ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་སར་ལྷན་འཛོམས་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མི་བཅས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས།
ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ལི་ཁི་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ལོ་སར་གྱི་ལྷན་འཛོམས་ཚོགས་འདུར་ཞུགས་པ་དང་། ལི་ཁེ་ཆང་གིས་འདུ་ཚོགས་གཙོ་སྐྱོང་གནང་།
མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཁང་སྤྲོ་སྐྱིད་འོད་ཀྱིས་འཁྱུད་འདུག་ཅིང་། ལས་རིགས་སོ་སོའི་མི་སྣ་སྟོང་གཉིས་ལྷག་གནས་འདིར་འཛོམས་ཏེ་མཉམ་དུ་ལོ་སར་གྱི་དཔལ་ལ་རོལ་བ་དང་། དགའ་སྐྱིད་ཀྱི་དགོད་སྒྲའི་ཁྲོད་དུས་ཆེན་གྱི་སྤྲོ་དགས་ཡོངས་སུ་ཁེངས་འདུག
སྔ་དྲོའི་དུས་ཚོད་བཅུའི་སྟེང་། སྤྲོ་སྐྱིད་ཀྱི་རོལ་དབྱངས་ཁྲོད་ནས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོམས་ཁང་དུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
ཞི་ཅིན་ཕིང་གིས་བསྟན་དོན། དུས་ཚོད་ནི་ཆེས་དངོས་ཡོད་ཀྱི་བདེན་དཔང་པ་ཡིན། འདས་པའི་ལོ་གཅིག་གི་ནང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་སེམས་གཅིག་དང་འབད་པས་ཡར་བརྩོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་དང་། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་གྲུབ་འབྲས་མང་བོ་བླངས། ཁྲིམས་ལྟར་རྒྱལ་སྐྱོང་གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་མི་དམངས་ཀྱི་འཚོ་བ་མུ་མཐུད་དུ་ལེགས་བཅོས་ཐོབ་ལ། དབུལ་ཐར་མཁྲེགས་གཏོར་ལ་ཤུགས་ཆེན་པོས་ཡར་སྐུལ་བཏང་། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱས་པ་དང་། ཕྱོགས་སོ་སོའི་ཕྱི་འབྲེལ་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པར་མ་ཟད། ཏང་སྐྱོང་ནན་མོ་བྱེད་པར་ཕྱོགས་ཡོངས་ནས་སྒུལ་འདེད་བཏང་། ཁྱད་པར་དུ་ང་ཚོས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་ཚོགས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་བསྡོམས་བྱས་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གསལ་བོར་བསྟན་པར་མ་ཟད། དུས་རབས་འདིའི་དུས་དཀྱིལ་གྱི་རང་རྒྱལ་གྱི་འཕེལ་རྒྱས་དང་འབྲེལ་བའི་རླབས་ཆེན་ཇུས་གཞི་འབྲི་བཞེངས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་གསར་བ་མགོ་བརྩམས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བ་ནི་འབད་འཐབ་མཁན་གྱི་དུས་རབས་ཡིན། ང་ཚོས་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་འདུན་དེ་ང་ཚོའི་འབད་འཐབ་དམིགས་འབེན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་མི་དམངས་དང་མཉམ་དུ་འབད་འབུངས་བྱས་ཏེ། འབད་འཐབ་སྙིང་སྟོབས་དེ་རླབས་ཆེན་འཐབ་རྩོད་བྱེད་པ་དང་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེན་ལས་དོན་ལ་ཡར་སྐུལ་གཏོང་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་བོར་ལག་ལེན་བྱས་ནས། འགྲན་བཞིན་འབད་འཐབ་བྱེད་པ་དང་མཐུན་སྒྲིལ་གྱིས་འབད་འཐབ་བྱེད་པའི་ཡིད་སེམས་འགུལ་བའི་རྣམ་པ་ཆགས་པར་བྱ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། ང་ཚོས་བློ་སྤོབས་དང་ཁག་ཁུར་གྱིས་བགྲོད་ལམ་གསར་བ་ཞིག་གསར་དུ་བཏོད་དེ། དུས་རབས་ཀྱི་རྗེས་འདེད་པ་ནས་དུས་རབས་ཀྱི་སྣེ་ཁྲིད་པའི་བར་གྱི་རླབས་ཆེན་མཆོངས་བསྐྱོད་མངོན་འགྱུར་བྱས། ད་ལྟ་ང་ཚོས་ཐོག་མའི་རེ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། མུ་མཐུད་དུ་རི་བོར་འཕྲད་ན་ལམ་བཏོད་པ་དང་ཆུ་བོར་འཕྲད་ན་ཟམ་འཕེན་པའི་སྙིང་སྟོབས་ཀྱིས་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེའི་རྣམ་པ་གསར་བ་གསར་དུ་གཏོད་པ་དང་བློ་སྤོབས་ཆེན་པོས་རླབས་ཆེ་བའི་རང་སྟེང་གི་གསར་བརྗེ་ལ་རྩེ་གཅིག་ཏུ་གཞོལ་ནས། ང་ཚོའི་མུ་མཐའ་བྲལ་བའི་རྒྱལ་ཁོངས་སུ་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གི་རླབས་ཆེན་འབད་འཐབ་ཀྱི་ལོ་རྒྱུས་ལེའུ་གསར་བ་འབྲི་དགོས།
ལོ་སར་ལྷན་འཛོམས་ཚོགས་འདུའི་སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚང་མའི་དཀྱིལ་དུ་འོངས་ཏེ་ཚང་མར་སྙིང་ཉེ་བའི་ཕྱག་འཇུ་བྱས་པ་དང་། ཕན་ཚུན་འཚམས་འདྲི་བྱས་པར་མ་ཟད་ལོ་སར་གྱི་སྨོན་འདུན་ཞུས། རིག་རྩལ་བྱ་བ་བྱེད་མཁན་གྱིས་ངོ་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་པ་ལོ་སར་གྱི་ལྷན་འཛོམས་ཚོགས་འདུར་ཞུགས།
ལོ་སར་གྱི་ལྷན་འཛོམས་ཚོགས་འདུར་ཞུགས་མཁན་ལ་ད་རུང་ཀྲུང་དབྱང་གི་ཏང་སྲིད་དམག་གསུམ་གྱི་སྡེ་ཁག་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པའི་འཐུས་མི། མིང་དུ་གྲགས་པའི་ཆེད་མཁས་པ་དང་མཁས་པ། རྒྱལ་སའི་ལས་རིགས་སོ་སོའི་འཐུས་མི་བཅས་འདུས། །