སྙེ་མོའི་བོད་སྤོས་ཀྱི་ཐུན་མིན་དྲི་ཞིམ་གྱི་གསང་བ་འཚོལ་ཞིབ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-08


ཐོན་མདའ་གྲོང་ཚོའི་སྙེ་མོའི་བོད་སྤོས་ཐད་འཚོང་ཁང་། 
          དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་འདིར། ཕ་ཡུལ་དུ་ལོག་མཁན་རྣམས་ཀྱིས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཡག་ཤོས་ཕྱིར་ཕ་ཡུལ་དུ་ཁྱེར་ནས་ཉེ་དུ་མཛའ་གྲོགས་ཚང་མར་སྟེར་འདོད་ཡོད་པ་དང་། ཚགས་ཤ་སྐམ་པོ་དང་བོད་བཟོའི་ཁུག་མ། ནས་ཆང་སོགས་དེ་དག་ཚང་མ་ནི་མེད་དུ་མི་རུང་པའི་གདམས་ག་ཞིག་རེད། ཡིན་ནའང་། བོད་ཀྱི་དྲི་ཞིམ་གྱི་ཚབ་བྱེད་རུང་པའི་ཁྱད་ལྡན་ཐོན་དངོས་དེ་ཉིད་ནི་བོད་སྤོས་ལ་གཞན་ཡོད་པ་མི་སྲིད་པ་དང་།“གངས་ལྗོངས་བོད་སྤོས་དང་པོར”འབོད་པའི་སྙེ་མོའི་བོད་སྤོས་ལ་ཀུན་གྱིས་དགའ་བསུ་ཚད་མེད་གནང་གི་ཡོད་པ་རེད།
          སྙེ་མོ་རྫོང་ཐོན་པ་ཤང་ནི་ཆེས་ཐོག་མར་སྙེ་མོའི་བོད་སྤོས་ཐོན་སྐྱེད་བྱེད་གནས་ཡིན་ལ། ད་བར་ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ལྡན། ཐོན་པ་ཤང་ཐོན་མདའ་གྲོང་ཚོ་ནི་སྤུར་རྒྱལ་སྲོང་བཙན་སྒམ་པོའི་མཛངས་བློན་བདུན་གྱི་གྲས་ཀྱི་བོད་ཡིག་སྲོལ་གཏོད་པ་པོ་སློབ་དཔོན་ཐོན་མིས་འཁྲུངས་གཞིས་ཡིན་ལ།  འདི་གར་བོད་ཀྱི་སྲོལ་རྒྱུན་བོད་སྤོས་ཀྱིས་ལག་ཤེས་བཟོ་རྩལ་སྔར་བཞིན་སོར་འཇོག་གནང་ཡོད། དེར་བརྟེན“བོད་ཡིག་སྲོལ་གཏོད་མཁན་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་དང་། བོད་སྤོས་ཀྱི་འབྱུང་ཁུངས” ཞེས་མཚན་སྙན་ཡོད་པ་རེད། གྲོང་ཚོའི་ནང་ཧ་ལམ་མི་ཚང་མས་བོད་སྤོས་བཟོ་ཤེས་པ་དང་། ཟླ2 པའི་ཚེས4ཉིན། "དུས་རབས་གསར་པ། ཕུགས་འདུན་གསར་པ”ཞེས་པའི2018ལོའི་བོད་ཀྱི་དྲ་ལམ་སྨྱན་སྦྱོར་ལོ་སར་ལ་གཞི་རིམ་དུ་བསྐྱོད་པའི་ས་ཚིགས་བདུན་པ་སྙེ་མོ་རྫོང་ཐོན་མདའ་གྲོང་ཚོར་འབྱོར་ཏེ།  སྙེ་མོའི་བོད་སྤོས་བཟོ་རྩལ་ཀྱི་གསང་བའི་ཡོལ་རས་ཕྱི་རུ་བརྟོལ་པ་རེད།
སྙེ་མོའི་ཐོན་པའི་མཛེས་ལྗོངས་ཁུལ་ནང་གི་ཆུ་འཁོར་བར་ཁྱམས་ཀྱི་ཟུར་ཞིག
          ལོ་ངོ1300ཡི་རིང་ལ། སྙེ་མོའི་བོད་སྤོས་ནི་ཆུ་འཁོར་བརྡར་ཤིང་སྤྱད་པ་ཡིན་ལ། རིང་ཚད་ལ་སྤྱི་ལེ250ལྷག་ཙམ་གྱི་ཆུ་འཁོར་མང་པོས་བར་ཁྱམས་རིང་པོ་གྲུབ་པ་དང་། དེའི་བཟོ་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་ནང་བདམས་པ་རེད། སྙེ་མོའི་བོད་སྤོས་སྡེབ་སྦྱོར་བརྒྱུད་ཐོན་རྫས་དྲི་ཞིམ་ལྡན་ལ། ཉུང་མཐར་ཡང་ལས་རིམ་བརྒྱད་བརྒྱུད་དགོས་ཤིང་། ལས་རིམ་རེ་རེར་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད།
          སྙེ་མོའི་བོད་སྤོས་བཟོ་བའི་ཁྲོད་ཀྱི་ལས་རིམ་དང་པོ་ནི་སྡེབ་སྦྱོར་ཡིན་པ་དང་། དེའང་གསལ་པོར་བཤད་ན་གསང་བའི་སྦྱོར་ཁ་ལྟར་རྒྱུ་ཆ་བདམས་པ་རེད། སྙེ་མོའི་བོད་སྤོས་ཀྱི་རྒྱུ་ཆ་ཧ་ཅང་ཕུན་སུམ་ཚོགས་སྟེ་ཤུག་པ་དང་། སྤང་སྤོས།  ཁ་ཆེ་གུར་གུམ།  ཨ་གར། ཙན་ཏན་སོགས་སྨན་སྣ30ལྷག་ཙམ་ཡོད། “བོད་སྤོས་ཀྱི་སྤོས་རྡུལ་གྱི་རྒྱུ་ཆ་གཙོ་བོ་ཚང་མ་རླངས་སྣུམ་ནས་ཐོན་པ་ཡིན་པས། བོད་སྤོས་བཟོ་བྱེད་ཀྱི་རྒྱུ་ཆ་ཚང་མ་སྨན་དུ་སྤྱད་ཆོག་མོད། དེ་ལྟར་ནའང་སྨན་དུ་སྤྱོད་དུས་དེ་འདྲ་ཞིམ་པའི་ངེས་པ་མེད” ཅེས་ཐོན་པ་ཤང་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་ཞི། སྙེ་མོའི་བོད་སྤོས་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཞིབ་འཇུག་པ་མིག་དམར་གྱིས་གསལ་བཤད་གནང་བྱུང་།
བོད་སྤོས་ཀྱི་རྒྱུ་ཆ་སྡེབ་སྦྱོར་བྱེད་ཀྱིན་པ།
          སྡེབ་སྦྱོར་བྱས་རྗེས་བདམས་ཟིན་པའི་སྨན་རྫས་འཐག་ནས་ཕྱེ་མར་གཏོང་དགོས་ཤིང་། འཐག་པ་ཇི་ལྟར་ཕྲ་ཞིབ་ཡིན་ན་དེ་ལྟར་ལེགས།  དེ་ནས་ཕྱེ་མ་ནི་གསང་སྦྱོར་ལྟར་བསྡུར་ཚད་སྙོམས་པའི་སྒོ་ནས་སྡེབ་དགོས་ལ། གོ་རིམ་དེ་ནི་ཆུ་འཐག་གྱིས་ཤུག་པ་ཤིང་འདམ་དུ་འཐག་པ་རེད།  དེ་ནས་ཁ་ཆེ་གུར་གུམ་དང་ལི་ཤི། ཙན་དན་སོགས་སྨན་རྫས་ཀྱིས་དྲི་ཞིམ་ཕྱེ་མ་བཟོ་དགོས་ལ། ཡོ་འབོག་ཕྱེ་སོགས་བཀོལ་ནས་སྦྱར་ཕྱེ་བཟོ་དགོས། རྒྱུ་ཆ་སྡེབ་སྦྱོར་གྱི་བརྒྱུད་རིམ་ནི་བོད་སྤོས་ཀྱི་ནུས་པ་དང་སྤྱོད་སྒོ་གཏན་འཁེལ་ཐུབ་པའི་གོ་རིམ་གལ་ཆེ་ས་རེད། བརྒྱུད་རིམ་འདིའི་སྨན་རྒྱུའི་བསྡུར་ཚད་ཀྱིས་བོད་སྤོས་ཀྱི་བྱེད་ལས་གཙོ་བོ་གཏན་འཁེལ་བྱེད་ཀྱི་ཡོད”ཅེས་མིག་དམར་གྱིས་བཤད་བྱུང་།
བོད་སྤོས་ཀྱིས་རྒྱུ་ཆས་སྤོས་འདམ་ལ་སྡེབ་པ།
          སྔོན་གྱི་ལས་རིམ་གསུམ་འགྲུབ་རྗེས། འདམ་བག་བརྫི་དགོས་ལ། དེ་ཡང་སྡེབ་སྦྱོར་བྱས་ཟིན་པའི་ཕྱེ་མ་དྲི་ཞིམ་སྨན་ཕྱེ་ནང་བླུགས་ནས་ནང་དུ་ཆུ་བླུག་རྒྱུ་དང་། བརྫིས་ནས་སྙོམས་པོ་ཡོང་དགོས། ཉན་མ་ཐག་གོ་རིམ་ཤིན་ཏུ་སྟབས་བདེ་ཞིག་ཏུ་སྣང་ནའང་། དོན་དངོས་ཐོག་རྙོག་འཛིང་ཆེ་ཞིང་གནད་འགག་ཞིག་ཀྱང་རེད། དེར་ལུས་ཟུངས་དང་རིག་པ་མཉམ་གནས་ཀྱི་འདམ་བརྫིས་ཀྱི་བརྒྱུད་རིམ་ནི་དུས་རིམ་བགོས་ནས་ཕྱེ་མའི་ནང་དྲི་ཞིམ་སྨན་སྣ་ཉུང་ཙམ་ཉུང་ཙམ་བྱས་ཏེ་བསྲེས་ནས་བརྫི་དགོས་ཤིང་། གལ་ཏེ་ཐེངས་གཅིག་ལ་སྣོན་ཉུང་དྲགས་པའམ་ཡང་ན་མང་དྲགས་ན། བསྲེས་རྗེས་ཀྱི་སྤོས་འདམ་སྙོམས་པོ་མིན་པ་དང་། བཟོས་ཚར་པའི་སྤོས་ཆག་སླ་ལ་འབར་དཀའ་བ་མ་ཟད་སྣ་ལ་གཟན་པ་རེད།
སྤོས་སྦྱོར་པ་རྣམས་ཀྱིས་སྤོས་བཙིར་བཞིན་པ།
          དེའི་རྗེས་ནས།   སྤོས་བཟོ་དགེ་རྒན་གྱིས་བསྲེས་ཚར་པའི་སྤོས་འདམ་སྤོས་བཙིར་མཁན་ལ་བགོ་བཤའ་ཡག་པོ་རྒྱག་དགོས་ལ། སྤོས་བཙིར་མཁན་གྱིས་རྭ་ཅོ་ལས་སྤོས་རྐང་ཕྲ་མོ་བཙིར་ཏེ་གྲལ་དག་པའི་སྒོ་ནས་དབུགས་གཏོང་རང་བཞིན་ལྡན་པའི་སྲིང་སྐུད་པང་ལེབ་ཐོག་གྲལ་སྒྲིག་པོའི་ངང་འཇོག་དགོས་ལ། བསིལ་སྐམ་བྱས་རྗེས་བོད་སྤོས་གྲུབ་ཚར་པ་རེད། “དགེ་རྒན་ཁ་ཤས་ནི་སྤོས་སྦོམ་པོ་བཙིར་མཁས་ལ། འགའ་ཞིག་ནི་ཕྲ་མོ་བཙིར་མཁས། དེ་ཡང་སྤོས་སྒྲོན་པའི་མཇུག་འབྲས་ལ་བལྟས་ན། ཇི་ལྟར་ཕྲ་ན་དེ་ལྟར་འབར་སླ། དེ་བས་ནས་བོད་སྤོས་ཁྲོད་ཀྱི་སྨན་སྣས་སྣུམ་འདོན་པ་སྔར་ལས་ལེགས་ལ་འབར་ཡང་སྔར་ལས་སླ་བ་རེད”ཅེས་མིག་དམར་གྱིས་བོད་སྤོས་བདམས་པར་ཐད་ཀར་གྱི་ཚད་གཞི་ཞིག་གནང་བྱུང་།

གསར་དུ་བཟོས་པའི་བོད་སྤོས་བསིལ་སྐམ་བཞིན་པ།
          བོད་སྤོས་སྐམ་པའི་བརྒྱུད་རིམ་ནང་འོད་ཕོག་ཚད་འདང་ངེས་ལ་དྲོད་ཚད་བརྟན་པའི་ཁང་པའི་ནང་སྐེམ་པ་ལས་ཉི་འོད་འོག་ནས་སྐེམ་མི་རུང་སྟེ། དེ་ལྟར་མ་བྱས་ན་བོད་སྤོས་ཀྱི་རྒྱུ་སྤུས་དང་ཕན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། མིག་དམར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེང་སྐབས།  སྙེ་མོའི་བོད་སྤོས་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱིས་ལུས་སེམས་ལྷོད་ལ་ཕབ་བྱེད་དང་རིག་པ་གྲིམ་བྱེད། གློ་རླུང་ལུས་ཟུངས་སྐྱེད་པ་སོགས་ཕན་འབྲས་སྣ་མང་ལྡན་པའི་བོད་སྤོས་བཟོས་ནས་མི་སྒེར་གྱི་འདོད་མོས་བསྐངས་ཡོད། 2018ལོར་དྲ་ཐོག་དང་དྲ་ཕྱི་བརྒྱུད་རིམ་གྱིས་ཚོང་རའི་ཕྱོགས་སུ་ཁྱབ་གདལ་བྱེད་པའི་དུས་མཚུངས་ད་དུང་སྲོལ་རྒྱུན་གྱི་སྙེ་མོའི་སྤོས་གཙོ་བོར་བྱས་ཐོག   དམིགས་ས་ཡོད་པའི་སྒོ་ནས་ཕན་ནུས་དེ་བས་མང་བའི་བོད་སྤོས་ཞིབ་འཇུག་གསར་སྤེལ་གནང་འཆར་ཡོད་པ་རེད།

བོད་སྤོས་བཟོ་མཁན་གྱིས་སྐེམ་ཚར་པའི་བོད་སྤོས་བསྡུ་གསོག་བྱེད་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1