༄༅།། གླིང་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་མིན་སྐོར་གླེང་བ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-23


               བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོའི་བརྩམ་བྱའི་མི་སྣ་གཙོ་བོ་སྟེ།   གླིང་རྗེ་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་ནམ་ལྷ་སྒྲུང་གི་མི་སྣ་ཞིག་ཡིན།  འདིའི་ཕྱོགས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་བགྲེས་གཞོན་མང་པོས་དཔྱད་གཏམ་མི་མཚུངས་པ་གྲངས་མང་བརྗོད་འདུག   དེ་ཡང་ཁ་ཅིག་གིས་གླིང་རྗེ་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཀྱི་མི་སྣ་དངོས་ཤིག་མིན་ཞིང་། བོད་རྒྱལ་གདུང་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡིན་པར་རྒྱབ་རྟེན་གྱི་ལུང་དྲངས་ནས་བསྒྲུབས།  ཁ་ཅིག་གིས་དུས་རབས་བཅུ་གཅིག་སྐབས་ཀྱི་བོད་བཙན་པོའི་གདུང་རྒྱུད་ཙོང་ཁའི་རྒྱལ་སྲས་(997-1065)ཡིན་པར་དཔྱད་གཏམ་བརྗོད། ཁ་ཅིག་གིས་སི་ཁྲོན་སྡེ་དགེ་གླིང་ཚང་རྒྱལ་པོ་ནི་གླིང་གེ་སར་རྒྱལ་པོའི་རྒྱུད་པ་ཡིན་པར་རིགས་པས་བསྒྲུབས། ཁ་ཅིག་གིས་གླིང་གེ་སར་རྒྱལ་པོ་ནི་རྒྱ་ནག་གི་ཀོང་ཀོན་ཟེར་བའི་དཔའ་བོ་ཞིག་སྟེ་སྐུ་གཤེགས་རྗེས་ཡུལ་ལྷར་གྱུར་པར་གྲགས་པ་དེ་ཡིན་པར་དཔྱད་གཏམ་སྤེལ། ཁ་ཅིག་གིས་གླིང་གེ་སར་རྒྱལ་པོ་ནི་ལོ་མཱའི་རྒྱལ་པོ་ཁེ་ས་ཏ་ཏེ་ཟེར་བའི་མཚན་གྱི་ཀློག་སྒྲ་དང་ཉེ་བས།  གེ་སར་རྒྱལ་པོ་ནི་ཁེ་ས་ཏ་ཏེ་གཞིར་བཟུང་ནས་གསར་བཞེངས་གནང་བའི་སྒྱུ་རྩལ་གྱི་གཟུགས་བརྙན་ཡིན་པར་བརྗོད།  ཡང་ཁ་ཅིག་གིས་གླིང་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཀྱི་མི་སྣ་ཞིག་གཏན་ནས་མིན། དེ་ནི་བོད་གངས་ཅན་གྱི་གནའ་དེང་གི་སྒྲུང་མཁན་མང་པོས་གསར་བཞེངས་བགྱིས་པའི་རླབས་ཆེ་་བའི་སྒྱུ་རྩལ་གྱི་དཔེ་མཚོན་ཞིག་ཡིན་པར་གཏམ་གླེང་མང་པོ་མཛད། གང་ལྟར་ཡང་ཁོ་བོའི་བསམ་པར། ཆུ་ཞིག་ཡིན་ན་འབྱུང་ཁུངས་དང་མི་ཞིག་ཡིན་ན་རུས་རྒྱུད་མཆིས་པ་བཞིན།    གནའ་དེང་མཁས་པ་མང་པོས་རྒྱུན་ཆད་མེད་པར་གཏམ་གླེང་སྣ་ཚོགས་བརྗོད་པ་དང་བརྒྱུད་ནས་ཡིན་མིན་བདེན་རྫུན་གྱི་དབྱེ་བ་འབྱེད་བཏུབ་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཡིན་པས།  མ་འགྱངས་པའི་དུས་ནམ་ཞིག་ལ་གླིང་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་གཏིང་ཐག་གཅོད་ཐུབ་པ་ནི་གདོན་མི་ཟ་ཞིང་། གལ་སྲིད་ལོ་རྒྱུས་ཀྱི་མི་སྣ་དངོས་ཤིག་ཡིན་ན་ཁོང་གི་འཁྲུངས་འདས་དུས་ནམ་ཞིག་ཡིན་པ་བཅས་ལ་འཁྲུལ་མེད་ཀྱི་སྡོམ་ཆིག་འཇོག་རྒྱུ་ནི་ཀུན་གྱི་དམིགས་ཡུལ་འབའ་ཞིག་ཀྱང་ཡིན།  
               དེས་ན་ཁྱེད་རང་ལ་འདི་ཕྱོགས་སུ་ལྟ་བ་གསར་བ་གང་ཞིག་ཡོད་ཅེ་ན། གཤམ་དུ་དོན་ཚན་བཞིའི་ཐད་དུ་རང་གི་ལྟ་ཚུལ་ཙམ་བརྗོད་པར་བྱ་སྟེ།  

དང་པོ། བོད་གངས་ཅན་གྱི་སྔོན་བྱོན་མཁས་དབང་རྣམས་ཀྱིས་གེ་སར་རྒྱལ་པོ་ལོ་རྒྱུས་ཀྱི་མི་སྣ་ཡིན་པའི་གསུང་བཤད་སྐོར་གླེང་བ།
               དེ་ཡང་བོད་གངས་ཅན་གྱི་སྔོན་བྱོན་མཁས་དབང་དམ་པ་སྟེ།  ཇོ་ནང་ཏཱ་ར་ན་ཐ་དང་། རག་ར་ངག་དབང་བསྟན་པའི་རྒྱལ་མཚན། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ། ཕུར་ལྕོག་ངག་དབང་བྱམས་པ། སུམ་པ་ཡེ་ཤེས་དཔལ་འབྱོར། དབལ་མང་པཎྚི་ཏ། བཙན་པོ་བསྟན་འཛིན་འཕྲིན་ལས། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།  པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་སོགས་ཀྱིས་བགྲང་བྱ་བཞི་བརྒྱ་ལྷག་གི་སྔོན་ལ་འགོ་བཟུང་སྟེ་གླིང་རྗེ་གེ་སར་རྒྱལ་པོའི་སྐྱེས་རབས་ལོ་རྒྱུས་དང་རུས་རྒྱུད་ཀྱི་སྐོར།  གླིང་གེ་སར་བྱུང་བའི་དུས་དང་གང་གི་རྣམ་སྤྲུལ་ཡིན་པའི་སྐོར།  གླིང་གེ་སར་ཞེས་པ་དོན་དམ་དུ་ཡོད་མེད་སྐོར། གླིང་གེ་སར་གྱི་ཤུལ་རྟེན་གྱི་སྐོར། གླིང་གེ་སར་གྱི་འཁྲུངས་ཡུལ་དང་སེར་པོ་ཧོར། ནག་པོ་བདུད་སོགས་ཀྱི་སྐོར། གླིང་གེ་སར་གྱིས་གྲུབ་ཐོབ་བྱང་ཆུབ་འདྲེ་བཀོལ་སྤྱན་དྲངས་པའི་སྐོར།  གླིང་སྒྲུང་གི་བརྗོད་བྱའི་ནང་དོན་གང་ལ་བྱས་པའི་སྐོར་བཅས་ལ་དཔྱད་པ་གནད་ལ་ཕོག་ཅིང་ཡིད་ལ་འབབ་པ་གང་ལེགས་གསུངས་ཡོད།  གསུང་སྒྲོས་སྐོར་ཞིག་ལེགས་དྲངས་ནས་བརྗོད་ན་འདི་ལྟ་སྟེ།  
               སུམ་པ་ཡེ་ཤེས་དཔལ་འབྱོར་ལགས་ཀྱིས་①གེ་སར་དེ་སྐྱེས་ཡུལ་ནི།  བར་ཁམས་སྟོང་དུ་མས་ནས་ཡར་ལ་རྨ་ཆུ་རྫ་ཆུ་འབྲི་ཆུ་གསུམ་ཡོད་པའི་ནང་ནས། བར་བ་རྫ་ཆུ་ལ་སྐྱིའི་གཞུང་དང་ཚུ་ལུང་བའི་ཆུ་གཉིས་དང་གསུམ་འདུས་ཀྱི་མདོ་ཡིན་ཞིང་།  དེ་ནི་སྡེ་དགེའི་ཕོ་བྲང་གི་གཡོན་དངོས་ཀྱི་སྡེ་དགེའི་སའི་ཆར་གཏོགས་ལ། དེ་སྐྱེས་ས་དངོས་ནི་ཕུ་ན་མཚོ་ཆུང་མེ་ལོང་འདྲ་བ་དང་མདོ་ན་ཆུ་གཉིས་འདུས་པ་དང་བྲག་རི་ཆུང་ངུ་ཟུར་བཞི་བ་ཡོད་པའི་བར་དུ་སྤང་ཐང་གདན་བཏང་ཡོད་དེ།   །དེ་ན་ལྗོན་པ་ཆིག་སྐྱེས་དང་དེའི་ཕ་མའི་རེ་སྦྲ་ཕུབས་ཤུལ་ཀྱི་བྲག་ལེབ་ཡོད་ཅིང་གནས་དེ་ལ་སྐྱིད་ཉི་མ་ཀུན་འཁྱིལ་ཟེར་སྐད།  ཅེས་གེ་སར་ཉིད་འཁྲུངས་ས་གང་དང་ཁྱད་ཆོས་ཅི་མཆིས་ཐམས་ཅད་གསལ་ལེར་བརྗོད་ཡོད་པ་མ་ཟད།   གནས་ཡུལ་ཁྱད་པར་ཅན་དག་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད་པ་ཁོ་བོས་ཀྱང་དངོས་སུ་མཇལ་མྱོང་།   བྲག་དགོན་པ་མཆོག་གིས②དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་པོས་དབང་བསྒྱུར།   དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ།  རླངས་བྱང་ཆུབ་འདྲེ་བཀོལ་དང་། སྨྲི་ཏི་ཛཱ་ན་ཀཱིརྟི་སྤྱན་དྲངས་ཏེ་ཆོས་ཞུས་དང་།   གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས། འཁྲུངས་ས་ཡང་ཚབ་ཚ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་ཆུའི་རྒྱུད་མཚོ་གོར་ཁ་ཡིན་ཟེར་བ་དང་།  རྒྱུ་དར་གྱི་དར་ས་ནག་ལུང་ཡིན་ཡང་ཟེར།  ཅེས་གེ་སར་མཆོག་དུས་ནམ་ཞིག་ལ་ས་གང་དུ་འཁྲུངས་པའི་སྐོར་ལ་དོན་དང་གནས་པའི་དཔྱད་གཏམ་བརྗོད་འདུག མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས③རབ་བྱུང་གཉིས་པ། མེ་ཡོས། ས་སྐྱ3221  ཙནྡན2114  ཕུག1968 དགེ1920   གནས1631   སྤྱི་ལོ1087  རླངས་བྱང་ཆུབ་འདྲེ་བཀོལ་གྱི་ལུང་བསྟན་ལྟར་ན། ལོ་འདིར་གླིང་རྗེ་གེ་སར་འདས་ཞེས་གསུངས་ཡོད། གླིང་གི་རིགས་རུས་གདུང་རྒྱུད་ཀྱི་སྐོར་ལ་གྱི་ལིང་བཀྲ་ཤིས་དང་ཐུགས་མཆོག་རྡོ་རྗེ་ལགས་ཀྱིས་གསུང་དོན།④  
               སྤྱིར་ལྡོང་འདིའི་མིང་ལ་ཨ་སྤོ་ལྡོང་དང་ལྷ་ལྡོང་སོགས་ཟེར། འདི་ནི་ཕུ་བོ་ལྡོང་དང་ཡུམ་མཆོག་འབྲི་སྣ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་ཡིན་ལ།   འདི་ལ་དཀར་པོ་ལྡོང་དང་། ནག་པོ་ལྡོང་།  ཁྲ་བོ་ལྡོང་དང་།  སྨུག་པོ་ལྡོང་གི་རིགས་དང་བཞི་ཡོད་ལ།    རིགས་འདི་རྣམས་ལས་འཁྲུངས་པའི་སྤྲུལ་བའི་སྐྱེས་བུ་དཔའ་རྩལ་དགུ་ལྡན་ཞེས་གསུངས་ཡོད།  མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས⑤གླིང་གི་མི་རྒྱུད་ནི། བོད་མིའུ་ལྡོང་དྲུག་གི་ནང་ཚན་ལས། སྨུག་པོ་ལྡོང་གི་རིགས་རྒྱུད་རེད།  ལྡོང་ར་ཁྲ་རྒན་པོ་ལ་བུ་གསུམ་བྱུང་བ་རྣམས་ཀྱིས་རྨ་ཆུའི་སྟོད་སྨད་བར་གསུམ་དུ་གཞི་བཟུང་ནས་བསྡད་པ་ལ་མི་རྒྱུད་མང་དུ་འཕེལ་ཏེ་སྡེ་ཆེན་པོར་ཆགས།   དེ་ནས་བཟུང་བུ་སྐྱེས་པ་སྟག་ཤར་དཔའ་བོ་ཤ་སྟག་བྱུང་། ལྡོང་ཆོས་འཕེལ་ནག་པོ་ལ་མ་མི་གཅིག་པའི་བུ་གསུམ་བྱུང་བ་ལས། གླིང་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་གསུམ་བྱུང་ནས་མི་རྒྱུད་རབ་ཏུ་འཕེལ་ཏེ། སྡེ་ཤོག་ཆེ་ཞིང་བཙན་ཕྱུག་འཛོམས་པས་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། ཞེས་གླིང་གི་གདུང་རྒྱུད་བྱུང་འཕེལ་གསལ་བོར་གསུངས་འདུག  མཁས་མཆོག་དམུ་དགེ་བསམ་གཏན་ལགས་ཀྱིས⑥ད་རུང་འདི་ལྟར་གསུང་འདུག གླིང་གེ་སར་འདི་ནི་མདོ་ཁམས་སུ་སྐུ་འཁྲུངས་ཏེ།  དཔའ་རྩལ་རབ་ཏུ་རྒྱས་ནས་ཕྱོགས་བཞིའི་དགྲ་འདུལ་མཁན་གྱི་བོད་ཀྱི་མི་དཔའ་བོ་ཞིག་ཡིན་པས་སྙན་པའི་གྲགས་པ་ཡོངས་སུ་ཁྱབ།  དེ་ནི་མི་ངོ་མ་ཡིན་མིན་གྱི་དོགས་པ་སྔོན་གྱི་མཁས་མཆོག་སུ་ལའང་སྐྱེས་མ་མྱོང་།  འོན་ཀྱང་བར་སྐབས་ཤིག་ནས་བཟུང་།  དངོས་དོན་ལ་ཞིབ་འཇུག་མེད་པའི་གཏམ་སྣ་ཚོགས་ཤིག་སྨྲ་བ་རྣ་བའི་ལམ་དུ་སོན་ཞེས་གསུང་བ་དག་་ལས། གླིང་རྗེ་གེ་སར་རྒྱལ་པོ་ནི། ལོ་རྒྱུས་ཀྱི་མི་སྣ་དངོས་ཤིག་ཡིན་པ། གནའ་དེང་གི་མཁས་པ་ཐམས་ཅད་ཀྱི་གསུང་སྒྲོས་གཅིག་མཐུན་བྱུང་ཡོད་པ་སུས་ཀྱང་བསྙོན་དུ་མེད་དེ།   ཁྱད་པར་དུ་ཡིད་རྟོན་ཆོག་པ་ཞིག་སྟེ།   ཁམས་བདུད་འཇོམས་རིན་པོ་ཆེའི་སྔ་འགྱུར་རྙིང་མའི་ཆོས་འབྱུང་《ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ》ལས།⑦ སངས་རྒྱས་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ1332ལོར་སྲོང་བཙན་སྐུ་འཁྲུངས།   སྲོང་བཙན་དགུང་ལོ་གྱ་གཉིས་ལ་བཞུགས་པ་ལྟར་ན་འདས་ལོ1414ལོར་སྲོང་བཙན་སྐུ་གཤེགས།  དེ་ནས་ལོ325འདས་པའི་བོད་རབ་བྱུང་དང་པོའི་འབྲུ་མང་པོའམ་རྒྱ་གར་བའི་བ་ཧུ་ཀྐནྱ་ཞེས་པའི་ས་ཕོ་་སྟག་གི་ལོ་སྟེ། རྒྱ་ནག་གི་སུང་ཁྲོ་རྒྱལ་རབས་ཀྱི་གོང་མ་པོ་ཡིན་ཁྲི་ལོ་དང་པོ། སྤྱི་ལོ་ལྟར་ན1038ལོ་ལ་ས་སྐྱིད་སོས་ཡག་གི་ཁ་མདོ་རུ་གེ་སར་སྐུ་འཁྲུངས། ལོ་འདི་ལ་མཉམ་མེད་ཇོ་བོ་རྗེ་དགུང་ལོ56ལ་སོན།  བོད་ཙོང་ཁའི་རྒྱལ་པོ་ཁྲི་ནམ་ལྡེའི་བཙན་དགུང་ལོ42ལ་ལོན།   འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལོ14ལོན།  གཏེར་སྟོན་གྲྭ་བ་མངོན་ཤེས་ཅན་དགུང་ལོ2ལོན་པ་དང་། སྒྲ་སྒྱུར་སྨྲ་བ་དགུང་ལོ2ལོན་ཡོད་ཅེས་པ་སོགས་ཀྱིས་ཁོང་གེ་སར་རིན་པོ་ཆེའི་འཁྲུངས་ལོ་དང་། དེའི་སྐབས་སུ་དངོས་སུ་ཡོད་པའི་བླ་སྤྲུལ་དང་རྗེ་བློན་རྣམས་ཀྱི་ལོ་ཚིགས་གསལ་བོར་བསྟན་ཡོད་པ་དང་། གཞན་ཡང་རབ་བྱུང་གཉིས་པའི་རྒྱུར་བྱེད་ཅེས་པ་ས་མོ་ཕག་དང་།  རྒྱ་གར་བའི་བི་ཀ་རི་ཞེས་པ་སྟེ་སྤྱི་ལོ་ལྟར་ན1119ལོར་རྨ་རྒྱལ་གངས་ཀྱི་རི་བོའི་ཉེ་འདབས་སུ་སྐུ་གཤེགས།  ལོ་འདི་ལ་རྗེ་བཙུན་མི་ལ་དགུང་ལོ79ལོན། མངའ་བདག་ཉང་རལ་དགུང་ལོ54ལོན། རྒྱ་ནག་སུང་ཁྲོ་རྒྱལ་རབས་གོང་མ་གོང་ཤོན་ལ་རྒྱལ་པོ་ཁྲི་ལོ་དང་པོ་ཞེས་གསུངས་པ་འདི་དག་ལ་བདག་ནས་ཀྱང་འདི་ཉིད་ཚད་མར་སེམས།  
               ལར་གླིང་རྗེ་གེ་སར་རྒྱལ་པོ་ཉིད་མདོ་ཁམས་ཀྱི་ཕྱོགས་འདིར་དབང་སྒྱུར་བའི་རྒྱལ་པོ་ཡིན་པར་མཁས་པ་རྣམས་ལ་བཤད་ཚུལ་མི་འདྲ་བ་ཅུང་ཙམ་ཡང་མེད་མོད། འོན་ཏེ་འདིའི་འཁྲུངས་ལོ་ཆུ་སྦྲུལ་དང་། ལྕགས་བྱི། ས་སྟག་སོགས་སུ་བཞེད་མཁན་འདུག གང་ཡིན་ཡང་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་མི་ཞིག་ཡིན་པར་མི་མཐུན་པ་མེད་དོ། ། གེ་སར་མཆོག་འཁྲུངས་པའི་ལོ་ཚིགས་ནི།  ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཀྱང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ།    རླངས་བྱང་ཆུབ་འདྲེ་བཀོལ་དང་སྨྲི་ཏི་ཛྙཱ་ན་ཀིརྟི་སྤྱན་དྲངས་ཏེ། པོས་ཞུས་པ་དང་། གཙུག་ལག་ཁང་བཞེངས་པས་ཀྱང་ཤེས་ནུས།  ཞེས་སྒྲུབ་བྱེད་ནུས་ལྡན་བཀོད་པ་ལྟར་རོ།  །ཡང་རབ་བྱུང་དང་པོའི་ས་སྟག་ལ་འཁྲུངས་པར་འདོད་མཁན་བྱུང་བ་དང་དེ་གཉིས་ཀྱི་བར་དུ་སྔ་མའི་ལྕགས་བྱི་དང་དེང་འདིའི་བར་ལ་ལོ་ངོ་38དང་།  སྔ་མའི་ཆུ་སྦྲུལ་དང་དེའི་བར་ལ་ལོ45ཙམ་ལས་ཁྱད་པར་ཆེན་པོ་མེད།  དེའི་ཕྱིར་བདུད་འཇོམས་རིན་པོ་ཆེའི་ས་སྟག་ལ་འདོད་པའི་ལྟ་བ་འདི་དཔྱད་གཞི་ཚད་མར་འཛིན་པར་རིགས་སོ། །
 
གཉིས་པ། གླིང་གེ་སར་གྱི་ཤུལ་རྟེན་ལས་གེ་སར་རྒྱལ་པོ་ལོ་རྒྱུས་ཀྱི་མི་སྣ་ཡིན་མིན་སྐོར་བཤད་པ།
               གླིང་རྗེ་གེ་སར་རྒྱལ་པོ་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པ་གནའ་དེང་བོད་གངས་ཅན་གྱི་མཁས་དབང་རིམ་བྱོན་གྱིས་གནས་ལུགས་དོན་དང་མཐུན་པ་་བརྗོད་ཡོད་པ་མ་ཟད།   གླིང་རྗེ་གེ་སར་རྒྱལ་པོའི་ཤུལ་རྟེན་གྱིས་ཀྱང་ར་སྤྲོད་གསལ་བོ་བྱས་འདུག་པ་འདི་ལྟ་སྟེ།   དེ་ཡང་བསིལ་ལྡན་ལྗོངས་འདི་ཡི་སྟོད་མངའ་རིས་སྐོར་གསུམ་ནས་བར་དབུས་གཙང་རུ་བཞི་དང་སྨད་མདོ་ཁམས་སྒང་དྲུག་གི་འཛིན་མའི་དཀྱིལ་འཁོར་ཡོངས་སུ་སེང་ཆེན་རིན་པོ་ཆེས་གཙོ་མཛད་པའི་དཔའ་རྟུལ་སུམ་ཅུ་དང་སྨན་མཆོག་བཅུ་གསུམ་ལ་སོགས་ཀྱི་མི་ཚེ་གང་བོའི་མཛད་རྗེས་བླ་མེད་མཚོན་བྱེད་ཀྱི་ཞབས་རྗེས་དང་ཕྱག་རྗེས། རྟ་རྗེས། ཁྱི་རྗེས་དང་ཤུལ་རྫས་བཅས་རྟེན་འགངས་ཆེན་སྣ་ཚོགས་ས་ཁྱབ་རྡོ་ཁྱབ་ཏུ་འདུག་ཅིང་། ད་དུང་རྨ་འབྲི་རིང་མོའི་འབྱུང་ཁུངས་ཀྱི་གཡས་གཡོན་ཀུན་ཏུ་གེ་སར་རྒྱལ་པོའི་དགོན་པ་དང་ལབ་རྩེ། སེང་འབྲུག་སྟག་རྩེའི་ཕོ་བྲང་། ཁྲོ་ཐུང་གི་རྡོ་མཁར། སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་མཁར་རྫོང་། གེ་སར་གྱི་འཇིག་རྡོ། རྒྱ་ཚ་བཀྲོངས་ཤུལ། འབྲུག་མོའི་སྦྲ་གུར། མེ་བཟའི་ཐགས་ཤིང་། འབྲུག་མོའི་ཆུར་བ་ཐང་། ཤན་པའི་རྡོ་མཁར་ཟེར་བ་སོགས་མང་པོ་མཐོང་རྒྱུ་ཡོད་ཅིང་།  དདུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་བ་དགེ་བའི་བཤེས་གཉེན་ཆེན་པོས་གདན་ཞུས་པའི་གླིང་གེ་སར་གྱི་གྲི་རིང་སོགས་ཡོ་བྱད་འགའ་ཡོད་པ་་སྔར་ཨ་ལགས་གླིང་ཚང་གི་ནང་ཆེན་གྱི་ཚོགས་ཆེན་ལྷ་ཁང་དུ་བཞུགས་པ་དང་།ད་ལྟ་གླིང་སེང་ཆེན་གྱི་གྲི་རིང་དང་གསེར་སྒ་དེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲེམ་སྟོན་ཁང་དུ་བཞུགས་འདུག་པ་བདག་གིས་ཐེངས་གསུམ་ལ་དངོས་སུ་་མཐོང་མྱོང་། གེ་སར་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོས་བརྩམས་པའི་《གླིང་སྒྲུང་གི་ཐོག་མའི་དཔྱད་པ》ལས། སྟོད་མངའ་རིས་ཀྱི་དགོན་པ་ཞིག་གི་ནང་དུ་དམངས་གཙོ་བཅོས་སྒྱུར་གོང་དུ་གེ་སར་གྱི་མདའ་མདུང་གྲི་གསུམ་དང་རྟ་སྒ། བཙན་ཁང་དུ་གོ་ཁྲབ་བདུན་བདག་གཉེར་བྱས་ཡོད་ཅེས་གསུངས་འདུགམཁས་དབང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་གསུངས་པ་ལྟར་ན།⑧   འབྲི་ཆུའི་རབ་བདུན་གྱི་གཡོན་ངོས་ཀྱི་ཆུ་དམར་སྟོད་ཀྱི་ཨ་ཆེན་ལུང་བའི་ཕུའི་གངས་ཆགས་དཀར་པོ་ཞེས་པའི་གངས་རིའི་སྨད་དུ་རྫ་རི་ཆེན་པོ་ཡོད་པའི་འདབས་སུ་ཧོར་གུར་དཀར་རྒྱལ་པོའི་ཡ་རྩེ་མཁར་དམར་ཡོད་ཅིང་། ད་ལྟ་ཡང་མཁར་ཤུལ་གྱི་རྩིག་པ་ཞིག་ལ་སྔར་གེ་སར་གྱིས་ལྕགས་ཐག་གཟར་ནས་བབས་པའི་ལྕགས་དུམ་བུ་(བཙའ)དམར་པོའང་སྣང་ཞེས་དང་།  མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས་ཀྱང་།⑨   སྡེ་དགེ་ཕྱོགས་ཀྱི་སྡེ་དཔོན་གླིང་ཚང་རྒྱལ་པོ་ནི་གླིང་སེང་ཆེན་གྱི་རྒྱལ་རྒྱུད་རེད། གླིང་འགུ་ཟའི་རྒྱལ་པོ་ཟེར་ལ། སྲས་དགྲ་ལྷ་རྩེ་རྒྱལ་ནས་བརྩིས་པའི་གདུང་རབས་ཞེ་དགུ་སོང་།  ཞེས་སྔོན་གྱི་གླིང་རྒྱལ་པོའི་རྒྱལ་རབས་ལོ་རྒྱུས་སུ་ཡོད་འདུག    གླིང་ཚང་རྒྱལ་པོའི་རྒྱལ་ས་དེ་ན་སྔོན་གྱི་གླིང་གེ་སར་གྱི་སྦྲ་ཤུལ་དང་།    གེ་སར་སོགས་ཀྱི་གོ་མཚོན་དང་བ་སོའི་ཕྱག་ཐམ་སོགས་ཡོད།  འདན་ཁོག་གི་ས་སྐྱིད་སོས་ཡག་གི་མདོ་ན་གེ་སར་གྱི་ལྷ་ཁང་ལས་གེ་སར་གྱི་རེད་ཟེར་བའི་ཁྲབ་རྨོག་གོ་མཚོན་སྒ་སྲབ་སོགས་སྔོན་ཆད་ཡོད་གསུངས། མགོ་ལོག་ཕྱོགས་སྐྱོང་གི་ས་ཆ་ན་གླིང་གི་རི་བཤོལ་ཟེར་བའི་རིའི་ངོས་ན་གླིང་གི་དུས་ཀྱི་ལྕགས་ཀྱི་མདེའུ་མཐོ་གང་རེ་ཅན་རྙེད་རྒྱུ་ཡོད་ཟེར།   ཕུར་ལྕོག་ངག་དབང་བྱམས་པའི་གསུང་རྩོམ་ལས།⑩   རྒྱལ་བ་ཙོང་ཁ་བ་ཆེན་པོས་ལྗགས་བཀོད་གནང་བ་ལྟར།   སྣེའུ་རྫོང་ནས་བཞེངས་པའི་རྒྱལ་བ་མི་ཕམ་པ་དགུང་ལོ་བརྒྱད་པའི་ཚད་རྒྱུ་གསེར་ཟངས་ལས་གྲུབ་པ་ལོངས་སྐུའི་ཆ་ལུགས་ཅན། དེའི་ནང་རྟེན་དུ་སངས་རྒྱས་ཀྱི་འཕེལ་གདུང་ཆེ་བ་བྱ་སྒོང་ཙམ་ནས་ཆུང་བ་ཡུངས་འབྲུ་ཙམ་གྱི་བར་མ་ག་དྷའི་བྲེ་ཆེན་གང་།   གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ན་བཟའ་ཆ་ཚང་།  འཕགས་པ་ཐོགས་མེད་ཀྱི་སྐུ་ཆོས། རྣམ་སྲས་མདུང་དམར་ཅན་གྱི་མདུང་། གཟུངས་ཆེན་སྡེ་ལྔ་ལ་སོགས་པ་གསེར་སྦྱངས་བཙོ་མས་བྲིས་པ་སོགས་ཡོད་ཅེས་གསུངས་པ་ལགས་སོ། ། 2005ལོར་ཁོ་བོས་ལྷ་ལྡན་འབྲས་སྤུངས་དགོན་དུ་བྱམས་པ་མཐོང་བ་རང་གྲོལ་དང་མཇལ་བའི་སྐལ་བ་ལྡན་ནོ། ། བྲག་དགོན་པའི་《མདོ་སྨད་ཆོས་འབྱུང་》ལས།⑾ ཀུན་གཟིགས་ལྔ་བས་རྨ་ཆེན་གྱི་གསོལ་མཆོད་རྩེ་མོ་རབ་དཀར་མ་བརྩམས་པའི་གནས་ཨ་རིག་ཆུ་ཚན་དུ་གྲགས་པ་རང་བྱུང་ཁྲུས་ཀྱི་རྫིང་བུ་ཡོད།   དེ་དང་ཕྱོགས་མཚུངས་འདབ་ཆགས་པའི་ཚུལ་དུ་གེ་སར་གྱི་དུས་ཧོར་དམག་གིས་རི་ལུང་བཀང་ཟེར་བའི་ཨབ་ཆི་དུག་ཐང་།   གེ་སར་གྱི་བཞུགས་གནས་ལྷ་ལུང་གཡུ་མདོ།   མཛོ་འདོགས་ས་ཡིན་ཟེར་བའི་རི་དེའུ་ཞིག་གི་ཉེ་འགྲམ་དུ་སྤང་སྔོན་པོ་ལ་བྲག་དཀར་པོ་སྲོག་ཆགས་ཀྱི་རྣམ་པ་འབུར་དུ་དོད་་པའི་ས་འཛིན་མཛོ་ཁྲ་སྡིངས། སྟོད་དུ་མཚོ་སྐྱ་རེངས་སམ་ཚ་གེན་ནོར་དང་། ཨ་ལག་ནོར་རམ་སྔོ་རེངས་གཉིས། བེའུ་དུག་མཚོ། སྟོང་རུ་མཚོ་ནག ཐོ་སུ་ནོར་ཏེ་མཚོ་སྔོན་ཕྱུག་མོ་ལྔར་གྲགས་པ་དང་།  བྱང་དུ་ཁུར་ལུག་གི་མཚོ།  ནོ་ཀྭན་ནོར། ཤ་ལ་ཐུའི་ནོར། ལྷོ་དང་ནུབ་ཏུ་བ་ཡན་ནོར། ཀུན་དགའ་ནོར། ཞེ་ནེ་ནོར་སོགས་མཚོ་ཕྲན་དུ་མས་བསྐོར་ཞེས་གསུངས་འདུག་པ་དེང་སང་ཡང་རེ་རེ་ངོས་འཛིན་རྒྱུ་ཡོད།  བྲག་དགོན་པས་སེར་བོ་ཧོར་གྱི་ཤུལ་རྟེན་གྱི་སྐོར་ལ་ཡང་འདི་ལྟར་གསུངས་འདུག⑿ ཡུ་གུར་དུ་བྷ་ཏ་རུ་བ་ཟེར་བའི་ཕ་ཚོ་གཅིག་དང་།  སྒོམ་གྲྭའི་ཤུལ་གྱི་གྱང་རོ་འགའ་ད་ལྟ་ཡང་ཡོད་པས། བསམ་ཡས་སྲུང་མ་བཀུག་པའི་གནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་ངོས་འཛིན།  སོག་སྐད་དུ་ཤ་ར་ཨུ་རྒེ་ཞེས་པ་གུར་སེར་པོའི་མིང་ཡིན་པས་ཨུ་རྒེ་སྒྲ་ལོག་སྟེ་ཡུ་གུར་ཟེར་བར་སྣང་ཞེས་ཧོར་གུར་སེར་ས་ཆར་ཡང་བཤད། ཅེས་ཧོར་གུར་སེར་གྱི་རྒྱུད་པ་གསལ་བོར་བསྟན་ཡོད།  ཡང་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་བཀའ་བརྒྱུད་པའི་དགོན་པ་སྟེ་རྟ་རྣ་དགོན་ཞེས་བྱ་བ་དེར། མཆོད་རྟེན་ཆེ་ཆུང་མི་འདྲ་བ་བརྒྱ་ལྷག་ཡོད་པའི་ནང་དུ་གེ་སར་གྱི་ན་བཟའ་དང་རྨོག   དཔའ་རྟུལ་སུམ་ཅུའི་གདུང་བཞུགས་མཆོད་རྟེན་བཅས་ཡོད་ལ།  ད་དུང་མཆོད་རྟེན་སྟེང་དུ་གསེར་ཡིག་ལས་བྲིས་པའི་དཔའ་རྟུལ་སུམ་ཅུའི་མཚན་དང་གོ་གནས་གསལ་བོར་མཐོང་ཐུབ་སྐད། དགོན་པའི་ནང་དུ་གེ་སར་རྒྱལ་པོའི་དབུ་ཞྭ་དང་གསེར་སྒ།  ཁྲབ་རྨོག  མདའ་མདུང་གྲི་གསུམ་སོགས་དངོས་རྫས་ཡོད་པ་ལས་གཞན་དཔའ་རྟུལ་སུམ་ཅུའི་དངུལ་སྒ་དང་དམག་ཆས།  འབྲུག་མོ་དང་དཔའ་རྟུལ་ཚོས་བཀོལ་མྱོང་བའི་རྒྱན་ཆ་སོགས་ཡོད་ཟེར། ད་དུང་1991ལོར་ཡུལ་ཤུལ་ཁུལ་གྱི་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་གེ་སར་རྒྱལ་པོའི་སྐབས་ཀྱི་གླེགས་བམ་་ཡིན་ཟེར་བའི་དཔེ་རྙིང་ལག་བྲིས་མ་ཞིག་ཁྱེར་ཡོང་ནས་པེ་ཅིན་གྱི་འགྲེམ་སྟོན་སྟེང་བཤམས་པ་བདག་གིས་དངོས་སུ་མཐོང་མྱོང་།   2005ལོར་བདག་སོགས་བོད་ལྗོངས་ལྷ་ལྡན་གྲོང་ཁྱེར་ལ་ཆས་ཏེ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་རྟོག་དཔྱོད་སློབ་སྦྱོང་བྱེད་པའི་སྐབས་སུ་ཆབ་མདོ་རི་བོ་ཆེ་དགོན་དུ་པར་བླངས་པའི་གེ་སར་མཆོག་གི་གསེར་སྒའི་འདྲ་པར་དངོས་སུ་མཐོང་།   ད་དུང་དགོན་དེར་གེ་སར་དང་དཔའ་རྟུལ་རྣམས་ཀྱི་ཤུལ་རྟེན་མང་ལ་གཏམ་རྒྱུད་ཀྱང་ངོ་མཚར་བ་མང་ཟེར། 2006ལོའི་
               ཧོར་ཟླ་དྲུག་པའི་ནང་བདག་སོགས་ཀན་སུའུ་དང་ཟི་ཁྲོན།   མཚོ་སྔོན་གྱི་མགོ་ལོག་སོགས་ལ་ཉིན་བཅུ་ལྷག་རིང་ལ་གེ་སར་ཤུལ་རྟེན་སོགས་རྟོག་དཔྱོད་ཞིབ་འཇུག་བགྱིད་པའི་སྐབས་སུ།  མགོ་ལོག་པད་མ་རྫོང་རྙི་མདའ་དགོན་དུ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སོགས་ཀྱི་མདའ་མདུང་གྲི་གསུམ་དང་།  ཞལ་འབག་བཅས་པ་མཐོང་མྱོང་།  དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་ཕོ་བྲང་ལས་ཀྱང་གེ་སར་དང་དཔའ་རྟུལ་སུམ་ཅུའི་འབག་སྐུ་དང་དགྲ་ལྷ་ཝེར་མའི་ལྡེབས་རིས་ལས་གཞན། གནའ་རབས་ཀྱི་ཁྲབ་དང་རྨོག  ཨ་སྟག་ལྷ་མོའི་རྡོ་རྗེ།  གླིང་གི་རྔ་དང་རྐང་དུང་ལ་སོགས་གསལ་བོར་མཐོང་བ་དང་། པར་ཡང་གསལ་བོར་བླངས་ཡོད། གཞན་ཡང་ཡུལ་ཤུལ་ཁུལ་གྱི་བསེ་པ་དགོན་དང་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་སོགས་སུ་ཉར་ཚགས་གནང་ཡོད་པའི་གེ་སར་རྒྱལ་པོའི་སྐུ་འཁོར་གྱི་ཁྲབ་རྨོག་ཀྱང་ཡོད་པ་ཐམས་ཅད་འདིར་རེ་རེ་བཞིན་ཞིབ་ཏུ་འབྲི་བའི་དགོས་པ་མེད། གང་ལྟར་ཀྱང་གོང་དུ་བརྗོད་པའི་ངོ་མཚར་ལྡན་པའི་རིག་རྫས་དེ་དག་ནི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་དངོས་རྫས་ལས་ཆེས་རྩ་ཆེ་ཞིང་རིན་ཐང་ལྡན་པ་རྣམས་རེད་སྙམ། ཅིའི་ཕྱིར་ཞེ་ན། གཅིག་ནི།  རིག་རྫས་རྣམ་པ་སྣ་ཚོགས་དེ་དག་ལ་གེ་སར་དང་བཅས་པའི་དཔའ་རྟུལ་རྣམས་ཀྱི་མིང་ཐོགས་ཡོད་པར་མ་ཟད།   ད་དུང་མིག་གིས་མཐོང་རྒྱུ་དང་ལག་པས་རེག་རྒྱུ་ཡོད་པའི་ཤུལ་རྫས་དངོས་ཡིན་པ་དང་། གཉིས་ནི། ད་ལྟ་ང་ཚོས་མཐོང་བའི་གེ་སར་གྱི་ཤུལ་རྫས་ཕལ་ཆེར་ཞིག་ལོ་རྒྱུས་ལྡན་ཞིང་རིག་གནས་དར་བའི་དགོན་སྡེ་རུ་ཉར་ཚགས་བྱས་ཡོད་པ་ལས་གཞན། བོད་ཀྱི་སྔོན་བྱོན་མཁས་པ་གྲགས་ཅན་སྐོར་ཞིག་གིས་ཀྱང་གེ་སར་སོགས་ཀྱི་ཤུལ་རྟེན་ཡིན་པའི་སྐོར་ལ་དཔྱད་པ་ཕུན་སུམ་ཚོགས་པ་གནང་འདུག  གསུམ་ནི། གེ་སར་རྒྱལ་པོའི་ཤུལ་རྟེན་སྐོར་ཞིག་བྱུང་བའི་དུས་རབས་དང་ཁོང་ཉིད་ཀྱིས་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་པའི་དུས་རབས་མཉམ་པ་ལའང་རིག་རྫས་ཞིབ་འཇུག་པ་ཚོས་བདེན་དཔང་གལ་ཆེན་གནང་འདུག  དེར་བརྟེན་ངེད་ཅག་གིས་གོང་གསལ་གྱི་རིག་རྫས་དེ་དག་དོ་སྣང་ལེགས་པོ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ།  
               ད་དུང་གླིང་གེ་སར་དང་དཔའ་རྟུལ་སུམ་ཅུའི་མཁར་རྫོང་སོགས་ཀྱི་རྗེས་ཤུལ་ཡང་མང་པོ་མཆིས།  འདིར་གཙོ་བོའི་སྐོར་ཞིག་དཔེར་དྲངས་ནས་བརྗོད་ན།  སྡེ་དགེ་ལྕང་ར་ན་གླིང་གེ་སར་རྒྱལ་པོའི་ཕུ་བོ་རྒྱ་ཚ་ཞལ་དཀར་གྱི་དམག་བསྡད་མྱོང་པའི་དངུལ་ཆུ་ཁྲོ་རྫོང་གི་མཁར་ཤུལ་ཡོད་པ་དང་། རྔ་བ་རྫོང་གི་སྒ་ཆུའི་འགྲམ་ན་གླིང་གི་ཕོ་བྲང་སེང་འབྲུག་སྟག་རྩེའི་ཤུལ་ཡིན་ཟེར་བའི་མཁར་ཤུལ་ཞིག་ཡོད།  དམུ་དགེ་དགོན་པའི་གླིང་བར་ན་ས་དོང་ཧ་ཅང་ཆེན་པོ་མི་རྟ་བརྒྱ་ཕྲག་མང་པོ་ཡིབས་ཆོག་པ་ཞིག་ཡོད་པ་དེ་ནི་ཧོར་དམག་གིས་བཟོས་པའི་འཐབ་ར་ཡིན་ཟེར།  མགོ་ལོག་ཁུལ་དགའ་བདེ་རྫོང་གི་ཁོ་མདོ་ས་ཆ་ན་གླིང་ཁྲོ་ཐུང་གི་མཁར་རྫོང་ཕོ་རོག་སྙིང་རྫོང་གི་ཤུལ་ཡོད།  དར་ལག་རྫོང་གི་བསང་རུ་མ་ས་ཆ་ན་གླིང་གི་དཔའ་མོ་ཨ་སྟག་ལྷ་མོའི་རྡོ་མཁར་གྱི་ཤུལ་ཡིན་ཟེར་བ་ཞིག་ཡོད། སྟག་གཟིག་སུམ་མདོ་ན་རླངས་བྱང་ཆུབ་ཨ་མྱེས་འདྲེ་བཀོལ་གྱིས་གླིང་གི་རྗེ་འབངས་རྣམས་ལ་ཆོས་གསུང་ཡིན་ཟེར་བའི་མཁར་ཤུལ་རྙིང་བ་ཞིག་ཡོད།  དར་ཆུ་སྟོད་ཀྱི་ས་ནག་ས་ཆ་ན་གེ་སར་རྒྱལ་པོ་སྐུ་དངོས་ཀྱི་ཡིན་ཟེར་བའི་མཁར་ཤུལ་ཞིག་ཡོད་པ་དེ་ནི་རྒྱུ་མཚན་ཅན་ཞིག་ཡིན་པ་《མདོ་སྨད་ཆོས་འབྱུང་》ལས་གསལ། རྨ་ཆུ་དང་མཚོ་སྐྱ་རེངས་འདྲེས་མཚམས་ཀྱི་ལྷོ་མཐའ་ན། རི་བོ་ཆུང་ཆུང་གཞན་དང་མི་མཚུངས་པ་ཞིག་ཡོད་པ་དེའི་ངོགས་ན་གནའ་མཁར་གྱི་ཤུལ་རྙིང་ཧྲུལ་ཞིག་ཡོད།  བཤད་པ་ལྟར་ན་དེ་ནི་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་མཁར་རྫོང་གཡུང་དྲུང་ནོར་བུ་དགའ་འཁྱིལ་ཟེར་བ་དེ་ཡིན་ཟེར།  མཚོ་ལྷོའི་གུང་ཧོ་རྫོང་སྤྲེལ་ནག་ཞང་ཆགས་པའི་ནང་རོལ་ནས་ལྷོ་ནུབ་གཉིས་ཀྱི་ཕྱོགས་སུ་གཡང་གཟར་བྲག་རི་དང་ནགས་ཚལ་སྟུག་པོ་ཡོད་པའི་སར་ཤན་པའི་རྡོ་མཁར་ཞེས་པ་ཞིག་ཡོད། གོང་དུ་བརྗོད་པའི་གནའ་ཤུལ་ལས་གཞན་ད་དུང་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། མཚོ་བྱང་ཁུལ། མཚོ་ཤར་ས་ཆ་སོགས་སུའང་གླིང་གེ་སར་རྒྱལ་པོ།  དཔའ་རྟུལ་སུམ་ཅུ་དང་སྨན་མཆོག་རྣམས་ཀྱི་གཏམ་རྒྱུད་དང་ཤུལ་རྫས་མི་ཉུང་མོད། ཡིན་ནའང་རེ་རེ་བརྗོད་པའི་དགོས་པ་མེད་བསམས་ནས་སྨྱུག་རྩེ་རེ་ཞིག་མཚམས་བཞག་པ་ལགས།   

               གོང་ཞུས་ཀྱི་གླིང་གེ་སར་དང་དཔའ་རྟུལ་རྣམས་ཀྱི་གནའ་ཤུལ་དེ་དག་ཐམས་ཅད་འཁྲུལ་མེད་བདེན་པ་རེད་ཅེས་བརྗོད་ན་ཚན་རིག་དང་མཐུན་དཀའ་ནའང་། གེ་སར་རྒྱལ་པོ་མཆོག་དང་དཔའ་རྟུལ་སུམ་ཅུ་བཅས་པ་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པ་བདེན་དཔང་གསལ་བོ་བྱེད་ཐུབ་པར་སྙམ།   དེའི་རྒྱུ་མཚན་གཙོ་བོ་ཡང་མཁར་རྫོང་དེ་དག་ད་ལྟ་མིག་གིས་དངོས་སུ་མཐོང་རྒྱུ་ཡོད་པ་མ་ཟད། མིས་བཟོས་ཀྱི་མཁར་རྫོང་དངོས་ཡིན་ལ། རང་བྱུང་དུ་གྲུབ་པའི་མཁར་རྫོང་གི་རིགས་མིན་པས་སོ། །

གསུམ་པ། གླིང་སྒྲུང་ལས་གེ་སར་རྒྱལ་པོ་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པའི་སྐོར་བཤད་པ།

               གོང་དུ་གངས་ཅན་མཁས་དབང་རིམ་བྱོན་གྱི་གསུང་སྒྲོས་དང་གེ་སར་རྒྱལ་པོའི་ཤུལ་བཞག་གི་རིག་རྫས། གེ་སར་དང་དཔའ་རྟུལ་སུམ་ཅུའི་མཁར་རྫོང་གི་ཤུལ་རྫས་བཅས་བརྗོད་པ་ལས་གླིང་གེ་སར་རྒྱལ་པོ་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པ་མ་ཟད།  འཁྲུངས་ཡུལ་དང་འཁྲུངས་འདས་རླབས་ཆེན་གྱི་མཛད་རྗེས་དག་ཀྱང་སྟོན་རྒྱུ་རིག་རྒྱུ་ཡོད་པ་གསལ་བོར་བརྗོད་འདུག    ད་ནི་གླིང་སྒྲུང་ལས་མཚོན་པའི་གེ་སར་རྒྱལ་པོ་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པའི་སྐོར་རགས་ཙམ་་གླེང་ན། 《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང་》ལས།  སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ཀྱི་རྒྱུད་ལས་མཆེད་པའི་ཕྲུ་གུ་མང་པོ་ལས་དང་པོ་ལྡོང་ར་ཁྲ་རྒད་པོ་ཟེར་བ་ཐབས་དང་ཤེས་རབ་ཀུན་དང་ལྡན་པ་ཞིག་འདུག་པ་དེའི་རྒྱུད་ལ་བུ་གསུམ་བྱུང་བ། ཆེ་བ་ལ་ཆོས་འཕེན་ནག་པོ་ཟེར། འབྲིང་བ་ལ་ཆོས་ལ་འཕེན་ཟེར། ཆུང་བ་ལ་བླ་མ་འཕེན་ཟེར་བས། འཕེན་པོ་ཐོགས་པའི་བུ་གསུམ་དུ་གྲགས།   བུ་དེ་གསུམ་གྱིས་ཤར་རྨ་རྒྱལ་སྦོམ་ར་ལ་གཉེན་གྱི་དར་ལམ་འཐེན། རྨ་རྒྱལ་གྱི་སྲས་མོ་ཆེ་བ་དེ་བུ་ཆོས་འཕེན་ནག་པོའི་ཇ་མ། འབྲིང་བ་དེ་ཆོས་ལ་འཕེན་གྱི་ཇ་མ།  ཆུང་བ་དེ་བླ་མ་འཕེན་གྱི་ཇ་མ་བྱས་ནས།  བུ་གསུམ་གྱིས་རང་རང་ལ་སྦྲ་རེ་ཕུབ་སྟེ་དུད་ཁྱིམ་གསུམ་བཅོས།  ཡབ་ར་ཁྲ་རྒད་པོ་ཟུར་དུ་བཞག་སྟེ་བུ་གསུམ་གྱིས་ཞབས་ཞུ་སྒྲུབ་རེ་བྱས་ནས་གསོས།  རང་གི་བུ་གསུམ་པོའི་བཟའ་ཟླ་དང་བཅས་པ་གཅིག་རྨ་སྟོད་ལ་མངགས།  གཅིག་རྨ་སྐེད་ལ་མངགས། གཅིག་རྨ་སྨད་ལ་མངགས་པ་ཡིན། དེར་ཡང་གླིང་གི་བུ་སྤུན་གསུམ་གྱིས་རྨ་ཡུལ་དར་དཀར་རིང་མོ་བཟུང་ཞིང་།  ར་ཁྲ་རྒད་པོའི་བུ་ཆེ་བའི་རྒྱུད་ལས་གླིང་ཆེ་རྒྱུད་བྱུང་བ་དང་།  བུ་འབྲིང་བའི་རྒྱུད་ལས་གླིང་འབྲིང་རྒྱུད་བྱུང་བ།  བུ་ཆུང་བའི་རྒྱུད་ལས་གླིང་ཆུང་རྒྱུད་བྱུང་ཞིང་།  རིམ་གྱིས་གནས་མཆོག་གྱུར་གླིང་དཀར་སྟོད་ལ་སྔར་མེད་ཀྱི་ཚོ་ཆེན་ལྷ་སྡེ་དཀར་པོ་ཆགས་པ་ལས། སྟོད་ལ་གསེར་བ་མཆེད་བརྒྱད། འདན་མ་ཁྲི་སྐོར་བཅུ་གཉིས། ཚ་ཞང་ཕྱུག་པོ་རུ་དགུ།  སྐྱ་ལོ་ཕྱུག་གི་སྡེ་བ་སོགས་ཀྱི་མངའ་ཐང་རྒྱས་ཤིང་རྟེན་གཞི་ཚུགས་ཞེས་གླིང་གི་གདུང་རྒྱུད་དང་གླིང་དཀར་ཚོ་ཆེན་ལྷ་སྡེ་ཆགས་ཚུལ་སོགས་གསལ་ཞིང་དག་པ་བརྗོད་པ་ལས་གཞན།   སྔོན་བྱོན་མཁས་དབང་རྣམས་ཀྱི་གསུང་དང་མཐུན་པ་ལགས་སོ། །《འཁྲུངས་གླིང་མེ་ཏོག་ར་བར་》ལྷ་སྲས་ཇོ་རུ་ཡབ་ཆེན་སེང་བློན་རྒྱལ་པོ་དང་ཡུམ་ཆེན་འགོག་བཟའ་གཉིས་ལས་རབ་བྱུང་དང་པོའི་ལྕགས་བྱིའི་ལོའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔར་དགུང་ནས་ལྷ་རྣམས་ཀྱིས་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་ཕབ།   འཇའ་འོད་ཀྱི་གུར་ཕུབ་པ་དང་བཅས་པའི་རྟེན་འབྲེལ་བཟང་པོ་མངོན་པ་དང་ཆབས་ཅིག་ལེགས་པར་སྐུ་འཁྲུངས་ཞེས་བཀོད་པ་ལས་གེ་སར་རྒྱལ་པོ་ཕ་དང་མ་ཡོད་པའི་གང་ཟག་མི་ཡིན་པ་གསལ་བ་དང་།   ད་དུང་འཁྲུངས་ལོ་《མདོ་སྨད་ཆོས་འབྱུང་》ལས་ལྕགས་བྱི་ལོར་འདོད་པ་དང་གཅིག་མཚུངས་ཡིན། 《རྟ་རྒྱུག་རྒྱལ་འཇོག་》ལས།  ཁོང་ཉིད་དགུང་ལོ་བཅུ་གཉིས་བཞེས་པའི་ལོ་དེར་གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་གྱི་རྟ་རྒྱུག་རྒྱལ་འཇོག་གི་འགོ་གླིང་དཀར་སྟོད་དུ་བརྩམས་ཏེ།  ཇོ་སྐྱིད་ཡིད་བཞིན་ནོར་བུས་རྟ་རྒྱུགས་ཀྱི་མགྱོགས་དར་ཨང་དང་པོ་བླངས་ཏེ། སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་ཤིང་གླིང་སྟོད་སྨད་བར་གསུམ་གྱི་རྒྱལ་པོ་ཆེན་པོར་དབང་བསྐུར།  མཚན་ལ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་རང་མིང་རང་གིས་བཏགས་ཞེས་བཀོད་འདུག  《བདུད་འདུལ་》ལས།  ཁོང་རང་དགུང་ལོ་བཅོ་ལྔ་བཞེས་པའི་ཐོག་ཏུ་གོང་མ་ལྷ་ཡི་ལུང་བསྟན་ཇི་བཞིན་འཇིགས་རུང་བདུད་རྒན་ཀླུ་བཙན་འདུལ་བར་ཕེབས་ཏེ། ཐོག་མར་མ་ཨ་སྟག་ལྷ་མོ་གྲོགས་སུ་བཀུག་རྗེས་བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད་དེ་བདུད་སྡེ་ཐམས་ཅད་དཀར་ཕྱོགས་ཆོས་སུ་བསྒྱུར་ཞེས་བྲིས་འདུག  
               《ཧོར་གླིང་གཡུལ་འགྱེད་》ལས།  ཁོང་ཉིད་དགུང་ལོ་ཉེར་བཞིའི་སྟེང་དུ་མ་རུངས་གུར་དཀར་རྒྱལ་པོས་གཡོ་དང་བཙན་གྱིས་གླིང་གི་སྨན་མཆོག་སེང་ལྕམ་འབྲུག་མོ་འཕྲོག་སྟེ་ཧོར་གླིང་གཉིས་བར་དུ་གཡུལ་འགྱེད་ཆེན་པོ་ལངས་ནས་གླིང་གི་གཅེས་ཕྲུག་མང་པོ་དགྲར་ཤོར་བ་སོགས་གསན་ཚེ། འཕྲལ་དུ་སག་ཐག་འཁོར་གསུམ་སྐེད་ལ་བཅིངས་ཏེ་སེར་པོ་ཧོར་གྱི་ས་ཆར་ཆས་ཏེ་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་དེ་ཕམ་པར་བཟོས་ཞེས་ལོ་རྒྱུས་གསལ་བོ་མང་པོ་བརྗོད་ཡོད། སྤྱིར་གེ་སར་རྒྱལ་པོས་དགུང་ལོ་བརྒྱད་ཅུ་བར་དུ་ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ་ཅིང་རྫོང་ཆེན་བཅོ་བརྒྱད་དབང་ལ་བསྒྱུར་བ། རྫོང་ཕྲན་གྲངས་མེད་དམ་ལ་བཏགས་པའི་ལོ་རྒྱུས་གསལ་བོ་ཡོད་ཅིང་འདིར་བརྗོད་པ་མང་བར་དོགས་ནས་གཙོ་བོ་འགའ་བརྗོད་པ་ལགས།  
               གཞན་ཡང་གེ་སར་རྒྱལ་པོའི་དཔའ་རྟུལ་རྣམས་ཀྱང་ཕ་དང་མ་ལྡན་པའི་ཤ་ཁྲག་གཉིས་འཛོམས་ཀྱི་གང་ཟག་ཡིན་པ་ཡང་།  དཔེར་ན།  《ཧོར་གླིང་གཡུལ་འགྱེད་》ལས།  དང་པོ་རྒྱལ་སྲས་སེང་བློན་གྱིས་རྒྱ་ནག་ཡུལ་ནས་རྒྱ་ནག་རྒྱལ་པོའི་སྲས་མོ་ལྷ་དཀར་སྒྲོལ་མ་ཁབ་ཏུ་བཞེས།  དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་འཁྲུངས།    དེ་ནས་འགོག་གི་ཡུལ་ནས་འགོག་ར་ལོ་སྟོན་པའི་སྲས་མོ་འགོག་བཟའ་ལྷ་མོ་མགྲོན་དུ་བླངས། སྐྱེས་བུ་དམ་པ་གེ་སར་འགོག་ཚ་འཁྲུངས། དེ་ནས་རོང་གི་ཡུལ་ནས་སྨན་མཆོག་ཤེལ་སྒྲོན་ཆུང་མར་བསུས། གླིང་གི་གཅེས་ཕྲུག་དམར་ལེབ་རོང་ཚ་འཁྲུངས་ཞེས་གེ་སར་གྱི་ཕ་རྒྱུད་མ་རྒྱུད་དང་བུ་སྤུན་གྱི་ལོ་རྒྱུས་བསྡུས་པ་བརྗོད་འདུག   《སྨུག་པོ་ལྡོང་གི་རྒྱལ་རབས་》ལས། སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐྱེ་ཁུངས་ཀྱི་ལོ་རྒྱུས་བཀོད་པ་ལྟར་ན།   སྒ་སྡེ་ཆོས་སྐྱོང་བེར་ནག་ནི་སྒ་སྟོད་དར་གྱི་ལྷ་ལུང་ཆོས་འཕེལ་པད་མ་ལྷ་ཐང་གི་འགྲམ་དུ་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་འབྲུ་བཟའ་བསམ་གཏན་དཔལ་ལྷ་གཉིས་ཀྱི་་སྲས་སུ་སྐུ་འཁྲུངས་ཞེས་བཀོད་པ་ལགས།  《སྨུག་པོ་ལྡོང་གི་རྒྱལ་རབས་》ལས།  དར་འཕེན་དུག་གི་སྡོང་བོ་ནི་ལྡོང་ཁྲ་བཙན་དར་མ་གྲགས་པ་དང་ཡུམ་ཚ་བཟའ་བྱང་ཆུབ་སྒྲོན་མེ་གཉིས་ཀྱི་སྲས་སུ་ཤིང་གླང་ལོར་སྐུ་འཁྲུངས་ཞེས་བཀོད་འདུག་པ་ཐམས་ཅད་ལས་གླིང་གི་དཔའ་རྟུལ་རྣམས་ལྷ་སྒྲུང་གི་ལྷ་མི་མིན་ཞིང་ཕ་མ་བུ་སྤུན་ལྡན་པའི་འཇིག་རྟེན་ཁམས་ཀྱི་སྐྱེ་བོ་དག་ཡིན་པ་གསལ་བོར་མཐོང་ཐུབ། 
               གཞན་ཡང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གྱི་སྐོར་ཡང་གླིང་སྒྲུང་ལས་གསལ་བོར་བྲིས་ཡོད། དཔེར་ན། 《འཁྲུངས་གླིང་མེ་ཏོག་ར་བ་》ལས།  ས་སྐྱིད་སོས་ཡག་གི་ཁ་མདོ་རེད།  ཆུ་གཉིས་འབབ་སྒྲ་ལྷུང་ལྷུང་གྲགས།  བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། སྤང་གཉིས་བལ་སྟན་བཏིངས་འདྲ་ཡིན། བྲག་སྦལ་བ་འདྲ་བའི་རྩ་བ་རེད། ཅེས་བཀོད་འདུག  འདིར་ལོ་རྒྱུས་དེབ་ཐེར་ཏེ་《མདོ་སྨད་ཆོས་འབྱུང་》དང་མཁས་དབང་དམུ་དགེ་བསམ་གཏན་སོགས་ཀྱིས་བཞེད་པ་དང་མཐུན་པ་མ་ཟད། གནས་དེ་ནས་ཞིབ་མོས་བལྟས་ན། གེ་སར་ལྷ་ཁང་གི་གཡས་ན་སྐྱིད་ཆུ་དང་གཡོན་ན་སོས་ཆུ་འབབ་པ། མདུན་ན་རྫ་ཆུ་འབབ་པ། ལྷ་ཁང་གི་རྒྱབ་རིའི་ངོས་སུ་བྲག་གཉིས་མདའ་སྒྲོ་གཤིབ་པ་འདྲ། ལྷ་ཁང་མདུན་གྱི་གཡས་གཡོན་སྤང་གྲུ་བཞི་བལ་སྟན་བཏིངས་འདྲ་ཡོད།   ངོ་མ་བཅོས་མིན་གྱི་རང་བྱུང་ཁམས་ཀྱི་ངོ་མཚར་དེ་དག་མཐོང་བས་ན། ཡིད་ལ་སྔོན་བྱོན་མཁས་པ་དང་སྒྲུང་མཁན་རྣམས་ཀྱིས་བླངས་པའི་ཞིབ་འཇུག་གི་གྲུབ་འབྲས་ལ་ཧ་ལས་པར་ཤར་བྱུང་།   སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་མཁར་ཡིན་ཟེར་བའི་མཚོ་སྐྱ་རེངས་འགྲམ་གྱི་མཁར་རྙིང་དེར་མཚོན་ན།    སྒྲུང་དཔེའི་ནང་དུ་འདི་ལྟར་བཀོད་འདུག   མཚོ་སྐྱ་རེངས་སྔོ་རེངས་གྲོ་རེངས་གསུམ། མཚོ་སྐྱ་རེངས་ཁ་ནས་སྐྱ་ལོ་སྡོད། མཚོ་སྔོ་རེངས་ཁ་ནས་སྔོ་ལོ་སྡོད། མཚོ་གྲོ་རེངས་ཁ་ནས་གྲོ་ལོ་སྡོད་ཅེས་བྲིས་འདུག་པ་ཐམས་ཅན་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ལྡན།  གནའ་ཤུལ་འདི་དག་བདེན་པ་མིན་ན་བགྲང་བྱ་བརྒྱ་ཕྲག་དུ་མར་ཁྱབ་པའི་སྒྲུང་དཔེའི་ནང་དོན་དང་ད་ལྟའི་ངོས་འཛིན་གྱི་མིང་གཉིས་མཐུན་ཐབས་མེད་དོ་སྙམ།

 བཞི་པ། མཐའ་མའི་དཔྱད་གཏམ།
               གོང་གསལ་དུ་གླིང་རྗེ་གེ་སར་རྒྱལ་པོ་ལྷ་སྒྲུང་ནང་གི་མི་སྣ་ཞིག་མིན་ཞིང་ལོ་རྒྱུས་ཐོག་གི་མི་སྣ་དངོས་ཤིག་ཡིན་པའི་སྐོར་ལ།  དང་པོ་བོད་གངས་ཅན་གྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་བགྲང་བྱ་བརྒྱ་ཕྲག་བཞིའི་སྔོན་ནས་བཟུང་གེ་སར་གྱི་འཁྲུངས་ཡུལ་དང་ཕ་མ་རིགས་རྒྱུད། འཁྲུངས་འདས། རླབས་ཆེན་གྱི་མཛད་རྗེས་དག ཁྱད་པར་དུ་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་ཇི་ལྟར་དབང་དུ་བསྡུས་པའི་ལོ་རྒྱུས་རྣམས་བརྗོད་ཡོད་པར་མ་ཟད།  གླིང་གི་དཔའ་རྟུལ་སུམ་ཅུ་དང་སྨན་མཆོག་བཅུ་གསུམ་སོགས་ཀྱི་འཁྲུངས་འདས་ལོ་རྒྱུས་ཀྱང་གསལ་ལེར་བརྗོད་དེ་དཔྱད་པ་ཡང་ནན་མོ་བཏང་ཡོད་ཅིང་། མཁས་པའི་དཔྱད་གཏམ་དེ་དག་ལ་རིན་པོ་ཆེ་ལྟ་བུའི་རིན་ཐང་གཞལ་དུ་མེད་པ་མཆིས།  གཉིས་ནི།  གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ།  སྨན་མཆོག་འབྲུག་མོ་དང་བཅས་པའི་ཤུལ་བཞག་གི་རིག་རྫས་སྣ་མང་ད་ལྟ་ལག་པས་རེག་རྒྱུ་དང་མིག་གིས་མཐོང་རྒྱུ་ཡོད་པ། ཁྱད་པར་དུ་གླིང་ཚང་རྒྱལ་པོའི་གནས་ཡུལ་དང་གེ་སར་འཁྲུངས་ཡུལ་ས་སྐྱིད་སོས་ཡག་གི་ཁ་མདོ། སྡེ་དགེ་དཔར་ཁང་ཆེན་མོ། ནང་ཆེན་རྫོང་གི་རྟ་རྣ་དགོན། ཆབ་མདོའི་རི་བོ་ཆེ་དགོན། བླ་བྲང་བཀྲ་ཤིས་འཁྱིལ་དགོན།  ཁྲ་གླིང་དགོན་གྱི་སེང་འབྲུག་སྟག་རྩེ་ཕོ་བྲང་།  ཡུལ་ཤུལ་ཁུལ་གྱི་བསེ་པ་དགོན་བཅས་སུ་ཉར་ཚགས་གནང་ཡོད་པའི་གེ་སར་གྱི་གསེར་སྒ་ཉི་མ་རང་ཤར།  མདའ་མདུང་གྲི་གསུམ།  འབྲུག་མོའི་སྐེད་ཆིངས། དཔའ་རྟུལ་རྣམས་ཀྱི་ཁྲབ་དང་རྨོག  རལ་གྲི་སོགས་ལ་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ལྡན་ནོ།   །གལ་སྲིད་དམག་ཆས་དང་རྒྱན་ཆ་འདི་དག་ཁོང་རྣམ་པའི་མིན་ཟེར་ན། འདི་དག་གང་ནས་བྱུང་བ་ཡིན། སུས་བཀོལ་བ་ཡིན། བགྲང་བྱ་བརྒྱ་ཕྲག་དུ་མར་དགོན་པ་གྲགས་ཅན་འདི་དག་ཏུ་ཉར་ཚགས་བྱེད་དོན་ཅི་ཡིན། དྲི་བ་འདི་རྣམས་ལ་ལན་གསལ་བོ་ཡིད་ལ་འབབ་པ་ཞིག་འདེབས་ཁག་པོ་འདུག   གསུམ་ནི།  ད་ལྟ་མིག་གིས་མཐོང་རྒྱུ་ཡོད་པའི་གེ་སར་རྒྱལ་པོའི་ཕོ་བྲང་། མཚོ་སྐྱ་རེངས་འགྲམ་གྱི་འབྲུག་མོའི་མཁར་རྫོང་གི་ཤུལ། ཨ་སྟག་ལྷ་མོའི་རྡོ་མཁར། ཁྲོ་ཐུང་གི་མཁར་ཤུལ།  སྤྲེལ་ནག་ཞང་གི་ཤན་པའི་རྡོ་མཁར། ཁྲ་རྒན་གྱི་གནས་ཡུལ་ལ་སོགས་གང་ཟག་མིས་དངོས་སུ་བརྩིགས་ཏེ་མི་དངོས་སུ་བསྡད་མྱོང་བའི་གནས་འགངས་ཆེན་དག་ཡིན་པ་སུས་ཀྱང་བསྙོན་དུ་མེད། ཡང་སྙིང་དུས་རབས་ག་ཚོད་ལ་མི་ཅི་ཙམ་ཞིག་བསྡད་པ་ཡིན་ཞེ་ན་ཁ་ཚོན་གཅོད་ཁག་པོ་འདུག་མོད།  འོན་ཀྱང་ལོ་འཁོར་བརྒྱ་ཕྲག་དུ་མར་གེ་སར་དང་དཔའ་རྟུལ་སོགས་ཀྱི་མཁར་རྫོང་ཡིན་ཞེས་དམངས་ཁྲོད་ཀྱི་ངག་ཐོག་ནས་ཁྱབ་པ་དང་།  མཁས་པ་རྣམས་ཀྱིས་ཀྱང་ལྟ་བ་མཐུན་པར་བརྗོད་པ་མ་ཟད།  སྒྲུང་དཔེ་རྩ་ཆེན་དག་ལས་ཀྱང་ངོས་འཛིན་གསལ་བོ་གནང་འདུག  དེས་ན་མཁར་རྫོང་དེ་དག་ཁོང་རྣམས་ཀྱིས་མ་རེད་ཅེས་བརྗོད་ག་ལ་ནུས། བཞི་ནི། གླིང་སྒྲུང་རྩ་ཆེན་《ཧོར་གླིང་གཡུལ་འགྱེད་》དང་《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང་》《འཁྲུངས་གླིང་མེ་ཏོག་ར་བ་》《རྟ་རྒྱུག་རྒྱལ་འཇོག》《སྨུག་པོ་ལྡོང་གི་རྒྱལ་རབས་》སོགས་ལས།  གེ་སར་རྒྱལ་པོའི་སྐྱེས་རབས་ལོ་རྒྱུས་གསལ་བོར་བཀོད་འདུག་ལ།   ཁྱད་པར་དུ་གེ་སར་རྒྱལ་པོའི་ཕ་མ་སྤུན་མཆེད་ཀྱི་འབྲེལ་བའི་ལོ་རྒྱུས།  ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་ཕབ་པའི་མཛད་རྗེས།  ཁམས་གསུམ་བདེ་ལ་བཀོད་དེ་དགུང་ལོ་བརྒྱད་འདས་པའི་ཚུལ་བསྟན་པའི་རྒྱུ་་མཚན་སོགས་གསལ་ལེར་བཀོད་འདུག    ད་དུང་གེ་སར་རྒྱལ་པོ་ལས་གཞན་དཔའ་རྟུལ་སུམ་ཅུ་དང་སྨན་མཆོག་བཅུ་གསུམ་སོགས་ཀྱི་འཁྲུངས་འདས་དང་ཕ་མ་བུ་སྤུན་རྣམས་ཀྱི་ལོ་རྒྱུས་ཀྱང་གསལ་བོར་མཐོང་རྒྱུ་ཡོད་པ་མ་ཟད།  སྔོན་བྱོན་མཁས་པའི་གསུང་སྒྲོས་དང་དམངས་ཁྲོད་ཀྱི་ངག་རྒྱུན་དག་ལའང་གཅིག་མཐུན་བྱུང་ཡོད། འདི་ཕྱོགས་སུའང་ངེད་ཅག་གིས་ཡིད་རྟོན་ཆོག་པར་བསམས། ལྔ་ནི། ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོའི་གཞུང་ལུགས་ཀྱི་ཆ་ནས་འཆད་ན། འཛམ་གླིང་སྟེང་ཁྱབ་དང་ཁྱབ་བཞིན་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་གང་དང་གང་ཡིན་རུང་ཐམས་ཅད་མི་རིགས་ཤིག་གི་བྱིས་པའི་དུས་སྐབས་སུ་གྲུབ་པ་ཡིན་ལ། ནང་དོན་གྱི་ཆ་ནས་ཀྱང་མི་རིགས་ཤིག་གི་ཐོག་མའི་འབྱུང་ཁུངས་དང་འགྱུར་ལྡོག  ཐོན་སྐྱེད་འཐབ་རྩོད།  ཚོ་ཁག་བར་གྱི་གཡུལ་འཁྲུག་བཅས་མཚོན་པ་ལགས།  འཛམ་གླིང་སྟེང་གི་ལོ་རྒྱུས་མཚོན་པའི་སྙན་རྩོམ་རིང་མོ་ལྔ་ཡང་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་སྐབས་ནས་བཟུང་མཇུག་གྲུབ་སྟེ་བརྩམས་སྒྲུང་རིང་གྲས་ཀྱིས་ཚབ་བགྱིས་པ་ཡིན་ཞེས་བཀོད་འདུག   ཡིན་ནའང་གླིང་སྒྲུང་ནི་ད་དུང་མུ་མཐུད་དུ་རྒྱ་ཇེ་ཆེ་དང་འཆད་ན་ཚར་རྒྱུ་མེད་པ།   གསོན་པོའི་ཚུལ་དུ་གནས་ཡོད་ལ།  སྒྲུང་མཁན་ཡང་ན་གཞོན་མང་པོ་བྱུང་དང་འབྱུང་བཞིན་ཡོད་པའི་དབང་གིས་གླིང་སྒྲུང་གི་གཞུང་ལུགས་ལ་ཡང་བསྐྱར་དབྱེ་ཞིབ་དང་ཞིབ་འཇུག་གནང་སྟེ་སྡོམ་ཚིག་ཚན་རིག་དང་མཐུན་པ་ཞིག་འཇོག་དགོས་པར་བསམས།  
               སྤྱིར་གླིང་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ། སྨན་མཆོག་བཅུ་གསུམ་རྣམས་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པའི་དབང་དུ་བཏང་ནའང་།   ཕྱིས་སུ་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ནང་མི་སྣའི་གཟུགས་བརྙན་ཞིབ་འབྲི་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  དེའི་རྒྱུ་མཚན་ཡང་དུས་རབས་སོ་སོའི་དམངས་ཁྲོད་ཀྱི་སྒྲུང་པ་མང་པོའི་ངག་ཐོག་ནས་གསར་རྩོམ་གནང་སྟེ།  གེ་སར་རྒྱལ་པོ་ལོ་རྒྱུས་ཀྱི་མི་སྣ་ལས་བརྒལ་ཏེ་ལྷ་སྒྲུང་གི་མི་སྣར་ཡང་གྱུར་འདུག ད་ལྟ་གསར་བྱུང་གི་སྒྲུང་དཔེ་ལས་མཐོང་བ་ལྟར་ན། གེ་སར་རྒྱལ་པོའི་ཕྱེད་ཀ་ལྷ་དང་ཕྱེད་ཀ་མི་ལྟ་བུར་གྱུར་ཡོད་ཅིང་།    ད་དུང་ས་ཁུལ་མང་ཆེ་ཤོས་ཤིག་ཏུ་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་སྤྲུལ་ཡིན་ཞེས་ཡི་དམ་གྱི་ལྷའི་ཚུལ་དུ་བཀོད་ནས་མཆོད་བཀུར་བླ་ན་མ་མཆིས་བགྱིད་བཞིན་ཡོད།  ད་དུང་དམངས་ཁྲོད་ཀྱི་སྒྲུང་པའི་གཏམ་རྒྱུད་དེར་སྨྱུག་ཐོགས་པ་རྣམས་ཀྱིས་རྩོམ་རིག་གི་སྒྲོ་བཏགས་དང་ཆེ་བརྗོད་མང་པོ་བཀོད་ནས་ལྷ་སྒྲུང་དུ་བཏང་བ་དང་།   སྤྲུལ་སྒྱུར་ཀྱང་མང་པོ་ནུས་པ་མ་ཟད།  ཉག་ཕྲན་མདའ་དང་འདོ་རིག་རྟ་སོགས་ཀྱིས་ཀྱང་མི་སྐད་གོ་ཞིང་མི་དོན་སྒྲུབ་ཐུབ་པར་བཏང་འདུག  དེའི་སྟབས་ཀྱིས་ཁོ་བོས་བསམ་པར་གེ་སར་རྒྱལ་པོའི་མཛད་རྗེས་དངོས་སྟོན་པའི་སྒྲུང་དཔེ་ནི《འཁྲུངས་གླིང་》དང་《རྟ་རྒྱུག་རྒྱལ་འཇོག》 དེ་མིན་《བདུད་འདུལ་》དང་《ཧོར་གླིང་གཡུལ་འགྱེད།》《འཇང་གླིང་གཡུལ་འགྱེད།》《མོན་གླིང་གཡུལ་འགྱེད་》བཅས་འབོད་པའི་ཕྱོགས་བཞིའི་དགྲ་བཞི་དང་《སྟག་གཟིག་ནོར་རྫོང་།》《ཁ་ཆེ་གཡུ་རྫོང་།》《མི་ནུབ་དར་རྫོང་།》《(གྲུ་གུ་གོ་རྫོང་།》《སོག་པོ་རྟ་རྫོང་།》《བྷེ་ར་ལུག་རྫོང་།》《མངའ་རིས་གསེར་རྫོང་》བཅས་རྫོང་ཆེན་བཅོ་བརྒྱད་མ་གཏོགས།   གཞན་སྒྲུང་དཔེ200ལྷག་ཐམས་ཅད་ཁོང་གི་མཛད་རྗེས་དངོས་ཡིན་པའི་ངེས་པ་མེད་དེ། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས།⒀  གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་།  །གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད།  །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི།  །སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མ་རུང་།  །ཞེས་པའི་གོ་དོན་གཙོ་བོ་ནི་ད་ལྟ་སྒྲུང་དཔེ་ནང་དུ་སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བའི་གེ་སར་རྒྱལ་པོ་དེ་ལོགས་སུ་མེད་ཟེར་བ་མ་གཏོགས་གེ་སར་རྒྱལ་པོ་ཞིག་ལོ་རྒྱུས་ཐོག་བྱུང་མ་མྱོང་ཟེར་བ་གཏན་ནས་མིན་སྙམ།
               ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།   
               ①⑧《ནང་དོན་ཐ་སྙད་རིག་གནས་ཀྱི་གཞུང་གི་དོགས་གནས་འགའ་ཞིག་བྲིས་པའི་ལན་ཕྱོགས་གཅིག་ཏུ་བྲིས་པ་རབ་དཀར་པ་སངས》སྣ་རིང་མའི་ཤོག་གྲངས13-16ལས་གསལ།   
               ②⑾⑿《མདོ་སྨད་ཆོས་འབྱུང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས234  27  149ལས་གསལ།   
               ③《བསྟན་རྩིས་ཀུན་ལས་བཏུས་པ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས165ལས་དྲངས།   
               ④《བོད་མིའུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས86-91ལས་གསལ།   ⑤⑥⑨⒀《གནའ་དེང་མཁས་པའི་གེ་སར་སྒྲུང་སྐོར་གྱི་གསུང་སྒྲོས་གཟི་ཡི་མགུལ་རྒྱན་》མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཤོག་ངོས414-415 406  414-415 394ལས་གསལ།   
               ⑦《གེ་སར་ཞིབ་འཇུག་》)2006ལོའི་དུས་དེབ་དང་པོའི་ཤོག་ངོས76-77ལས་གསལ།   
               ⑩《གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་ཕྲེང་བ》བོད་་ལྗོངས་མི་དམངས་དཔེ་སྐྲུང་ཁང་ནས་པར་བཏབ། ཤོག་ངོས39ལས་གསལ།  ⒁སྒྲུང་དཔེ《ཧོར་གླིང་གཡུལ་འགྱེད།)》《འཁྲུངས་གླིང་།》 《(རྟ་རྒྱུག་རྒྱལ་འཇོག》《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང་།》 《སྨུག་པོ་ལྡོང་གི་རྒྱལ་རབས་》བཅས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1