༄༅།། ཀླུ་ཆུའི་སྟོན་བཤད།
། རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-08
ཡ་་་་་་དེ་རིང་གི་ཉི་མ་བཟང་བོ། སྐར་མ་བཟང་བོ། བཀྲ་ཤིས་པའི་ཉི་མ། ཕུན་སུམ་ཚོགས་པའི་ཉི་མ། བསམ་དོན་འགྲུབ་པའི་ཉི་མ།གནམ་ལ་བཀྲ་ཤིས་འཁོར་ལོ་རྩིབས་བརྒྱད། ས་ལ་བཀྲ་ཤིས་པདྨ་འདབ་བརྒྱད། བོད་ལ་བཀྲ་ཤིས་དོན་ཀུན་འགྲུབ་པའི་ཉིན་འདི་ལ། མདོ་སྨད་ཀླུ་ཆུའི་ས་ཁུལ་གྱི་གཞི་བྱེས་སྤུན་ཟླ་རྣམ་པ་བཀྲ་ཤིས་བདེ་ལེགས་ཞུ།
ཡ་་་་་་ད་གཏམ་གྱི་མགོ་མ་ཀུ་རེ་ཡིན། གཏམ་ཀུ་རེ་བཤད་ན་སྣང་བ་སྐྱིད། ཟས་ཀྱི་མགོ་མ་མཆོད་ཁ་ཡིན་ཟས་མཆོད་གསུམ་འཕངས་ན་ཅི་བསམ་འགྲུབ་པ། ངས་དེ་རིང་བཀྲ་ཤིས་ལྷ་ཉིན་དཀར་པོ་ལ། བདུད་རྩི་ཆང་གི་མཆོད་ཅིག་འཕེན།
ཡ་་་་་་་ད་མཆོད་ཨོ་ཨ་ཧཱ། མཆོད་ཨོ་ཨ་ཧཱ། མཆོད་ཨོ་ཨ་ཧཱ། མཆོད་བླ་མ་ཡི་དམ་མཆོད། སངས་རྒྱས་བྱང་སེམས་མཆོད། དཔའ་བོ་མཁའ་འགྲོ་མཆོད། སྐལ་བཟང་སངས་རྒྱས་སྟོང་གི་རྒྱལ་བོ། སངས་རྒྱས་ཤཱཀྱ་ཐུབ་པ་མཆོད། ད་ན་ཀོ་ཤའི་མཚོ་གླིང་ནས་ཨོ་རྒྱན་པད་མ་འབྱུང་གནས་མཆོད། གཡུ་ལོ་བཀོད་པའི་ཞིང་ཁམས་ནས། རྗེ་བཙུན་འཕགས་མ་སྒྲོལ་མ་མཆོད། དགའ་ལྡན་ཆོས་ཀྱི་ཞིང་ཁམས་ནས་རྗེ་རྒྱལ་བ་བློ་བཟང་གྲགས་པ་མཆོད། པོ་ཏ་ལ་ཡི་གནས་མཆོག་ནས་ལྷ་སྐལ་ཐུགས་རྗེ་ཆེན་པོ་མཆོད། གཙང་བཀྲ་ཤིས་ལྷུན་པོའི་ལྷ་མཁར་ནས། པན་ཆེན་སྣང་བ་མཐའ་ཡས་མཆོད། མདོ་སྨད་ས་ཡི་ཐིག་ལེ་ནས། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་མཆོད། སྒར་གསར་ཆོས་གླིང་དགོན་པ་ནས། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་མཆོད། བོད་གངས་ཅན་གཡང་གི་ར་བ་ནས། སྐྱེས་ལྷ་རྨ་ཆེན་སྦོམ་ར་མཆོད། ཀླུ་ཆུའི་ཕྱུག་ལུང་ཐང་ཆེན་ནས། ལྷ་སྲས་ཨ་མྱེས་དམག་དཔོན་མཆོད། ཕ་དང་ཨ་ཁུའི་དགྲ་ལྷ་མཆོད། སྟག་ཤར་གཞོན་ནུའི་རླུང་རྟ་མཆོད། མ་དང་སྲུ་མོའི་ཟས་ལྷ་མཆོད། དེ་རིང་འདིར་བཞུགས་མགྲོན་པོ་རྣམས་ཀྱི་མགྲོན་ལྷ་ཡང་ཞིག་མཆོད་ཟེར་རྒྱུ།
ཡ་་་་་་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། བོད་ཁ་བ་ཅན་གྱི་གནས་མཆོག་ལྷ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་འདིར།
གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ་བརྒྱད་ཀྱིས་མཐའ་ནས་བསྐོར། གཡུ་ཡི་མེ་ལོང་འདྲ་བའི་མཚོ་མོ་ནང་ནས་འཁྱིལ་ལེ། གཞོང་དང་སྤང་ལྗོངས་སྨན་གྱིས་གང་ངེ༌། ས་འོག་ཐམས་ཅད་གཏེར་གྱིས་གང་ངེ༌། ས་སྟེང་ཐམས་ཅད་གཡང་གི་འཁྱིལ་བའི་རྒྱལ་ཁམས་འདི་ནས། སྟོད་ནས་མངའ་རིས་བསྐོར་གསུམ་ཆགས། བར་ནས་དབུས་གཙང་རི་བཞི་ཆགས། སྨད་ནས་མདོ་ཁམས་སྒང་དྲུག་ཆགས།
ཡ་་་་་ མདོ་སྨད་ས་ཡི་ཐིག་ལེ། ཀླུ་ཆུའི་གསེར་ལྗོངས་གཡང་གི་ར་བ་འདི་ཡང༌། ཆོས་མདོ་སྔགས་ཀྱི་བསྟན་པ་དར་ས། དཔལ་འབྱོར་གྱི་མཚོ་མོ་བརྡོལ་ས། རིག་པའི་གནས་བཅུ་ལ་ནང་བྱིན་ཆུད་ས། རིག་པ་འབྱུང་བའི་གྲོང་ཁྱེར་འདི་ནས། དམ་པའི་ལྷ་སྡེ་དང༌། འཇིག་རྟེན་མི་སྡེ་ཆགས་ཚུལ་རེ་བཤད་ན། སྤྱི་དཔོན་ནང་སོའི་བཀའ་ཁྲིམས་འོག་ནས། རྒྱལ་ཁྲིམས་གདུགས་དཀར་གཅིག་གིས་ཁྱབ་ནོ།ཨ་གྲུང་ཚོ་བ་བཅུ་གཉིས་ཡོད་ནིས་ཟེར་གི ཕྱི་ཤོག་དྲུག་དང་བཅོ་བརྒྱད་ཡོད་ནིས་ཟེར་གི ཤོལ་ཤོག་གསུམ་དང་ཉེར་གཅིག་ཡོད་ནིས་ཟེར་གི། ཁང་སྐྱ་ལེབ་ཅན་ལ་ཁྲི་སྡེ་ཡོད་ནིས་ཟེར་གི སྦྲ་རོག་རོག་ཅན་ལ་ཁྲི་སྡེ་ཡོད་ནིས་ཟེར་གི གུར་དཀར་པོ་ཅན་ལ་ཁྲི་སྡེ་ཡོད་ནིས་ཟེར་གི སྨད་རྒྱ་ནག་ནས་འོང་བའི་སྟོང་སྡེ་ཡོད་ནིས་ཟེར་གི། བྱང་ཧོར་ནས་མཆེད་པའི་སྟོང་སྡེ་ཡོད་ནིས་ཟེར་གི། གཙང་ལ་སྟོད་ནས་མཆེད་པའི་དམག་སྡེ་ར་ཡོད་ནིས་ཟེར་ག
ཡ་་་་་་ ས་རྡོ་རྗེ་འདྲ་བའི་སྐེད་པ་ན་ཆགས་ནོ། ཆོས་སྡེ་སྣོད་གསུམ་གྱི་རང་སྒྲ་སྒྲོག་ས། ལེགས་བཤད་གསེར་གྱི་ཐང་མ་བརྡལ་ས། དམ་པའི་ཆོས་ཀྱི་དགའ་སྟོན་འགྱེད་ས། ལུང་རིགས་ཆོས་ཀྱི་དབྱངས་སྙན་སྒྲོགས་ས། ཉམས་རྟོགས་ཅན་གྱི་བླ་མ་བཞུགས་ས། མཁྱེན་རྒྱ་ཅན་གྱི་མཁས་པ་བྱོན་ས། བྱིན་རླབས་ཅན་གྱི་རྟེན་གསུམ་མང་ས། གཅིག་མཇལ་ན་ཐར་བའི་ས་བོན་བསྐྲུན་ས། དཔལ་ན་ལེན་དྲ་ཡི་དོ་ཟླ་ཡོང་ས་འདི། ས་མདོ་སྨད་ཀླུ་ཆུ་རྫོང་འདི་ཡིན་ན་ཟེར་རྒྱུ།
ཡ་་་་་་ས་མདོ་སྨད་ཀླུ་ཆུ་རྫོང་འདི་ཡིན་ན། བློན་ཆེན་མགར་སྟོང་བཙན་གྱི་གདུང་རྒྱུད་ཡིན་ནིས་ཟེར་གི། རིགས་རྒྱུད་ཡག་པ་ལྷ་ལས་མཆེད་ཅིང༌། རུས་རྒྱུད་དཀར་བོ་དུང་ལས་མཆེད་པའི། ཁང་བ་ཀ་བཞི་གདུང་བརྒྱད་བཞེངས། དེ་ནས་ཐང་དགེ་ལུང་བ་ཆགས། རིམ་བཞིན་ཟམ་ཚ་རི་དྲུག་ཆགས། དེ་ནས་རོང་འབྲོག་ཚོ་བ་ཉེར་དགུ་ཆགས་ནིས་ཟེར་ག
ཡ་་་་་་གཡས་རི་བཀྲ་ཤིས་དུང་དཀར། གཡོན་རི་འདོད་འབྱུང་བུམ་བཟང༌། མདུན་རི་ཨ་མྱེས་དམག་དཔོན།རྒྱབ་རི་གཏེར་རྫོང་ཕྱུག་མོ། བྲག་དཀར་ལྷ་རྒྱལ་དཀར་པོ། རྫ་དམར་རི་རྒྱལ་ལྷུན་པོ། ཁྲ་མོའི་བྲག་གི་འདུ་རྫོང༌། བར་དགུའི་རྫ་ར་སྨུག་ཆུང༌།མགོ་མང་རྒྱ་དེ་ཕྱུག་མོ། ཟངས་ངའི་གཡུ་མཚོ་ཕྱུག་མོ། རྫོང་ཆེན་གཡང་ར་ཕྱུག་མོ། རྫས་ཚའི་ཁྱུང་མགོ་ཕྱུགས་མོ། ཟམ་ཚའི་མཛོད་ར་ཕྱུགས་མོ། ས་འདི་རུ་མཆེད་པའི་རུས་ལྷ་ཡིན་ནིས་ཟེར་གི
ཡ་་་རྩྭ་སྐྱེས་སྐྱེས་ཚང་མ་སྨན་ཏོག་ཡིན་ས། འབྲུ་རིགས་སྣ་ལྔ་ལ་སོགས་ཞལ་ཟས་རོ་བརྒྱ་ལྡན་ས། འབྲི་ཐུལ་མ་རྣ་ཙོར་ལྡེམ་མེ་བྲེ་སེར་འབྲོང་ལ་འདྲེས་ས། རྟ་མདོ་བ་རྨིག་སྒྲ་ལྡིར་རེ་གཡུ་འབྲུག་ཚང་ནས་ལངས་འདྲ། ལུག་ཚེར་མོ་བལ་ཁ་གྱི་ལེ་ནམ་མཁའི་སྤྲིན་དང་མཉམ་འདྲ། མ་སྲུ་མོ་གཡུ་བྱུར་ལྡེམ་མེ་རྨ་བྱའི་སྒྲོ་གར་ཕུབ་འདྲ། ཕ་ཨ་ཁུ་འཛུམ་ཆུང་ཤོད་ལེ་རི་རྒྱལ་བཞིན་དུ་བརྟན་ས། འདི་འདྲའི་ཕ་ས་སྐྱིད་པོ་འདི། ཕ་ཡུལ་ཀླུ་ཆུའི་རོང་འབྲོག་ཡིན་ནིས་ཟེར་ག
ཡ་་་་་་་ དབྱར་གསུམ་ལོ་ཡག་སྙེ་མའི་གར་སྟབས་བསྒྱུར་ན། གོས་ལྗང་སྨུག་གི་ན་བཟའ་ཐང་ལ་བཏིང་འདྲ། སྟོན་གསུམ་སེར་པོ་གསེར་གྱི་འོད་མདངས་འཚེར་ན། ཞིང་འབྲུ་དྲུག་གི་སྙེ་མ་མཛོད་དུ་སྤུངས་འདྲ། འདི་སྡེ་གྲུ་བཞི་ཆགས་གི་གཡང་རྟེན། འབྲུ་རིགས་སྣ་ལྔའི་འི་བང་མཛོད་ཡིན་ནིས་ཟེར་ག།
ཡ་་་་་བྱ་དང་བྱིའུས་སྤྲོ་གླུ་ལེན་ས། སྨད་ཀྱི་ཞིང་ས་གསེར་གྱི་གཞོང་བ་ལ། འབྲུ་དྲུག་ལོ་ཡག་གི་སྙེ་མ་མགོ་ལྕོག་ལྡེམ་ས། མ་བཏབ་ལྗོན་པའི་གཡུ་ལོའི་བར་ན། བཟའ་ཤིང་གི་འབྲས་བུ་གཡུར་དུ་ཟ་ས། ལུང་བ་དུང་དཀར་གཡས་འཁྱིལ་འདྲ་བའི་ནང་ན། སྡེ་ཆེན་པོ་ནོར་བུ་མཛོད་ལ་སྤུངས་འདྲ།
ཡ་་་་་་་་སྟ་རེ་བསྲིངས་ན་ནགས་ལ་རྩེབས་ས། ཐོམ་བུ་བསྲིངས་ན་ཆུ་ཁར་རྩེབས་ས། ས་ལ་དགེ་བཅུ་ཚང་ས། མི་ལ་བདེ་སྐྱིད་འཛོམས་ས་འདི། སྡེ་ཆེན་པོ་ཐང་ལུང་དཔོན་ཚང་རེད་ཟེར་ག།
ཡ་་་་་་སྟོད་ཧི་མ་ལ་འདི་གངས་གི་བདག་པོ། ཞི་བདེ་རྒྱ་མཚོ་ཆེན་པོ་ཆུ་ཡི་བདག་པོ། ས་དོག་མོ་གཡང་ར་གྲུ་བཞི་གཏེར་གྱི་བདག་པོ། ང་མགོ་ནག་བོད་པ་རྟེན་འབྲེལ་གྱི་བདག་པོ་ཡིན་པས། ངས་མཚམས་འདི་ནས་ཁ་གཡང་བཀྲ་ཤིས་འཁྱིལ་བ་རེ་འཇོག་ཡ།
མཐོ་བ་ནམ་མཁའི་དབྱིངས་ཀྱི་བཀྲ་ཤིས་ཤོག
གསལ་བ་ཉི་ཟླའི་འོད་ཀྱིས་བཀྲ་ཤིས་ཤོག
བརྟན་པ་མི་འགྱུར་ལྷུན་པོ་བཀྲ་ཤིས་ཤོག
སྙན་པ་ཁུ་བྱུག་གདངས་ཀྱི་བཀྲ་ཤིས་ཤོག
གྲགས་པ་གཡས་འཁྱིལ་དུང་གི་བཀྲ་ཤིས་ཤོག
བྱ་བ་རྟགས་བརྒྱད་ལས་ཀྱི་བཀྲ་ཤིས་ཤོག
མི་རྣམས་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག
འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག
གངས་ཅན་བོད་ལ་རླུང་རྟ་དར་བའི་བཀྲ་ཤིས་ཤོག
ཆོས་སྲིད་མཚོ་ལྟར་རྒྱས་པའི་བཀྲ་ཤིས་ཤོག
བཀྲ་ཤིས་གཡང་དུ་འཁྱིལ་བའི་བཀྲ་ཤིས་ཤོག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1