ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཟླ་2ཚེས་6ཉིན། 2018ལོའི་བོད་རང་སྐྱོང་ལྗོངས་ལུས་རྩལ་ལས་དོན་གྲོས་ཚོགས་སྐོང་ཚོགས་བྱས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཚོགས་འདུའི་ཐོག་2017ལོའི་ལུས་རྩལ་ལས་དོན་གྱི་གྲུབ་འབྲས་དང་མི་འདང་ས་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། 2018ལོའི་ལས་ཀའི་འགན་ཁུར་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་ལྟར་ན། 2017ལོར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཏེ། སྐབས་བདུན་པའི་ཐེན་ཅིན་རྒྱུན་བསྲིང་ཤེད་ཤུགས་རྣམ་གྲངས་ས་མཐོའི་ས་ཁུལ་གྱི་འགྲན་བསྡུར་བསྡུས། ལྷ་ས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་མ་འཇོག་རྐང་རྩེད་སྤོ་ལོའི་རོལ་རྩེད་ཁང་བཙུགས་པས་བོད་དུ་རྐང་རྩེད་སྤོ་ལོའི་ཆེད་ལས་རུ་ཁག་མེད་པའི་སྟོང་ཆ་གསབ། མ་དངུལ་སྒོར་དུང་ཕྱུར་1.2དོན་འཁྱོལ་བྱུང་ནས་སྤྱི་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་ར་བ་49འཛུགས་སྐྲུན་བྱས། ལུས་རྩལ་སྤྲོ་འཆམ་གྲོང་རྡལ་ཆུང་ངུ་1དང་རི་འཛེག་ལུས་སྦྱོང་བགྲོད་ལམ་1 ལུས་རྩལ་སྤྱི་གླིང་1 བྲག་འཛེག་ལུས་རྩལ་སྒྲིག་བཀོད་རྣམ་གྲངས་1 ཞིང་པའི་ལུས་རྩལ་ལུས་སྦྱོང་ལས་གྲྭའི་རྣམ་གྲངས་8བཅས་འཛུགས་སྐྲུན་བྱས། སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་དགེ་རྒན་མི་183གསོ་སྦྱོང་བྱས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་ཀྱི་ལུས་རྩལ་པ་རྣམས་ལུས་རྩལ་རྣམ་གྲངས་11དང་ཚོགས་པའི་རྣམ་གྲངས་3དུ་ཞུགས་ནས། གསེར་གྱི་རྟགས་མ་1དང་ཟངས་ཀྱི་རྟགས་མ་6བླངས། མི་ཐེངས་26ཨང་བརྒྱད་པའི་སྔོན་དུ་ཚུད་པས། ལོ་རྒྱུས་ཀ་རང་བཞིན་ལྡན་པའི་རྟགས་མའི་གྲངས་ཀ་དང་སྤྱིའི་སྐར་གྲངས་ཀྱིས་ཐོད་བརྒལ་བྱུང་། ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་སོགས་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཁྲོད་ཁྱོན་གསེར་གྱི་རྟགས་མ་39དང་། དངུལ་གྱི་རྟགས་མ་42 ཟངས་ཀྱི་རྟགས་མ་35བཅས་བླངས་ཡོད།
2017ལོའི་སྐབས་ལྔ་པའི་བྲག་གསུམ་མཚོ་སྐོར་རྒྱལ་སྤྱིའི་རི་ཐང་རྐང་འཁོར་མྱུར་ཚད་འགྲན་བསྡུར།
ལུས་རྩལ་ཐོན་ལས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་འབྱོར་འབྲིང་ལ་སྐུལ་འདེད། དཔལ་འབྱོར་རིགས་སྒྱུར་རིམ་སྤོར་ཐད་སྐུལ་འདེད་ཀྱི་ནུས་པ་དེ་བས་མངོན་གསལ་དོད་པ་ཐོན་ཡོད། 2017ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་29ནས་ཡོང་བའི་ཕྱི་རྒྱལ་གྱི་རི་འཛེག་མི་སྣ་377སྣེ་ལེན་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་1100ལྷག་ཙམ་ཟིན། ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་ས་ཚིགས་110གསར་སྣོན་བྱས། ལོ་ཧྲིལ་པོའི་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་སྒོར་དུང་ཕྱུར་8.88ཟིན། དུས་མཚུངས་ལས་25%འཕར་ཡོད་པ་དང་། སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར་2.47བསྡུས་པས་ཁྲལ་འབབ་སྒོར་ཁྲི་789ཟིན།
ལུས་རྩལ་ཐོན་ལས་ཀྱི་སྤུས་རྟགས་འཛུགས་སྐྱོང་ཐད། ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་འཛོམས་ཆེན་པོའི་སྤུས་རྟགས་ཀྱི་ཕྱོགས་བསྡུས་སྐུལ་ཁྲིད་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་། “རྒྱལ་ཁབ་ཀྱི་ལུས་རྩལ་ཡུལ་སྐོར་རྩེར་སོན་འགྲན་བསྡུར་”དང་“རྒྱལ་ཁབ་ལུས་རྩལ་ཐོན་ལས་དཔེ་སྟོན་རྣམ་གྲངས་”སུ་བདམས་ཐོན་བྱུང་། དགའ་སྤྲོའི་རྒྱང་རྒྱུགས་ཀྲུང་གོའི་སྤྱི་ལེ་10ལེགས་སྐྱེས་འགྲན་བསྡུར་(བོད་ལྗོངས་ཀླུ་ནང་ས་ཚིགས་)ནི་རང་བྱུང་སྐྱེ་ཁམས་ཁྱད་ཆོས་ལྡན་པའི་འགྲན་བསྡུར་”དུ་བདམས། ཉིང་ཁྲིའི་ས་མཐོའི་སྦྱོང་བརྡར་རྟེན་གཞིར་“རྒྱལ་ཁབ་རི་ཐང་ཕྱི་རོལ་ལུས་རྩལ་རྟེན་གཞིའི་”མིང་བཏགས་ཐོབ། ཀླུ་ནང་གྲོང་རྡལ་ནི་རྒྱལ་ཡོངས་ཀྱི་ཁག་དང་པོའི་“ལུས་རྩལ་སྤྲོ་གསེང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་”ཚོད་ལྟའི་མིང་ཐོར་བཅུག གནས་རི་མྱུལ་དཔྱད་ཀུང་སི་ནི་“རྒྱལ་ཁབ་ཀྱི་ལུས་རྩལ་ཐོན་ལས་ཀྱི་དཔེ་སྟོན་སྡེ་ཚན་”དུ་གཏན་འཁེལ་བྱས།
ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་དུ་ཞུགས་པའི་རི་འཛེག་དགའ་མཁན་རྣམས་རིར་འཛེག་བཞིན་པ།
རྒྱུས་ལོན་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་གྱིས་2018ལོར་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རྩལ་འགྲན་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ས་མཐོའི་ཁྱད་ལྡན་ལུས་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། སློབ་གྲྭར་ཁྱད་ལྡན་ལུས་རྩལ་རྣམ་གྲངས་བཙུགས་ནས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོར་འདེགས་ཡོང་བར་སྐུལ་འདེད་དང་། གཞོན་ནུ་ལོ་ཆུང་གི་རྗེས་རབས་འཇོན་ལྡན་མི་སྣ་གསོ་སྐྱོང་བྱ་བ་དང་། ས་གནས་(གྲོང་ཁྱེར་)ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་གླིང་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ནུས་ཤུགས་ཡོད་དགུས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལེགས་བསྒྲུབ་བྱ་དགོས།