གསོ་རིག་རབ་འབྱམས་གཞུང་ལ་ཐུགས་མངའ་བའི་ལྷ་རྗེ་བསྟན་ཁོ་མཆོག
རྗེ་བསྟན་ཁོ་མཆོག་ནི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་སོ་གསུམ་ལོར་ད་ལྟའི་མཛོད་དགེ་རྫོང་བཞག་སྡོམ་གྱི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་གཉིས་ནི་ཆོས་དད་ཆེ་ཞིང་གཞུང་རྒྱུད་དྲང་བ། དཀར་པོའི་དགེ་བའི་ལས་འབའ་ཞིག་ལ་བརྩོན་པའི་གང་ཟག་ཅིག་པ་དང་། ཁོང་ལའང་བག་ཆགས་ཟབ་མོ་ཐེབས་པ་རེད། ཁོང་དགུང་ལོ་དྲུག་ཏུ་སོན་སྐབས་རབ་ཏུ་བྱུང་སྟེ་ཁང་གསར་དགོན་དུ་ཚོགས་ལ་བཞུགས་ཤིང་། བོད་ཀྱི་སུམ་རྟགས་དག་གསུམ་དང་རྒྱུད་སྡེ་བཞི་སོགས་ལ་སྦྱོང་བའི་ཁུལ་མཛད། དགུང་ལོ་བཅུ་དྲུགཏུ་སོན་སྐབས་ཁང་གསར་དགོན་དང་བྲལ་ཏེ་བྱང་ཉི་མ་བླ་བྲང་དུ་ཐོས་བསམ་ལ་ཕེབས། ཁ་གྱའི་བསྟན་པ་དགེ་རྒན་ཏུ་བསྟེན་ཏེ་གསོ་རིག་རྒྱུད་བཞི་སོགས་ལ་བརྩོན་པའི་དགོངས་པ་བཞེས་ཏེ་ལོ་ངོ་སུམ་ཅུའི་རིང་དུ་སྔོན་བྱོན་མཁས་པ་རྣམས་ཀྱི་ཐུགས་བརྩོན་ལྟར་ཉིན་ཞག་མེད་པར་ཐོས་བསམ་ལ་འབད་བརྩོན་ལྷོད་མེད་བྱས་པས། གསོ་རིག་གི་གནད་ཕྲ་མོ་ཀུན་ལ་བྱང་ཆུད་ཅིང་ཐོགས་པ་མེད་པ་བྱས་པ་མ་ཟད། ཚད་མ་སོགས་གཞུང་ཆེན་པོ་ཏི་ལྔ་ལ་ཐོས་བསམ་མཛད་པས་མཁས་པའི་གོ་འཕང་། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ང་དགུ་ནས་བོད་ཀྱི་གསོ་རིག་རྒྱུད་འཛིན་དང་ཞིབ་འཇུག་གི་སླད་དུ་ཕྱག་ལས་གནང་ཞིང་། ནད་ཀྱིས་མནར་བའི་གང་ཟག་མང་བོ་སྡུག་རྔུའི་ཀློང་ནས་བཀྲོལ་བར་མཛད་པས་ཀུན་གྱི་ངག་ཏུ་ཨ་ཁུ་བསྟན་ཁོ་ཞེས་རླུང་ལྟར་གྲགས་ཤིང་། གླིང་འདི་ཁོང་གི་མཚན་གྱིས་བཀང་བར་བྱས་སོ།།
1.བློ་ཡིས་ཞིབ་ཏུ་དཔྱད། གཞུང་ལུགས་གདམས་པར་ཤར།
གསོ་རིག་རྒྱུད་བཞི་དང་དེའི་འགྲེལ་བ། དེའི་ཡང་འགྲེལ་སོགས་ལ་མཁས་པར་བྱས་པས། སྨན་བཅོས་ཀྱི་ཉམས་མྱོང་དང་། སྨན་སྣ་སྡེབ་སྦྱོར་སོགས་ལ་གཞན་གྱི་འགྲན་ཟླ་བྲལ་ཞིང་། མཁས་པའི་གོ་འཕང་བརྙེས་པས་བོད་སྨན་རྐང་འཛིན་པ་ཁོ་ནར་གྱུར། དེར་བརྟེན་ལྷ་ས་དང་། མཚོ་སྔོན། ཀན་ལྷོ། སི་ཁྲོན་སོགས་ཕྱོགས་ལ་ལུང་ནས་ནད་པ་མང་བོ་མེ་ཏོག་གི་ཚལ་དུ་བུང་བ་འདུས་པ་ལྟར་ཁོང་གི་མདུན་དུ་འབྱོར་ཞིང་ཐམས་ཅད་ཀྱི་འདོད་པའི་རི་མོའང་བསྐངས་ཤིང་ནད་ལས་ཐར་བར་བྱས་པ་རེད། རིམ་བཞིན་ཁོང་གི་མཚན་སྙན་ཇེ་རྒྱས་སུ་གྱུར་ཏེ་པེ་ཅིན་དང་། ཀུང་ཏུང་། ཀུང་ཀྲོའུ། ཧེའུ་པེའུ། ཡུ་གུར་སོགས་ནས་ནད་པ་མང་བོ་ཁོང་ལ་མཇལ་བར་ཆེད་དམིགས་ཀྱིས་འབྱོར་བ་དང་། ཁོང་གིས་ཀྱང་དེ་ལ་དེ་བསྟུན་གྱིས་སྨན་བཅོས་བྱས་པས་ཀུན་ལ་ཕན་པར་གྱུར་ཏོ།།
2.ཉམས་མྱོང་གི་མཛོད་དུ་གྱུར། ཀུན་གྱིས་གཙུག་ཏུ་བཀུར།
ཁོང་ནི་བོད་ཀྱི་གསོ་རིག་རིག་གཞུང་ལ་མངའ་བརྙེས་ཤིང་ལག་ལེན་ཟུང་འབྲེལ་གྱིས་རང་ཉིད་ནས་བོད་ཀྱི་གསོ་རིག་སློབ་ཁྲིད་དཔྱད་གཞི་དཔེ་དེབ ༡༣ བྲིས་ཤིང་། དེར་ཡིག་འབྲུ་ཁྲི ༧༨ ཙམ་ཡོད། དེ་བཞིན་འཆད་ཁྲིད་སོགས་དགེ་རྒན་གྱི་འགན་བཞེས་པ་རེད། ༡༩༧༤ནས་བོད་སྨན་འཛིན་གྲྭ་ཞིག་བཙུགས་ཏེ་རྔ་བ་ཁུལ་དུ་ཚད་ལྡན་སྨན་པ ༢༦༠ ཙམ་བསྐྱེད་བསྲིངས་བྱས། ཁོང་ནི་རྟག་པར་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ་སོགས་ནས་གདན་འདྲེན་ཞུ་བཞིན་ཡོད། མདོར་ན་ཨ་མདོ་ས་ཁུལ་ནས་ལོ་ཙཱ་དང་བོད་སྨན་ཁྲིད་གཞིའི་བསླབ་དེབ་ལ། ༡༩༨༣ལོའི་ཟླ་༥བར་ཟི་ལིང་ནས་རྒྱལ་ཡོངས་ཀྱི་བོད་སྨན་སློབ་དེབ་རྩོམ་སྒྲིག་ཚོགས་འདུ་རུ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཚང་མའི་གསོ་རིག་མཁས་དབང་མང་པོས་ཁོང་ལ་གདེང་འཇོག་ཐོབ། ཁོང་གིས་རྩོམ་སྒྲིག་གནང་བའི་སྨན་སྦྱོར་ཉམས་མྱོང་ཕྱོགས་བསྒྲིགས་དང་རྒྱུད་བཞི་ཞིབ་བསྡུར་མ་སོགས་པར་སྐྲུན་གནང་།
3. སྨན་སྣ་མང་དུ་བཏང་། འགྲེམ་ཚད་ཇེ་མཐོར་གྱུར།
ཁོང་ནི་བོད་ཀྱི་གསོ་རིག་དང་བོད་སྨན་གང་ལའང་ཁྱད་ཆོས་མངོན་པར་གསལ་ཞིང་། ཚན་རྩལ་ཞིབ་འཇུག་ལའང་བོད་སྨན་གྲགས་ཆེན་མུ་ཏིག་བདུན་ཅུ་ཚོང་རར་བཀྲམ་པ་དང་ཚོང་རའི་དགོས་མཁོ་ལྟར་མངོན་གསལ་དོད་པའི་གྲུབ་འབྲས་དང་དཔལ་འབྱོར་ཁེ་ཕན་གང་ལེགས་བྱུང་། ༡༩༨༩ལོར་མུ་ཏིག་༧༠ལ་སི་ཁྲོན་ཀྲུང་ལུགས་ཚན་རྩལ་ཡར་རྒྱས་ཀྱི་དཔང་རྟགས་ཨང་གསུམ་པ་ཐོབ། ཁོང་གིས་སྡེབ་སྦྱོར་བྱས་ལའི་ཤཱ་སའི་བདེ་བྱེད་ལ ༢༠༠༢ ལོར་དུས་རབས ༢༡ པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་འདུ་བའི་རྒྱལ་སྤྱིའི་གསོ་རིག་འགྲེམ་སྟོན་སྟེང་གི་གསེར་གྱི་གླང་ཆེན་གྱི་གཟེངས་རྟགས་དང་པོ་ཐོབ། ཁོང་གིས་ཚན་རྩལ་ཞིབ་འཇུག་དང་སྨན་བཅོས་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པ་དང་། ལྷག་པར་དུ་ནད་རིགས་འདྲ་མིན་ངོས་འཛིན་རྟགས་བཅོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པ་རེད། ཁོང་གིས་སྡེབ་སྦྱོར་བྱས་པའི་ཤཱ་སའི་མཆིན་བདེ་རིལ་བུ་ཡིས་མཆིན་ནད་གདུག་པ་ཅན་དག་དང་ཕན་བསྐྱེད་གང་ལེགས་བྱུང་ཞིང་དེ་བཞིན་གློ་གཅོང་སོགས་ཀྱི་གསོ་བཅོས་ལའང་ཕན་འབྲས་བླ་མེད་ཀྱིས་རྒྱལ་ནང་དུ་ཕྱི་བཅོས་དང་ཁོང་ནད་སྨན་པ་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་། གཞན་བོད་ཀྱི་གསོ་རིག་ཞིང་ཁམས་སུ་ཁོང་ལ་གདེང་འཇོག་དཔེ་མེད་ཀྱི་གུས་བརྩི་ཐོབ་པ་རེད།
4. གཞན་ཕན་དོན་དུ་བཞེངས། རླབས་ཆེན་མཛད་པ་བསྐྱངས།
ཁེ་འདོད་དང་གྲགས་འདོད་ཡོངས་སུ་དོར་སྟེ་ཁོང་གིས་སྔར་ལས་ལྷག་པར་ནན་ཏན་གྱིས་སྨན་བཅོས་ལ་གཞོལ་ཞིང་། སློབ་ཁྲིད་གནང་བ་དང་མི་སྣ་བསྐྱེད་སྲིང་བྱས། དགུང་ལོ་བགྲེས་ནའང་བླ་བྲང་དང་། ཀན་སུའུ་བོད་སྨན་གསོ་རིག་ཞིབ་འཇུག་གླིང་། ཁ་རྒྱ་དགོན། སྐུ་འབུམ། རྭ་རྒྱ་དགོན། རྔ་བ་བོད་སྨན་ཁང་སོགས་སུ་ཕེབས་ཏེ་དངོས་སུ་སློབ་ཁྲིད་དང་དབང་ལུང་ཁྲིད་གསུམ་གང་མང་གནང་། སྔ་གཞུག་ཏུ་སློབ་མ ༢༡༠༠ ལྷག་ཙམ་བསྐྱངས། སློབ་བུ་ལ་ཤས་ནི་བོད་ཀྱི་གསོ་རིག་ཆེད་ལས་མཁས་དབང་གི་གོ་ཐོབ་དང་རྒྱལ་ཡོངས་ཀྱི་གསོ་རིག་གླེང་སྟེགས་སུ་སྐད་གྲགས་རྒྱས་ཡོད།
ཁོང་ལ་སྔ་གཞུག་དུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན། ཁུལ་སོགས་ནས་གཟེངས་རྟགས་གང་མང་ཐོབ་པ་དང་། རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་དཔེ་ལེགས་མི་སྣ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་སྨན་པ། སི་ཁྲོན་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སྔོན་ཐོན་མི་སྣ། རྒྱལ་ཡོངས་སྐབས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་རིག་གཞུང་ཉམས་མྱོང་གི་དགེ་རྒན་ཆེན་མོ། ཞིང་ཆེན་རིམ་པའི་དགེ་རྒན། འཕྲོད་བསྟེན་པུའུ་བོད་སྨན་ཆེད་མཁས་པ་བཅས་ཀྱི་མིང་ཐོབ་དང་། སྐབས་བདུན་པ་དང་བརྒྱད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀྲུང་གོའི་གསོ་རིག་སྨན་རྫས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་ཆེད་ལས་ལག་རྩལ་མཐོ་རིམ་གོ་ཐོབ་ཞིབ་བཤེར་མི་རིགས་ཚོགས་པའི་ཚོགས་གཙོ། སི་ཁྲོན་ཞིང་ཆེན་གྱི་སྨན་པ་གྲགས་ཅན་དང་། སི་ཁྲོན་ཞིང་ཆེན་སྨན་པ་ཆེན་པོ་བཅུའི་ནང་གི་སྨན་པ། དམིགས་བསལ་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕོགས་ཐོབ་དང་། རྒྱལ་ཡོངས་ཀྲུང་ལུགས་ཆེད་མཁས་རིག་གཞུང་ཉམས་ལེན་རྒྱུན་འཛིན་ལས་ཀའི་ཕུལ་བྱུང་སྣེ་ཁྲིད་དགེ་རྒན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་པའི་ལག་བསྟར་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་། མཚོ་སྔོན་བོད་སྨན་ཁང་གི་མཚན་འཛིན་སློབ་དཔོན་ཆེན་མོ། ཀན་སུའུ་ཀྲུང་ལུགས་སློབ་གླིང་གི་མཚན་འཛིན་སློབ་དཔོན། ཁྲི་འདུ་ཀྲུང་ལུགས་སློབ་ཆེན་གྱི་མཚན་འཛིན་སློབ་དཔོན་ཆེན་མོ། རྔ་བ་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་། བོད་སྨན་ཞིབ་འཇུག་ཁང་གི་དབུ་ཁྲིད། མཛོད་དགེ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་གི་དབུ་ཁྲིད་བཅས་ཡིན། ༡༩༩༣ལོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་མེན་ནས་མཇལ་འཕྲད་གནང་ཞིང་བཀའ་མོལ་མཛད་པ་རེད།།