དྲི་གུམ་བཙན་པོ་ཡབ་སྲས་དང་སྐབས་དེའི་བྱུང་བ་མདོར་བསྡུས།

རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 02-02



དྲི་མེད་བོད་རྗེ་གདོང་ལྔས་ལག་མང་སྡེ།།     
གུམ་པར་མ་ནུས་ཇུས་གཡོའི་སྣ་ཞགས་ལས།།      
བཙན་པོ་བཀྲོངས་པའི་གླེང་ལོག་གནའ་བོའི་གཏམ།།      
པོ་ཏ་ལ་མིན་འཕྱིང་སྟག་རྩེ་ན་གྲགས།།  
          དེ་ཡང་བོད་གྱི་གནའ་བོའི་ལོ་རྒྱུས་ནི་འཇིག་རྟེན་གྱི་དངོས་པོ་གཞན་དག་དང་འདྲ་བར་འདུས་བྱས་ཀྱི་རྣམ་པར་ཟད་པ་དང་། དེའི་བྱུང་བ་དང་བྱུང་བ་མཚོན་བྱེད་ཀྱི་ཡིག་ཆ་སྣ་ཚོགས་ཀྱང་འགལ་རྐྱེན་མང་པོའི་དབང་གིས་མི་རྟག་འབྱུང་བཞིའི་ལམ་དུ་ཞུགས་པར་གྱུར་པས། དེ་སྔའི་ལོ་རྒྱུས་སྨྲ་བ་པོ་ཕལ་ཆེར་གྱིས་ཀྱང་བོད་ཀྱི་ལོ་རྒྱུས་བརྗོད་སྐབས་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་དབུ་བསླངས་ཏེ་རྒྱས་པར་བརྩམས་ཀྱི། དེའི་སྔོན་གྱི་བྱུང་བ་རྣམས་ལུང་འདྲེན་ཙམ་དང་ཡང་ན་ལྷ་སྒྲུང་དང་ངག་རྒྱུན་དྲངས་ནས་བཏང་སྙོམས་སུ་བཞག་པ་མ་གཏོགས། མཐལ་དཔྱོད་གནང་བ་ནི་ད་བར་དུ་བློ་ལྡན་མང་པོའི་སྤྱན་ལམ་དུ་ཐོགས་པ་ཉུང་། དེའང་འགའ་རེ་ནི་དམ་པའི་ཆོས་དང་འབྲེལ་མེད་པས་གླེང་བའི་ཁུར་མ་བཞེས་ཤིང་། ཁ་ཤས་ཀྱིས་ཆབ་སྲིད་ཐོག་དགོས་མཁོ་ཆུང་བས་གཟིགས་པའི་སྐབས་མ་བཙལ་བ་འདྲ། ལ་ལ་ནི་སྣ་རེར་འཇུག་པར་བརྩམས་ཀྱང་ཕྱོགས་ལྷུང་དྲ་རྒྱའི་འཆིང་བ་ལས་གྲོལ་མ་ཐུབ་པ་བཅས་ཀྱིས་ཐད་འདིའི་ལོ་རྒྱུས་ཀྱི་ས་བཅད་རེ་ཞིག་སྟོང་བ་ལྟ་བུར་སྣང་བས། འདིར་བོད་ཀྱི་རྒྱལ་པོ་དྲི་གུམ་བཙན་པོ་ཡབ་སྲས་ཀྱི་བྱུང་བ་ལས་འཕྲོས་པའི་གཏམ་སྐབས་དེའི་གནས་ཚུལ་ལ་དཔྱོད་པའི་ཁུལ་ཀྱིས་བྱུང་བ་ཁ་སྐོང་གི་ཚུལ་དུ་ཅུང་ཟད་བརྗོད་པར་བྱའོ། །  
          དེ་ཡང་སྤྱིར་རང་རེའི་བོད་ནི་འཛམ་གླིང་སྟེང་གི་མི་རིགས་གཞན་དག་དང་འདྲ་བར་གནའ་དུས་ཀྱི་ལོ་རྒྱུས་ལ་རང་གི་བྱུང་བ་དང་། དར་འཕེལ། ཉམས་རྒུད་དུ་སོང་བ་བཅས་ཀྱི་ཚུལ་ངེས་ཅན་ཞིག་ཡོད་པ་ཡིན་མོད། འོན་ཀྱང་ཉེ་སྔོན་བོད་ཀྱི་སྤྱི་ཚོགས་རྗེས་སུ་ལུས་པའི་རྣམ་པར་གཞིགས་ཏེ། བོད་ལ་ཡ་ཐོག་རིང་མོའི་ལོ་རྒྱུས་མེད་པ་དང་། ཡང་ན་ཡོད་ཀྱང་ཁུངས་མེད་དོ་ཞེས་ཁ་ཚོན་བཅད་ནས། བོད་ཀྱི་ལོ་རྒྱུས་ནི་རྒྱའི་ཐང་རྒྱལ་རབས་སྐབས་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཆེན་པོའི་སྲིད་དབང་བཙུགས་པ་ནས་འགོ་བརྩམས་པ་ལྟ་བུས་གླེང་བར་བྲེལ་བ་ནི་གཡག་ཞར་གིས་རྩྭ་ཟོས་པའི་དཔེ་རུ་སོང་བར་སྣང་། བོད་འདིར་ལོ་རྒྱུས་ཐོག་བྱུང་བའི་དུས་ཀྱི་འཁྲུག་ལོང་སྤྱི་དང་། ལྷག་པར་གླང་དར་གྱི་དུས་སུ་སངས་རྒྱས་ཆོས་ལུགས་དང་རིག་གནས་རྩ་མེད་དུ་གཏོང་སྐབས་ཆོས་འབྱུང་ལོ་རྒྱུས་ལ་སོགས་པའི་གླེགས་བམ་སྨོས་ཅི། ཐ་ན་བརྡ་སྤྲོད་པའི་བསྟན་བཅོས་མང་པོ་ཡང་རྩ་བརླགས་བཏང་བ་སོགས་རྒྱུ་མཚན་སྣ་ཚོགས་ཀྱི་རྐྱེན་པས་བོད་མི་རིགས་ཀྱི་གནའ་བོའི་ལོ་རྒྱུས་དང་སྤྱི་ཚོགས་འཕེལ་རིམ་ཇི་མ་ཇི་བཞིན་མཚོན་པའི་ལོ་རྒྱུས་དེབ་ཐེར་མཐོང་བར་འདོད་པ་ནི་འགྲུབ་དཀའ་བའི་གནས་སུ་མཆིས་མོད། འོན་ཏེ་གནའ་བོའི་ལོ་རྒྱུས་ལ་ལ་ནི་བོད་རང་གི་ངག་རྒྱུན་དང་ཡང་ན་ཕྱིས་ཀྱི་ཡིག་ཆ་རྣམས་བརྒྱུད་ནས་བྱུང་བ་ཅུང་ཟད་མཚོན་པའི་ཆ་ཡོད་དེ། ང་ཚོས་དེ་རིགས་གཙིགས་སུ་བཟུང་ནས་རྩད་གཅོད་དང་ཞིབ་འཇུག་བྱས་ན་ལོ་རྒྱུས་ཀྱི་སྤྱི་ཁོག་ལོན་ཐུབ་པ་ཞིག་ཡོང་རྒྱུ་རེད་སྙམ།
          དེ་ལྟར་སྐབས་སུ་བབས་པ་བོད་ཀྱི་རྒྱལ་པོ་དྲི་གུམ་བཙན་པོ་ནི་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན་དང་སྟོད་གྱི་སྟེངས་གཉིས་ཞེས་ཡོངས་སུ་གྲགས་པའི་ནང་ཚན་སྟེངས་གཉིས་ཀྱི་སྔ་མ་ལགས་ཤིང་། བཙན་པོ་འདི་པ་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་ཀླུ་(རླུང)རྗེ་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ལ། དུས་ནམ་ཡིན་ཐད་སྤྱིར་བོད་ཀྱི་ལོ་རྒྱུས་སུ་སྲོང་བཙན་སྔོན་གྱི་རྒྱལ་རབས་རྣམས་ཀྱི་ལོ་ཚིགས་བཀོད་པ་ཉུང་ཞིང་། ཁྱད་པར་དུ་དྲི་གུམ་བཙན་པོའི་འཁྲུངས་ལོ་སོགས་དེ་བས་ཀྱང་བཀོད་པ་མ་མཐོང་བས། དེ་ནམ་བྱོན་གྱི་ལོ་ཚིགས་གསལ་པོ་ཞིག་གཏན་ལ་འབེབས་མི་ཐུབ་མོད། འོན་ཀྱང་མཁས་པ་ཕལ་མོ་ཆེས་བོད་རྗེ་གཉའ་ཁྲི་བཙན་པོ་ནི་སྤྱི་ལོ་སྔོན་གྱི་ལོ་གྲངས་ཉིས་བརྒྱ་ཡས་མས་སུ་འཁྲུངས་པའི་འདོད་ཚུལ་ལྟར་དུ། དེ་ནས་མི་རབས་བདུན་སོང་བ་ན་སྲས་རྣམས་ཀྱིས་ཆིབས་ཁ་ཐུབ་ཙམ་ན་ཡབ་རྣམས་གྲོངས་①ཞེས་ལོ་ཚད་ཀྱི་དབང་དུ་བཏང་ནས་རགས་རྩིས་ཤིག་བརྒྱབ་ན། ཕལ་ཆེར་སྤྱི་ལོ་ཚིགས་ཁ་མའི་དྲུག་ཅུ་སྐོར་ལ་འཁེལ་བ་འདྲ། ཕྱིས་ཀྱི་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས་《བསྟན་རྩིས་ཀུན་བཏུས་》སུའང་“བོད་རྒྱལ་གྲི་གུམ་བཙན་པོ་ནམ་བྱོན་གྱི་ལོ་ཚིགས་ཤེས་དཀའ་ཡང་། དེའི་ཕོ་བྲང་མྱང་གི་ཕྱོགས་ན་ཡོད་ཅེས་མྱང་ཆོས་འབྱུང་ལས་བཤད།”ཅེས་སྤྱི་ལོ་ཚུགས་ནས་ལོ་གྲངས་ཉིར་དྲུག་ཙམ་སོང་བའི་རེའུ་མིག་གི་གཤམ་དུ་ཡི་གེ་བཀོད་ཡོད་ཚུལ་ལ་གཞིགས་ན། ཁོང་གིས་ཀྱང་ཕལ་ཆེར་དུས་འདི་ཚོད་ལ་བཞེད་ཕྱོགས་ཡོད་པ་འདྲ་སྙམ། ཡང་ལ་ལས་ང་ཚོར་སྲོང་བཙན་སྔོན་གྱི་ལོ་རྒྱུས་རྣམས་ཟེར་སྒྲོས་ཙམ་ལས་དེ་དག་ལ་ཡིད་རྟོན་རུང་བར་དཀའ་བས། དྲི་གུམ་བཙན་པོ་བྱ་བ་ཞིག་དངོས་ནས་བྱོན་ཡོད་མེད་སུས་ཤེས་ཞེས་དོགས་པ་ཁོང་ནས་སློང་ཡང་སྲིད། སྤྱིར་བོད་ཀྱི་སྔོན་གྱི་ལོ་རྒྱུས་དང་སྒོས་སུ་སྲོང་བཙན་སྔོན་གྱི་ལོ་རྒྱུས་ཕལ་ཆེར་ངག་རྒྱུན་ལྟ་བུའི་ཚུལ་དུ་གནས་པ་བདེན་མོད། འོན་ཀྱང་ཡིག་ལམ་དུ་གསལ་བའི་ལོ་རྒྱུས་ཀྱང་མེད་པ་མ་ཡིན། རྒྱལ་པོ་དྲི་གུམ་བཙན་པོར་མཚོན་ནའང་ངག་རྒྱུན་ཙམ་ཁོ་ན་མ་ལགས་ཏེ། དེ་བོད་ཀྱི་ལོ་རྒྱུས་སྟེགས་བུའི་སྟེང་དུ་ཆབ་སྲིད་ཀྱི་ཟློས་གར་དངོས་སུ་བསྒྱུར་མྱོང་བའི་གང་ཟག་གདོས་བཅས་པ་སྟེ། བོད་རྒྱལ་མཛངས་འཕྲུལ་ལྡན་པ་ཞིག་ཡིན་པ་ནི་ལོ་བརྒྱ་ལོན་པའི་མི་མེད་ཀྱང་། བསྐལ་པ་སྟོང་གི་ཚིག་ཡོད་ཅེས་པ་ལྟར་ཕྱིས་ཀྱི་ལོ་རྒྱུས་ཡིག་ཆ་དང་། སྒོས་སུ་ཏུན་ཧོང་གི་ཡིག་རྙིང་①དང་བྲག་བརྐོས་ཡི་གེ་②བཅས་ལས་ར་སྤྲོད་གསལ་ལ་བསླུ་བ་མེད་པ་བྱེད་ནུས་པས། གོང་གི་དོགས་གནད་དེ་རིགས་སེལ་ཐུབ་བོ།། 
          ལར་དྲི་གུམ་བཙན་པོ་ནི་བོད་རྗེ་མཛངས་དཀྱེལ་ཆེ་བ་ཞིག་ཏུ་ངེས་མོད་ཀྱང་། ཁོང་གི་མཛད་འཕྲིན་གདོང་ལྔའི་ང་རོ་དྲག་པོ་དེ་བོན་སྡེ་ལག་མང་ཚོགས་ཀྱིས་བཟོད་པར་མ་ནུས་ནས་ཇུས་ངན་གཡོ་སྒྱུའི་སྣ་ཞགས་རིང་དུ་བརྐྱངས་པས་བཙན་པོ་བཀྲོངས་ལ། དེའང་ཕྱིས་སུ་གཏམ་མི་ཁ་བརྒྱུད་ཀྱིན་ཇེ་མང་ཞེས་པའི་དཔེ་ལྟར། བཙན་པོ་བགྲོངས་ཚུལ་གྱི་གནའ་བོའི་གཏམ་དེ་རྒྱལ་པོ་འདི་པའི་དབུ་ལ་གླེང་ལོག་ཏུ་བཀལ་བར་གྱུར་པས། དེང་སང་ང་ཚོས་མཐོང་བའི་ལོ་རྒྱུས་རྣམས་སུ་རྒྱལ་པོ་འདི་ཉིད་ཀྱི་མཚན་དོན་ནས་འཕྲོས་པའི་བྱུང་བ་རྣམས་ལ་རེ་རེའི་ཐད་དུ་བརྗོད་ཚུལ་མི་འདྲ་བ་འགའ་ཞིག་མཆིས་ཏེ། ངེད་ཅག་གིས་བརྗོད་ཚུལ་དེ་དག་ལ་ལེགས་པར་བརྟགས་ཚེ་གཞི་ནས་བཙན་པོ་འདི་པའི་བྱུང་བ་དངོས་ཀྱི་གཟུགས་བརྙན་མིག་ལམ་དུ་འཆར་བར་གདོན་མི་ཟའོ། །
          དེ་བཞིན་བཙན་པོ་འདི་པའི་མཚན་ལ་བོད་ཀྱི་ལོ་རྒྱུས་རྣམས་སུ་གྲི་གུམ་དང་ཁྲི་གུམ། ཁྲི་གུང་། དྲི་རུམ། དྲི་གུམ་བཙན་པོ་③ཞེས་ཡི་གེ་སྣ་ཚོགས་ཤིག་བྲིས་པར་མཆིས་ཀྱང་། མང་ཆེ་བས་གྲི་གུམ་བཙན་པོ་ཞེས་འདོད། དེ་ལ་མཚན་དེ་ལྟར་ཐོགས་དོན་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“འདི་འཁྲུངས་ཚེ་ཨ་ཕྱི་གདགས་ལྷ་དཀར་མོ་ལ་མཚན་ཅིར་གསོལ་དྲིས་པས། བླ་སྤང་དང་མ་དིང་མེས་མ་ཚིག་གམ། བླ་མཚོ་སྔོན་མོ་མ་སྐམས་སམ། བླ་བྲག་དཀར་པོ་མ་ཉིལ་ལམ། ཟེར་བ་ལ་དེ་རྣམས་མ་ཉམས་སྨྲས་ཀྱང་རྒན་མོ་རྒས་ཆེས་དབང་པོ་ཉམས་པས་ལོག་པར་གོ་སྟེ། འོ་ན་རྒྱལ་ས་མི་ཟིན་ཟེར་ནས་མཚན་ལོག་པར་བཏགས་ཅེས་(ཞེས)གྲགས། ཕྱི་མོས་མཚན་དུ་གྲི་གུམ་བཙན་པོར་གསོལ་”ཞེས་གཏམ་རྒྱུད་དང་བཅས་པ་འབྱུང་ལ། ཏུན་ཧོང་ཡིག་ཆར་ཡང་“དྲྀ་གུམ་བཙན་པོ་སྐུ་ཆུང་བ་འྀ་ཚེ་མཚན་ཇྀ་གདགས་ཤེས་(ཞེས)མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་ན། མ་མ་འི་མཆིད་ནས། སྐྱྀ་བྲག་མར་བ་ནྀ་རྙིལ་ཏམ་མ་རྙིལ་། དང་མ་འབྲི་སྤངས་ནི་མྱེས་ཚིག་གམ་མ་ཚྀག་། མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་སྐམས་ཤེས་(ཞེས)མཆི། བྲག་མ་རྙོལ། མཚོ་ཡང་མ་སྐམས། སྤང་ཡང་མྱེས་མ་ཚིག་ཅེས་བགྱིསྣ། མ་མ་གྲོ་ཞ་མ་། རྒས་ནས་རྣ་ལོག་པར་ཐོས་སྟེ། བྲག་ཀྱང་རྙིལ། སྤང་ཡང་མྱེས་ཚིག། མཚོ་ཡང་སྐམས་ཤེས་(ཞེས)ཐོས་ནས། འོན་ཏང་ཆུ་དགུམ་སྲི་དགུམ་(ཆུས་ཤིའམ་གྲིར་འཆི་)གྱིས། དྲྀ་གུམ་བཙན་པོར་མཚན་ཐོག(ས་)ཤིག་ཆེས་(ཅེས)མཆི་ནས། དྲྀ་གུམ་བཙན་པོར་མཚན་བཏགས་ནས།” ཞེས་དེ་དག་དོན་དངོས་འདྲ་བ་ཞིབ་རྒྱས་ཤིག་བྱུང་ལ། ཡི་གེར་དྲི་(དྲྀ)གུམ་ཞེས་བྲིས་འདུག གང་ལྟར་བཙན་པོ་འདི་པ་ཨ་ཕྱིའི་མཚན་བཏགས་ལོག་པས་གྲི་གུམ་བཙན་པོ་ཞེས་ཐོགས་པའི་ལོ་རྒྱུས་གཏེར་ཡིག་དང་མཁས་པ་སྔོན་མ་རྣམས་ཀྱི་གསུང་རྒྱུན་དུ་གྲགས་ཆེ་བ་ལགས་མོད། འོན་ཀྱང་བཞེད་ཚུལ་དེ་དང་མི་མཐུན་པ་ཞིག་ནི་བོན་པོ་རྣམས་ཀྱི་བཤད་ལུགས་ཏེ། བོན་གྱི་བཀའ་འབུམ་《སྒྲགས་པ་རིན་ཆེན་གླིང་གྲགས་》ཞེས་བྱ་བར་འཁོད་པ་ལྟར་ན། “དུས་དེ་ཙམ་ན་ཡུལ་མྱང་རོ་སྟག་ཚལ། མཁར་ཉང་རོ་གཤམ་པོ་ན། བཙན་པོ་ཕྲི་རྗེ་(ཁྲི་ལྡེ་)ཡག་པ་དང་བཙུན་མོ་སྦྲང་བཟའ་རུ་རྒྱན་①གཉིས་ཀྱིས་རྣང་(གཉིད་)ངན་པ་རྨི(ས)་ཐེའུ་རང་མང་སྙ་དགུ་ལྦེ(ཝེ)ར་གྱི་བུ་ཅིག་ཏུ་ཞུགས་ཏེ། ཟླ་དགུ་ངོ་བཅུ་ན་ཡུམ་ལ་ལྟམ་(བལྟམས)པས། སྲས་བུ་དེ་མིག་རྩ་དམར་བ་མིག་ཟླུམ་པ། ཤ་རྩི་དམར་བ་ལག་འཐིལ་(མཐིལ་)གཡས་ལ་སྨེ་བ་ནག་པོ་ཡོད་པ་ཞིག་སྐྱེས་ནས། སྡིག་ལ་དགའ་བ་གོ་མཚོན་ལ་སྲེད་པ། ཁ་ངན་པར་སྨྲ་བ། དྲི་རྟགས་སྣ་དགུ་མའི་རུམ་ནས་ཚང་བ་ཅིག་(ཞིག་)བྱུང་ངོ་། །དེ་སྐུ་གཤེན་ཕ་བ་ཚེ་གཙོ་གཉིས་པོས། མཚན་ཡང་དྲི་རུམ་བཙན་པོར་བཏགས་སོ། །”② ཞེས་དྲི་གུམ་བཙན་པོ་ཐེའུ་རང་གི་སྐྱེ་བ་དྲི་རྟགས་སྣ་དགུ་མའི་རུམ་ནས་ཚང་བ་ཞིག་ཡིན་པས་མཚན་ཡང་དྲི་རུམ་བཙན་པོ་ཞེས་བཏགས་པར་བཤད་འདུག །  
          དེ་ལྟར་གོང་སྨྲས་བཞིན་བོད་ཀྱི་ལོ་རྒྱུས་སྔ་མ་རྣམས་སུ་བཙན་པོ་འདི་པའི་མཚན་དོན་ལ་བཞེད་ཚུལ་ཡེ་མི་འདྲ་བ་གཉིས་བྱུང་བར་བསྟུན། བཙན་པོའི་ལོ་རྒྱུས་ཐད་ཀྱང་སོ་སོར་བརྗོད་ལུགས་མི་མཐུན་པ་བྱུང་སྟེ་དཔེར་ན། བཙན་པོ་གྲོངས་ཚུལ་ལ་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “(བཙན་པོས་)ང་ལ་དྲི་གུམ་དུ་འདོགས་པ་ཅི་ཡིན་ཟེར་བ་ལ། མཐར་གྲིར་གུམ་ཟེར་ནས་བཏགས་བྱས་པས་ཅིས་ཀྱང་གྲིས་འགུམ་ན་ང་གཞན་དང་འཐབ་ཟེར་ནས་འབངས་ལོ་ངམ་རྟ་རྫི་ལ་འཐབ་ཟླ་བཅོལ་ཡང་ཟེར།” ཞེས་བཀོད་པ་བཞིན་དུ་ཏུན་ཧོང་ཡིག་རྙིང་དུའང་། “མཚན་བཏགས་ནོངས་ཏེ་ཐུགས་སུ་ཡང་ཞུགས། ལྡེ་སྲས་མྱིའི་མྱི་ཚུལ་ཏེ། མངོན་པར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱིན་ཆེན་པོ་མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ། བཙན་འདྲན་(འགྲན)བདའ་ནས། ཡབ་འབངས་ཕ་དགུའ་དང་། ཡུམ་འབངས་ཚན་གསུམ་ལ་དགྲ་རུ་རྒལ། (དགྲར་ལངས)གཡག་(གཡོག་)དུ་དྲུང་ཕོད་དམ། ཞེས་བཀའ་བསྩལ་བ་ན། སོ་སོ་ནས་ཀུན་གྱིས་མྱི་ཕོད་ཆེས་(ཅེས་)གསོལ་ཏེ། ལོ་ངམ་རྟ་རྫིས་ཀྱང་མྱི་ཕོད་ཅེས་གསོལ་བ་ལས་མ་གནང་སྟེ།” ཞེས་བྱུང་བ་ལྟར་ན། གྲི་གུམ་བྱ་བའི་མཚན་དོན་ལོག་པ་བཙན་པོའི་ཐུགས་ལ་གདོན་ཞུགས་པ་རྐྱེན་བྱས་ཏེ། འབངས་ལོ་ངམ་རྟ་རྫི་བྱ་བ་དང་འཐབ་ནས་མཐར་བཙན་པོ་བཀྲོངས་པར་འདོད་ལ། ཡང་བོན་གྱི་《རྩ་རྒྱུད་ཉི་ཟེར་སྒྲོན་མ་》ཞེས་བྱ་བར་འཁོད་པ་ལྟར་ན། “རྒྱལ་གྲི་གུམ་བཙད་པོ་བོན་གྱི་དགྲོ་(དགྲ)རུ་སྐྱེས། སྔ་མ་ལ་སྨོན་ལམ་ལོག་པ་བཏབ། ད་ལྟ་བོན་ནུབ་བསྟན་པའི་དགྲ། ལོ་ཉི་ཤུ་རྩ་བདུན་ཡན་ཆོད་དུ་བོན་ལ་སྤྱད། ཐུགས་དམ་དམུ་ཁྲུ་མཆོད་འབུལ་གྱི་ལྷ་ཁང་བཞེངས། སྐབས་སུ་ལས་ངན་དབང་གིས་རྒྱལ་བུའི་ཐུགས་ལ་གདོན་ཞུགས། བློན་པོའི་བློ་ནོར་རྒྱ་གར་གི་(གྱི་)སྤྲང་པོ་རིག་པ་རྣོ། བཙུན་མོ་གླེན་དྲགས། སྲས་བུ་ན་ཆུང་། དུས་གློ་བུར་དུ་བོན་བསྙད་མེད་ལ་བསྣུབས། བོན་གཤེན་མཐའ་རུ་སྤྱུགས། བོན་སྤྱུགས་པའི་དབུ་ཡོགས་རྒྱལ་ལ་བབས། རྒྱལ་པོ་ཐེའུ་རང་མང་སྙ་མུ་བེར་གྱི་སྐྱེ་བ་ཡིན་ནོ། །འབངས་ལོ་ངམ་རྟ་རྫི་སྟག་ལ་མེ་འབར་གྱི་སྤྲུལ་བ་ཡིན་པས། ལྟག་པ་བཅག་པས་བསད།” ཅེས་བཙན་པོ་འདི་པ་སྔ་མ་སྨོན་ལམ་ལོག་པའི་དབང་གིས་ཐེའུ་རང་གི་སྐྱེ་བར་བཞེས་ནས་བོན་བསྣུབས་པའི་དབུ་ཡོགས་བྱུང་སྟེ། རྒྱལ་པོ་འབངས་ལོ་ངམ་བྱ་བ་སྟག་ལ་མེ་འབར་གྱི་སྤྲུལ་བས་བཀྲོངས་པར་བཤད་དོ། ། གང་ལྟར་ནའང་བཙན་པོ་གཤེགས་རྐྱེན་མཚན་བཏགས་ལོག་པས་མིན་ན་སྨོན་ལམ་ལོག་པའི་དབང་གིས་རྒྱལ་པོ་རང་ཉིད་རང་གིས་བརླགས་པ་ལྟ་བུར་བཤད་མོད། འོན་ཀྱང་ང་ཚོས་བརྗོད་ཚུལ་དེ་གཉིས་ཀྱི་ཆ་བསྡུས་ནས་ལེགས་པར་དཔྱད་ཚེ། བཙན་པོ་དེ་ཉིད་ན་ཚོད་དར་མའི་དུས་སུ་གྲི་ཤི་ཡོང་བ་དེ་མཚན་བཏགས་ལོག་པ་ཐུགས་ལ་ཞུགས་པས་ནི་མ་ཡིན་ལ། སྨོན་ལམ་ལོག་པའི་དབང་གིས་དེ་ལྟར་བྱུང་བ་ནི་དེ་བས་ཀྱང་མ་ཡིན་པར།བཙན་པོའི་མངའ་ཐང་ལ་རག་ལས་པའི་བོད་ཀྱི་སྲིད་དབང་ལོག་ནས་རྒྱལ་གཤེན་འཐབ་རྩོད་ནང་དུ་རྒྱལ་པོ་བཀྲོངས་པ་ཡིན་པ་ནི། གོང་གི་གཏམ་རྒྱུད་མཚར་ལ་རིང་བ་དེ་དག་གི་ཡོལ་བའི་རྒྱབ་ནས་ཤེས་གསལ་ལོ། 
          དེ་ལ་གནད་འདི་ཞིབ་གསལ་ཞིག་ཤེས་པའི་སླད་དུ་ང་ཚོས་སྔོན་ལ་དྲི་གུམ་བཙན་པོ་བྱོན་པའི་དུས་སྐབས་ལ་རགས་ཙམ་དཔྱད་པར་བྱ་སྟེ། ལར་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ལྟར་ན་བོད་རྗེ་གཉའ་ཁྲི་བཙན་པོ་ནས་བོད་ཡུལ་དུ་ཡ་ཐོག་ཆོས་ལུགས་བརྡོལ་བོན་བྱ་བ་མར་འདྲེ་སྲི་གནོན་པ་དང་། ཡར་རྒན་གྱི་ལྷ་མཆོད་པ་དང་། བར་ཁྱིམ་ཐབ་འདོན་པ་བཅས་ཐོག་མར་དར་བ་ཡིན་ལ། དེར་རྒྱལ་པོར་སྐུ་གཤེན་བྱ་བའི་རིམ་གྲོ་མཁན་ཡང་བཙན་པོའི་གཡས་གཡོན་དུ་བཞུགས་པར་བཤད་ཅིང་། དེ་དག་ནི་བཙན་པོས་བླ་མའི་ཚུལ་དུ་གཙུག་ལ་བཀུར་བར་གྲགས། དེ་ལྟར་རིམ་པར་བརྒྱུད་ནས་རྒྱལ་རབས་བདུན་སོང་མཚམས་བོད་རྒྱལ་དྲི་གུམ་བཙན་པོའི་རིང་ལ། རིམ་གྱིས་སྔ་མའི་རྨང་གཞིའི་སྟེང་ནས་བོན་ལུགས་ཇེ་དར་དང་བོན་གཤེན་ཇེ་མང་དུ་སོང་བར་མ་ཟད། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུར་ཎ་ཝ་པྲ་ཞེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་། །གནམ་ལ་འཕུར་ཞིང་ཁ་ནས་མངོན་ཤེས་སྨྲ། །ཤིང་ལ་འབྲེང་འབྲ་རྡོ་ལ་ལྷུ་གཟུག(ས་)འདྲལ། །རྟག་ཏུ་ཤ་ཆང་གིས་ནི་འདྲེ་མཆོད་བྱེད། །དེ་ལ་རྒྱལ་པོས་བླ་མཆོད་བཀུར་སྟི་མཛད། །”① ཅེས་དང་། ཡང་“ཡབ་(དྲི་གུམ་བཙན་པོ་)ཀྱི་རིང་ལ་ཞང་ཞུང་དང་བྲུ་ཤའི་གཤེན་གྱི་དུར་བོན་བྱུང་ཞིང་”ཞེས་བཀོད་པ་བཞིན་སྐབས་དེར་མངལརིས་ཞང་ཞུང་གི་ཕྱོགས་ནས། ཕྱི་རོལ་མུ་སྟེགས་དབང་ཕྱུག་གི་གྲུབ་མཐའ་འཁྱར་ནས་བོན་གྱི་ལྟ་བ་དང་འདྲེས་པའི་འཁྱར་བོན་བྱ་བ་མེ་ལྷ་སྒྲུབ་པ་དང་སོག་མོ་འདེབས་པ་གཤིན་པོ་འདུར་བ་ལ་སོགས་པ་ཤིད་ཀྱི་བྱེ་བྲག་རྣམས་ཆེས་ཆེར་དར་བ་དང་བོན་གཤེན་ཡང་ཡང་དུ་བྱུང་བར་བརྟེན་སྐུ་གཤེན་རྣམས་ཀྱང་རིམ་གྱིས་རྒྱལ་པོའི་གོང་ན་དབང་དྲགས་ཤིང་མངའ་ཐང་ཆེ་བ་ཡིན་ཏེ། 《སྒྲགས་པ་རིན་ཆེན་གླིང་གྲགས་》བྱ་བར། “གཤེན་པོ་རྣམས་ནི་དབུ་མཐོ་ལ་དྲེགས་ཆེ་བས། དུས་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་གདའ་སྟེ། སྲས་དང་དབོན་གྱི་རིང་ལ་རྒྱལ་སྲིད་བོན་གྱི(ས་)འཁྱེར་བར་མཆིའོ། ། ཞེས་བཀོད་པ་ལྟར་བཙན་པོའི་དབང་ཆར་ཐད་ཀར་ཐེ་གཏོགས་དང་ཚོད་འཛིན་འབྱུང་ཉེན་ཆེ་བས། དེར་བཙན་པོས་རང་གི་ཆབ་སྲིད་ཀྱི་དོན་དུ་“འཐབ་ཟླ་”མི་བཅོལ་ཀ་མེད་ཀྱི་གནས་སུ་ལྷུང་བ་ཡིན་ཏེ། བློན་པོ་མཛངས་པ་རྣམས་ཀྱིས་ཀྱང་ཚུལ་དེ་གཟིགས་པས་བཙན་པོའི་སྙན་དུ། “ཀྱེ་རྗེ་རྒྱལ་བཙད་པོ་ལགས། དབུའི་ཞྭ་ཆེ་ན་ལུས་ལ་རྔུལ་དུ་མཆི། ཟས་ཞིམ་པོ་ཟོས་དྲགས་ན་སྐྱུག་བྲོ། ཤིག་འཁྱམས་རྐང་ལ་ཞུགས་ན་དབུའི་བཙུག་སྙོག །བོན་པོ་མགོ་མཐོས་པ་འདིས། རྗེའི་མངའ་ཐང་ཕྲོགས་པར་མཆིའོ། །”① ཞེས་དཔེ་དང་བཅས་གསོལ་ཅིང་། བློ་བཏོན་པར་བརྟེན་“རྒྱལ་པོ་གླེན་པ་གྲི་གུམ་དང་། །བོན་གཤེན་རྣམས་ཀྱི་བར་དུ་ནི། །ཆེ་གཉིས་དྲེགས་པའི་མེ་ཡང་སྦར། །ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས། །”② ཞེས་འཁོད་པ་བཞིན་བཙན་པོས་རང་གི་མངའ་ཐང་སྐྱོང་ཆེད་རྒྱལ་གཤེན་བར་དུ་ཆེ་གཉིས་དབང་རིས་དྲེགས་པའི་འཐབ་རྩོད་ཀྱི་མེ་སྦར་ཐོག ཆུང་གསུམ་མཛངས་བློན་དག་གི་“ཕྲ་མའི་་་ཤིང་ཡང་བསྣན་པ་སོགས་རྐྱེན་བྱས་ནས། རྒྱལ་སྲིད་བརྟན་ཆགས་སུ་ཡོང་བའི་ཐབས་སུ་བཙན་པོ་རང་ཉིད་ཀྱིས་སྐུ་ཚེ་སྟོད་ལ་བླར་བཀུར་བའི་སྐུ་གཤེན་རྣམས་དང་“སྟོབས་འགྲན་པ་་'དང་ཆབས་ཅིག །“ཡབ་མེས་ཀྱིས་བླར་ཁུར་བའི་གཤེན་པོ་རྣམས་བོད་ཡུལ་རུ་བཞི་ལས་འདས་པ་ཞིག་ཏུ་སྤྱུགས་”①པས། དེ་ནི་བོན་གཤེན་དག་ལས་རྣམ་པར་རྒྱལ་བའི་འབྲས་བུ་ཞིག་ཡིན་མོད། འོན་ཀྱང་དེ་ལྟར་བྱུང་བ་རང་གི་ཁེ་ཕན་ལ་རག་ལས་པའི་བོན་གཤེན་རྣམས་ཀྱི་ཚབ་བྱེད་མི་སྣ་ལོ་ངམ་ལྟ་བུས་མ་བཟོད་པར་བཙན་པོར་གླགས་འཚོལ་བའི་ལྐོག་གཡོའི་སྦྱོར་བ་རིམ་པར་བཤམས་པ་དང་བཅས་མི་རིང་བར་“ལོ་གཅིག་ཟླ་བ་ཕྱེད་ལོན་ནས། དྲི་རུམ་བཙན་པོ་ལོ་ངམ་རྟ་རྫི་དང་འཐབ་ནས། རྗེ་སྲོག་འབངས་ཀྱིས་བཅད་པའི་རྟགས་བྱུང་ནས།”②བཙན་པོ་འདི་པ་མི་རྟག་པའི་ལམ་ལ་བཅུག་པ་དེ་ནི། སྐབས་དེའི་གནས་ཚུལ་དངོས་དང་ལོ་རྒྱུས་སྟེགས་བུའི་སྟེང་དུ་འབྱོལ་ཐབས་མེད་པའི་སྐྱོ་བའི་ཟློས་གར་ཞིག་ཀྱང་ཡིན་ནོ །  
          དེ་ལྟར་བློན་པོ་ཧམ་སེམས་ཅན་གྱིས་མཛངས་འཕྲུལ་ལྡན་པའི་རྒྱལ་པོ་མི་རྟག་པའི་ལམ་དུ་དྲངས་རྗེས། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “ལྷ་སྲས་མཆེད་གསུམ་ཡབ་ཀྱི་དཀོར་མཛོད་ནས། །ལྷ་ཡི་གླང་བུ་ཅེ་འུ་རུ་དཀར་ཞེས། །འཕུར་ཤེས་ཞོན་ནས་རྐོང་པོའི་ཡུལ་དུ་བྲོས། །”③ཞེས་དང་། ཏུན་ཧོང་ཡིག་རྙིང་དུའང་། “སྲས་གཉིས་ཀྱང་ཤ་ཁྱི་དང་ཉ་ཁྱིར་བཏག་སྟེ་རྐོང་ཡུལ་དུ་སྤྱུགས་སྟེ་བཀྱེའོ །”④ཞེས་བཀོད་པ་བཞིན་བཙན་པོའི་ཤུལ་ན་རིགས་རྒྱུད་ཀྱི་མྱུ་གུ་ཙམ་ཡང་ལུས་པར་བྱེད་མ་འདོད་དེ། རྒྱལ་སྲས་དག་ཀྱང་གདུག་ཅན་དྲག་པོའི་རླུང་གིས་དེད་ནས་ས་མཐར་སྤྱུགས་པས་སོ་སོར་འཁྱམས་ཤིང་། རྒྱལ་པོ་བཀྲོངས་པའི་“སྤུར་ནི་ཟངས་བརྒྱའ་མ་ཁ་སྤྲོད་ཀྱི་ནང་དུ་བཅུག་སྟེ། གཙང་པོའི་གཞུང་ལ་བཏང་ངོ་། །ཆབ་གཞུག་སེར་ཚངས་སུ། ཀླུ་འོ་དེ་རིང་མོའི་ལྟོར་གཤེགས་སོ། །”ཞེས་ཏུན་ཧོང་ཡིག་རྙིང་ལས་བྱུང་བ་བཞིན་བཙན་པོའི་གདུང་གཙང་པོའི་གཞུང་ལ་བསྐྱུར་བ་རྐོང་ཡུལ་དུ་ཁྱེར་ནས། ཆུ་སྲིན་བྱེ་མ་ལག་རིང་བྱ་བས་མཛོད་དུ་མནན་ནས་བཞག་ཅེས་ལོ་རྒྱུས་ཡོངས་གྲགས་ནའང་གསལ་བས། སྤུར་ཡང་རེ་ཞིག་བདག་མེད་ངང་ལུས་པར་གྱུར་ཏོ། །      
          ཡང་དེང་དུས་གྱི་བློ་གསལ་འགའ་རེས་གྲི་གུམ་བཙན་པོ་ནི་བོན་ཆོས་ལ་ཤིན་ཏུ་དད་པ་ཞིག་ཡིན་པར་མ་ཟད། གྲི་གུམ་ཞེས་པའི་མཚན་ཡང་སངས་རྒྱས་ཆོས་ལུགས་པས་འཕྱ་དམོད་ཀྱིས་བཏགས་པར་འདོད་མོད། འོན་ཀྱང་དོན་དངོས་སུ་གོང་དུ་སྨྲས་པ་བཞིན་རྒྱལ་པོ་གྲི་གུམ་བཙན་པོས་སྐུ་ཚེ་སྟོད་ལ་བོན་པོར་བཀུར་བསྟི་བྱས་ཀྱང་། སྐུ་ཚེ་སྨད་ཙམ་ལ་ཆབ་སྲིད་ཀྱི་དབང་གིས་“མུ་སྟེགས་ལྟ་ལོག་བོན་གྱི་བྱིན་རླབས་ཆུངས། །རྒྱལ་པོའི་ཐུགས་སུ་འདུས་(བདུད་)རིས་གདོན་གསོལ་གྱུར། །”①ཅེས་པ་ལྟར། རྒྱལ་པོ་དབང་དང་ན་ཚོད་རྒྱས་ནས་བོན་གྱི་བྱིན་རླབས་ཆུང་བར་མཐོང་བར་མ་ཟད། ཐུགས་ལ་གདོན་ཞུགས་ནས་བོན་བསྣུབས་པ་སོགས་བོན་པོ་རྣམས་ཀྱི་བཤད་རྒྱུན་དང་མཐུན་པས། ཁོ་ཚོས་བཙན་པོ་འདི་པར་དམོད་ན་མ་གཏོགས། སངས་རྒྱས་ཆོས་ལུགས་པས་གྲི་གུམ་བཙན་པོར་འཕྱ་བའི་གནས་མེད་དོ། 
          གཞན་ཡང་བོད་ཀྱི་ལོ་རྒྱུས་རྣམས་སུ་བཀོད་པ་ལྟར་དུ་ལོ་ངམ་བྱ་བ་ནི་འབངས་ཕལ་པ་རྟ་རྫི་ཞིག་ཡིན་ག་ལ་སྲིད། དེ་ནི་བཙན་པོའི་ནང་འཁོར་ནས་བོན་གཤེན་དག་གི་ཕྱོགས་སུ་ལངས་པའི་རྒྱལ་པོར་འགྲན་ཟླ་བྱེད་པའི་བློན་པོ་ཞིག་གམ་ཡང་ན་རྒྱལ་ཕྲན་ཞིག་གི་རྒྱལ་པོ་ལྟ་བུ་ཞིག་ཡིན་ངེས་ཏེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་《རྒྱལ་རབས་གསལ་བའི་མེ་ལོང་》དང་། 《དེབ་ཐེར་དཔྱིད་གྱི་རྒྱལ་མོའི་གླུ་དབྱངས།》 《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་》སོགས་སུ་“བློན་པོ་ལོ་ངམ་”ཞེས་བཀོད་ཡོད་ཅིང་། 《མཁས་པའི་དགའ་སྟོན་》དུའང་། “རྒྱལ་ཕྲན་ལོ་ངམ་རྟ་རྫི་བྱ་བ་ལ་”ཞེས་རྒྱལ་ཕྲན་ཞིག་ཏུ་ངོས་བཟུང་བར་མ་ཟད། ཏུན་ཧོང་ཡིག་རྙིང་དུའང་ཡུལ་འཕྱིང་བ་སྟག་རྩེ་དང་ཉང་རོ་ཤམ་པོ་གཉིས་ཐ་དད་དུ་ཡོད་པ་གསལ་པོར་བཀོད་ཡོད་ལ། དེ་མིན་ལོ་ངམ་གྱིས་བཙན་པོ་བཀྲོངས་ནས་སྲས་དག་སྤྱུགས་མཐར་རང་ཉིད་ཀྱིས་ཡུག་ཅིག་ལ་རྒྱལ་སྲིད་བཟུང་བ་ཡོངས་གྲགས་ལགས་ན། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་རྟ་རྫི་ཉིད་དུ་རྟོག་བཟོས་བཅོས་པ་མ་གཏོགས། དོན་དུ་ལོ་ངམ་ནི་དབང་ནུས་ཤེད་གསུམ་འཛོམས་པའི་བློན་པོ་བཙན་དྲག་ཅན་ཞིག་ཡིན་པ་གོར་མ་ཆག་གོ།  
          འོ་ན་རྒྱལ་པོའི་གདུང་རྒྱུད་ལ་ཡབ་བཀྲོངས་སྲས་སྤྱུགས་ཀྱི་ཟིང་ཆ་སྐྱི་གཡའ་ཞིང་སྐྱོང་བ་དེ་འདྲ་བྱུང་རྗེས། དེ་རྣམས་ཚུལ་ཇི་ལྟ་བུར་གྱུར་ཅེ་ན། དེ་ཡང་བཙན་པོ་འདི་ཉིད་ལ་ལྕམ་སྲིང་ཅི་ཙམ་བྱུང་བའི་ཐད་ལ་ལོ་རྒྱུས་སྨྲ་བ་སྔོན་མ་དག་གིས་སྲས་བཞི་བྱུང་བར་འདོད་ལ། 《མཁས་པའི་དགའ་སྟོན་》དུའང་། “གཅེན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད། །འབྲིང་པོ་བྱ་ཁྲིས་པོ་བོའི་མངའ་དབང་མཛད།།   ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་སྐད།། ལོ་ངམ་གྱིས་ནི་ལྷ་གཅིག་ཆུང་མར་བཟུང་། །ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། །”①ཞེས་སྲས་གསུམ་སྲས་མོ་གཅིག་བཅས་མིང་སྲིང་བཞི་ཡོད་པར་བཤད་མོད། འོན་ཀྱང་བཙན་པོ་ཁྲི་ལྡེ་སྲོང་བཙན་(སད་ན་ལེགས་མཇིང་ཡོན་)གྱི་སྐབས་སུ་རྐོང་དཀར་པོའི་རྗེར་གཙིགས་གནང་བའི་ཕྱི་མོ་རྐོང་པོ་དེ་མོའི་བྲག་བརྐོས་ཡི་གེར་②གསལ་བ་ལྟར་ན། “དྲི་གུམ་བཙན་པོའི་སྲས། གཅེན་ཉ་ཁྱི་དང་། གཅུང་ཤ་ཁྱི་གཉིས་ལ། གཅུང་ཤ་ཁྱི་ནི། ལྷ་བཙན་པོ། གཅེན་ཉ་ཁྱི་ནི་རྐོང་དཀར་པོལིརྗེ།”ཞེས་སྲས་གཉིས་ལས་མི་སྣང་ཞིང་། གཞན་ཏུན་ཧོང་ཡིག་ཆར་ཡང་། “སྲས་མཆེད་གཉིས་ནི་ཤ་ཁྱི་དང་ཉ་ཁྱོར་བཏགསྟེ་། རྐོང་ཡུལ་དུ་སྤྱུགསྟེ་བཀྱེའོ །”ཞེས་དང་། ཡང་“གཅུང་ཉ་ཁྱི་ནི་ཡབ་ཀྱི་མདད་བཏང་ངོ་། །གཅེན་ཤ་ཁྱི་     ནི་ཡབ་ཀྱི་སྐུ་མཚལ་གཉེར་(དགྲ་ཤ་བླངས་པའི་དོན་)དུ་གཤེགས་སོ། །ཉ་ཁྱི་ནི་རྐོང་དཀར་པོ་ལགས་སོ། །”ཞེས་གཅེན་གཅུང་གོ།ལ་བ་ཙམ་ལས་ཤ་ཁྱི་བཙན་པོ་དང་ཉ་ཁྱི་རྐོང་རྗེ་ཡིན་པ་ཤིན་ཏུ་མཐུན་པས་སྲས་གཉིས་ཅན་བདེན་ཤས་ཆེ་སྙམ། དེ་མིན་ཆོས་འབྱུང་དང་དེབ་ཐེར་རྣམས་སུ་སྲས་གསུམ་ལས་གཉིས་ཀྱིས་སྤོ་བོ་དང་ཉང་པོའི་རྗེ་མཛད་པར་བཤད་པ་དང་། ལོ་རྒྱུས་ལ་ལར་སྲས་གཅིག་འཁྱམས་ནས་ཕྱིས་ཀྱི་སོག་པོའི་རྒྱལ་རྒྱུད་བྱུང་ཚུལ་བཤད་པ་①སོགས་ལ་དཔྱོད་ལྡན་དག་གིས་བརྟག་པར་འཚལ་ལོ། །
          དེ་ལྟར་སྲས་གཉིས་སྤྱུགས་ཏེ་ས་མཐར་གནས་པའི་ཤུལ་དུ་“དེའི་ཚེ་རྒྱལ་པོའི་བཙུན་མོ་ལ་ཡར་ལྷ་ཤམ་པོའི་བུ་གཅིག་བྱུང་བ། མིང་རུ་ལ(ས་)སྐྱེས་ཞེས་གྲགས།”②ཞེས་མཁས་པ་སྔོན་མ་དག་གི་གསུང་རྒྱུན་དུ་བཙན་པོའི་བཙུན་མོར་བུ་ཡར་ལྷ་ཤམ་པོའི་སྤྲུལ་བ་ཞིག་སྐྱེས་ཚུལ་ལྷ་སྒྲུང་དང་འདྲེས་པའི་ལོ་རྒྱུས་ཤིག་གླེང་བར་འདུག་མོད། འོན་ཀྱང་ཏུན་ཧོང་ཡི་གེར་སྐབས་དེ་ལ་བཀྲགས་དང་རྒྱ་བྱ་བའི་རུས་ཚན་གཉིས་འཐབ་པས། བཀྲགས་རབས་ཆད་ནས་བཀྲགས་ཀྱི་ཆུང་མ་ཞིག་ལྟོར་བུ་གཅིག་ཁྱེར་ཏེ་བྲོས་པ་ཕ་མིང་གི་ཡུལ་དུ་ཐར་ནས་བུ་སྐྱེས་པ་རུ་ལས་སྐྱེས་བྱོན་ཚུལ་འཁོད་ཡོད་དེ། གང་ལྟར་ཀྱང་ཤུལ་ནས་བུ་རུ་ལས་སྐྱེས་བྱ་བ་ཞིག་བྱུང་ནས། དེ་ནར་སོན་ཏེ་བློ་མཛངས་ཤིང་མཐུ་སྟོབས་ལྡན་པ་ཞིག་ཏུ་གྱུར། དེའང་འགྲེང་ནུས་ཙམ་ནས་མ་ལ་མི་ཀུན་ལ་ཕ་ཡོད་ན་ངའི་ཕ་གར་སོང་། མི་ཀུན་ལ་མཆེད་ཡོད་ན་ངའི་སྤུན་སུ་རེད། ཅེས་དྲིས་པའི་ཚུལ་ཏུན་ཧོང་ཡིག་ཆར་གསལ་ཞིང་། 《མཁས་པའི་དགའ་སྟོན་》དུའང་། “ལོ་བཅུ་ལོན་ཚེ་ཕ་དང་ཕུ་བོ་འདྲི། །རྒྱལ་པོའི་གདུང་རྒྱུད་སྤུན་ཟླ་འཚོལ་དུ་ཕྱིན། །”ཅེས་འཁོད་པ་ལྟར། ཡུམ་ལ་སྔར་གྱི་ལོ་རྒྱུས་རྣམས་ཞིབ་པར་དྲིས་པས་ཡབ་བཀྲོངས་སྲས་སྤྱུགས་ཀྱི་གནས་ཚུལ་ཀུན་ཤེས་པར་གྱུར་ནས། ཡིད་ལ་སྐྱོ་སྡང་ལྷན་གཅིག་ཏུ་སྐྱེས་ཏེ་དགྲ་ལན་འཁོན་སློག་གི་ལས་ལ་ཐོག་མར་སྤུན་མཆེད་བཙལ་དགོས་པ་གལ་ཆེ་བར་སེམས་ནས། སྔོན་ལ་ཇོ་བོ་གཉིས་གར་སོང་བཙལ་བར་ཕྱིན་པས་རྐོང་ཡུལ་བྲེ་སྣ་བྱ་བར་སྲས་གཉིས་དང་མཇལ་ཅིང་། དེ་ནས་“གཅེན་ཤ་ཁྱི་ནི་ཡབ་ཀྱི་སྐུ་མཚལ་གཉེར་དུ་གཤེགསོ།་་་་་་དམག་སུམ་སྟོང་སུམ་[བ]རྒྱ་ཞིག་དང་ཆསྟེ་གཤེགསོ།”① ཞེས་བཀོད་པ་བཞིན་སྤུན་མཆེད་དཔུང་ཆེན་པོ་དང་བཅས་ཀྱིས་ལས་དང་པོ་ཕ་བསད་ཀྱི་ལག་དམར་ལོ་ངམ་ཕོ་བརྒྱ་མོ་བརྒྱ་འཁོར་དང་བཅས་པ་རྩ་ནས་བསྒྲལ་ཅིང་། མཁར་ཉང་རོ་ཤམ་པོའང་ཕབ་ནས་“འགྲེང་ནི་བཙོན་དུ་བཟུང། དུད་ནི་མནངས་སུ་བཆད་(བཅད་)ནས།”②རྒྱལ་ཁ་བླངས་ཏེ་“བརླའ་བརྡུངས་”་པར་མ་ཟད། དེ་དང་ཆབས་ཅིག་ཡབ་རྒྱལ་པོའི་སྤུར་ཡང་རྐོང་ཡུལ་ནས་སླར་བླུས་ཏེ་③ཡར་ལུང་དུ་གདན་དྲངས་ནས་འཕྱིང་བ་དར་ཐང་བྱ་བར་བཙན་པོའི་བང་སོ་བརྩིགས་ནས་“སྤུར་བཏབ་”པས་བསམ་པའི་དོན་ཀུན་གྲུབ་ཅིང་ཡབ་ཤུལ་སྲས་ཀྱིས་ཟིན་པ་ལགས་སོ། །  
          དེ་ལྟར་སྲས་གཉིས་ལས་རྒྱལ་ཤུལ་སུས་བཟུང་གི་ཐད་ལ་ 《རྒྱལ་རབས་གསལ་བའི་མེ་ལོང་》དུ། “སྤོ་བོའི་ཡུལ་ནས། སྲས་བྱ་ཁྲི་གདན་དྲངས་ཏེ། ཡར་ལུངས་སུ་བཞུགས། སྐུ་མཁར་བྱིང་ང་(འཕྱིང་བ་)སྟག་རྩེ་བརྩིགས། ཡུམ་གྱིས་སྲས་བྱ་ཁྲི་ལ་འཇུས་ནས། ལྷ་ལ་དམོད་བོར་བས། ནམ་མཁའ་ནས་སྒྲ་བྱུང་སྟེ། ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ། ། བུ་དེ་ཀུན་རྒྱལ་ཟེར་ཀྱང་སྤུ་དེ་གང་(གུང་)རྒྱལ་དུ་གྲགས་སོ། །” ཞེས་སྤུ་ལྡེ་གུང་རྒྱལ་བྱ་ཁྲི་ཡིན་པར་བཤད། ཡང་ལོ་རྒྱུས་ལ་ལར་ཉ་ཁྲི་བསྐོས་ཟེར་བ་སོགས་བོད་ཀྱི་མཁས་པ་སྔ་མ་རྣམས་ཞལ་མི་མཚུངས་མོད། འོན་ཀྱང་ཏུན་ཧོང་ཡིག་ཆ་དང་བྲག་བརྐོས་ཡི་གེ་བཅས་སུ་སྲས་ཤ་ཁྱི་(ཁྲི་)ལྷ་བཙན་པོ་ཡིན་པར་གསལ་པོར་བཀོད་ཡོད་པར་མ་ཟད། སྲས་ཤ་ཁྱི་དང་རུ་ལས་སྐྱེས་གཉིས་ཀྱིས་དྲག་པོའི་དཔུང་གི་ཤུགས་ལ་བརྟེན་ནས་ཡབ་ཀྱི་དགྲ་ཤ་བླངས་ཤིང་། གཤིན་པོའི་སྤུར་ཡང་བཏབ་མཐར་སླར་འཕྱིང་བ་སྟག་རྩེ་ལ་ཕེབས་པ་ན་ཤ་ཁྱིའི་ཞལ་ནས། “ཡུལ་འདི་ལ་ཡབ་རྗེ་མ་བཞུགས་ན། །ས་འདི་ཚོ་འབྲོག་རླུང་སྟོང་བ་འདྲ། །ཡབ་མངའ་རིས་བུ་ཡིས་མ་ཟིན་ན། །ས་འདི་ཡང་དུར་ས་ལུང་གོག་འདྲ། །”①ཞེས་མགུར་བཞེས་བཞིན་ཡབ་མེས་དག་གི་རྒྱལ་ཤུལ་འཛིན་སྐྱོང་གི་ཆེད་དུ་འགལ་རྐྱེན་ཐམས་ཅད་རྩ་ནས་བསལ་ཅིང་། མཐུན་རྐྱེན་མཐའ་དག་བླ་ནས་རྦུར་བར་བརྟེན། རང་ཉིད་སྐུ་ངོ་མས་ཡབ་རྗེའི་མི་འཇིགས་སེང་གེའི་ཁྲི་ལ་ཕེབས་ནས་བོད་རྗེ་མཛད་པས། “བཤོས་ན་ནི་སྤུ་དེ་གུང་རྒྱལ། གྲོངས་ན་ནི་གྲང་མོ་གནམ་བསེའི་(ཡབ་ཀྱི་བང་སོའི་མིང་)བརྩིག(ས་) ”②ཞེས་འབྱུང་བ་ལྟར་སྲས་ཀྱིས་སྲིད་དབང་བསྐྱངས་ནས་སྤུ་ལྡེ་གུང་རྒྱལ་དུ་གྲགས་ཤིང་། ཡབ་ལ་བང་སོ་བརྩིགས་པ་གྲང་མོ་གནམ་བསེར་འབོད་པ་བཅས་ཏུན་ཧོང་ཡི་གེར་གསལ་པོར་བཀོད་ཡོད་པས་ལྷ་བུ་རུ་ལས་སྐྱེས་ཀྱིས་གྲོགས་བྱས་ནས་རྒྱལ་སར་བཏོན་ཏེ། “འགྲེང་མགོ་ནག་གི་རྗེ། དུད་རྔོག་ཆགས་ཀྱི་རྐྱེན་དུ་གཤེགས་”③པའི་རྒྱལ་བུ་སྤུ་ལྡེ་གུང་རྒྱལ་ནི་བཙན་པོའི་སྲས་ཤ་ཁྱི་ཡིན་པ་གདོན་མི་ཟའོ།  
          དེ་ལ་ཡང་མཛངས་འཕྲུལ་ཅན་གྱི་བློན་པོ་རུ་ལས་སྐྱེས་ཀྱི་མཛད་རྗེས་དེ་ལྟ་བུ་ལ་བཙན་པོས་ཀྱང་དྲིན་ལན་བཀུར་སྟི་རྒྱ་ཆེན་པོ་བྱས་པར་མངོན་ཏེ། དཔའ་བོ་གཙུག་ལག་ཕྲེང་བས་“རྒྱལ་པོས་མི་མཆོག་རུ་ལས་སྐྱེས་ཁྱོད་ཀྱིས།། ང་ཡི་ཡབ་ཀྱི་གོ་བགྱིས་རྒྱལ་སར་བཏོན།། སྲས་ཀྱི་གོ་བགྱིས་ཡབ་ཀྱི་སྐུ་མཚལ་གཉིར།། ཆེ་ཆུང་མེད་པའི་མི་ཀུན་ཁྱོད་ལ་སྨོན། ། མིང་ཡང་ཁུ་བོ་ལྷ་བུ་སྨོན་བཟུང་ཞེས། ། བཏག་ཅིང་དྲིན་དུ་གཟོ་བ་རྒྱ་ཆེར་བྱས། །”ཞེས་གསུངས་པ་བཞིན་ནོ། ། 
          དེ་ལྟར་བཙན་པོ་ཡབ་སྲས་འདི་གཉིས་ཀྱི་རིང་ལ་ཆབ་སྲིད་ཐད་ལ་འགྱུར་ལྡོག་སྣ་ཚོགས་བྱུང་བ་དང་བསྟུན་བོད་ཀྱི་སྤྱི་ཚོགས་ཀྱང་འཕོ་འགྱུར་དང་གོང་འཕེལ་ཆེན་པོ་བྱུང་ཡོད། ཁྱད་པར་དུ་སྲས་སྤུ་ལྡེ་གུང་རྒྱལ་གྱི་རིང་ལ་མཛངས་པའི་བློན་པོ་རུ་ལས་སྐྱེས་སོགས་ཀྱིས་བློ་གྲོས་ཀྱི་རྩལ་ནུས་འདོན་སྤེལ་བྱས་ཡོད་པ་ནི་《མཁས་པའི་དགའ་སྟོན་》དུ།“མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་། །དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་བྱུང་། །ཤིང་ལ་མིག་ཕིབ་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་ལ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་། །” ཞེས་བཀོད་པ་བཞིན་བོད་ཡུལ་ལ་སྐབས་དེ་དུས་གཏེར་རྡོ་བཞུ་བའི་ལས་རིགས་བྱུང་བས་བཟོ་ལས་ཐོན་སྐྱེད་དར་བ་དང་། ཞིང་ཕྱུགས་ལག་རྩལ་ཡང་ཇེ་མཐོར་སོང་སྟེ་ཞིང་ལ་ཡུར་ཆུ་འདྲེན་པའི་ཆུ་མའི་ལོ་ཏོག་ཐོག་མར་བྱུང་བ་དང་། འགྲིམ་འགྲུལ་ཐད་ལ་ཡང་ཆུ་ཆེན་ལ་ཟམ་པ་འཛུགས་པའི་ཐབས་བྱུང་བ་སོགས་ཐོན་སྐྱེད་འཕེལ་རྒྱས་བྱུང་བ་དང་། ད་དུང་སྐུ་མཁར་འཕྱིང་བ་སྟག་རྩེ་རྒྱ་ཆེར་བརྩིགས་ནས་བཟོ་སྐྲུན་ལས་རིགས་ཇེ་རྒྱས་སོང་བ་སོགས་མདོར་ན་གདོད་མའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་ལམ་ལུགས་རྣམས་སྒྱུར་བཀོད་དང་གོང་འཕེལ་བཏང་ནས། བོད་ཀྱི་དཔལ་འབྱོར་ཐོན་སྐྱེད་སྔར་ལས་ཆེས་ཆེར་སྤེལ་བར་མ་ཟད། གོང་དུ་སྨྲས་པ་བཞིན་ཆོས་ལུགས་ཀྱང་ཡ་ཐོག་བྱུང་བའི་བརྡོལ་བོན་ནས་གཞུང་ལུགས་གང་འཚམ་ལྡན་པའི་འཁྱར་བོན་དར་བས་མཚོན། བོད་ཀྱི་རིག་གནས་སོགས་ཀྱང་ཐོག་མའི་རྨང་གཞི་ལས་གོང་འཕེལ་བྱུང་བ་བཅས་རྒྱལ་པོ་ཡབ་སྲས་འདི་གཉིས་ཀྱི་རིང་ལ་བོད་ཀྱི་སྲིད་འབྱོར་རིག་གསུམ་གང་ཅིའི་ཐད་ལ་དར་རྒྱས་སྔར་ལས་ལྷག་པ་བྱུང་བར་བརྟེན་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། དེ་བཞིན་འདི་ལྟ་བུའི་མཛད་རྗེས་བསྙོན་དུ་མེད་པ་འདི་ལ་བྱས་རྗེས་ལྷག་པར་ཆེ་བ་ནི་བློན་པོ་རུ་ལས་སྐྱེས་ཡིན་པས། མཁས་པ་སྔོན་མ་རྣམས་ཀྱིས་མགྲིན་གཅིག་དུ་བློན་པོ་འདི་པ་བོད་ཀྱི་མཛངས་མི་བདུན་གྱི་དང་པོར་བགྲང་བ་ཡང་དོན་ལ་གནས་པ་ཡིན་ནོ། །  
          དེ་ལྟར་བརྗོད་དོན་རྣམས་མདོར་བསྡུས་ན་བོད་ཀྱི་ལོ་རྒྱུས་སྟེགས་བུའི་སྟེང་དུ་རྒྱལ་པོ་དྲི་གུམ་བཙན་པོ་ཞེས་ཆབ་སྲིད་ཀྱི་ཟློས་གར་མངོན་པར་བསྒྱུར་བ་ཞིག་བྱོན་པར་ངེས་ཤིང་། དེ་ཡང་རང་གི་མངའ་ཐང་སྐྱོང་ཆེད་བོན་གཤེན་རྣམས་དང་དགྲ་རུ་ལངས་པས་མཐར་བཙན་པོ་རང་ཉིད་མཚན་གྱི་ལྷག་མར་བྱས་པ་དང་། དེ་ནས་བཙན་པོའི་སྲས་དང་རུ་ལས་སྐྱེས་བཅས་རྗེས་རབས་རྣམས་ལག་ཆགས་ནས་ཡབ་ཀྱི་དགྲ་ཤ་བླངས་ཤིང་། རྒྱལ་སྲིད་བློན་པོའི་ལག་ནས་སླར་ཕྲོགས་ཏེ་སྲས་སྤུ་ལྡེ་གུང་རྒྱལ་གྱིས་མངའ་དབང་མཛད་པར་གྱུར་པ་དང་ཆབས་ཅིག་བོད་ལ་ཞིང་ལས་དང་བཟོ་ལས་སོགས་ཀྱི་ལག་རྩལ་གསར་པ་མངོན་པར་དར་བས་ཐོན་སྐྱེད་དར་རྒྱས་བྱུང་བ་དང་། བོད་ཀྱི་སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་ལྟར་འཕེལ་བའི་དགེ་ཁ་ལེགས་པར་ཕྱེ་བ་ལགས་སོ། །

①ལོ་རྒྱུས་ཕལ་ཆེ་བར་བཞེད་ཚུལ་འདི་བཀོད་ཡོད།
①ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་ལ་གོ
②རྐོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེ་ལ་ཟེར།
③ལོ་རྒྱུས་ཁུངས་ཐུབ་རྣམས་སུ་དྲི་གུམ་ཞེས་འབྱུང་བས་ཁོ་བོ་དེར་འཐད།
①དྲི་གུམ་བཙན་པོའི་ཡབ་ཡུམ་གྱི་མཚན་གཞས་ཡིན།
②《བསྒྲགས་པ་རིན་ཆེན་གླིང་གྲགས་》ཞེས་བྱ་བར་གསལ།
①《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་བྱ་བའི་ཤོག་ངོས་160པར་གསལ།
① 《སྒྲགས་པ་རིན་ཆེན་གླིང་གྲགས་》ཞེས་བྱ་བར་གསལ།   
② 《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་》ཞེས་བྱ་བར་གསལ།
① ②《སྒྲགས་པ་རིན་ཆེན་གླིང་གྲགས་》ཞེས་བྱ་བར་གསལ།   
③《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་བྱ་བར་གསལ།
④ ལོ་གསུམ་མམ་བཅུ་གསུམ་བཟུང་ཟེར་བ་སོགས་ཡོད།
①《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》ཞེས་བྱ་བར་གསལ།
①《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་བྱ་བར་གསལ།   
②《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》ཞེས་བྱ་བར་གསལ།
①②《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་》ཅེས་བྱ་བར་གསལ། 
①《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་བྱ་བར་གསལ།  
③ཏུན་ཧོང་གི་ཡིག་རྙིང་དུ་འདི་བླུས་ཚུལ་གཏམ་རྒྱུད་དང་བཅས་པ་ཞིབ་པར་འབྱུང་། 
② ཏུན་ཧོང་གི་ཡིག་རྙིང་ལས་བྱུང་བ་གོ་བདེ་བར་བསྒྱུར། 
②③ 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་བྱ་བར་གསལ།                                                                       
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1