༄༅།། ལི་ཡུལ་ཞེས་པའི་ཡུལ་མིང་ལས་འཕྲོས་པའི་གཏམ།
རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 02-26
རྒྱལ་མོ་འབྲུག་པ།
དེ་ཡང་ལི་ཡུལ་ཞེས་པའི་ཡུལ་འདི་ནི་ནང་པ་སངས་རྒྱས་པ་དང་སྒོས་སུ་བོད་ཀྱི་བསྟན་འགྱུར་ཁྲོད་ཀྱི་《ལིའི་ཡུལ་ལུང་བསྟན་པ་》དང་《འཕགས་པ་གླང་རུ་ལུང་བསྟན་པ་》སོགས་ལས་བྱུང་བ་ལྟར་ན། སྟོན་པ་ཤཱཀྱ་ཐུབ་པའི་ལུང་གིས་ཟིན་ཅིང་བྱིན་གྱིས་བརླབས་པའི་ཡུལ་ཁྱད་འཕགས་ཅན་ཉེར་གཅིག་ལས་རྟིང་མ་དེ་ཡིན་པར་གསུངས་ཏེ། 《ལི་ཡུལ་ལུང་བསྟན་》ནང་དུ་“འཕགས་པའི་མཆོད་རྟེན་གོ་མ་ས་ལ་གན་དྷ་དང་། གླང་མགོ་རིའི་སྟེང་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གཟུགས་ཆེན་པོ་བཞུགས་པའི་ཡོན་ཏན་མདོ་ཙམ་བཏུས་པའི་གཞུང་ལ་སངས་རྒྱས་ཤཱཀྱ་ཐུབ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་འགྲོ་བ་མང་པོའི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཏེ་བཞུགས་པའི་ཕོ་བྲང་སྤྱིར་ཉི་ཤུ་རྩ་གཅིག་བཞུགས་པ་ལ། ལི་ཡུལ་འདི་ཡང་དེ་བཞིན་གཤེགས་པའི་ཕོ་བྲང་ཉི་ཤུ་རྩ་གཅིག་པ་ལགས་ཏེ། བཞུགས་པའི་ཕོ་བྲང་གཞན་པས་ཡོན་ཏན་སྟག་པར་ཆེ།”① ཞེས་གསུངས་པར་བརྟེན་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཡིག་ཚང་མང་ཆེ་བར་དེའི་སྐོར་རྒྱས་བསྡུས་ཅི་རིགས་སུ་བཀོད་པ་མང་མོད། འོན་ཀྱང་རང་རེའི་ལོ་རྒྱུས་སྨྲ་བར་མཚོན་ན་ལི་ཡུལ་ཞེས་པའི་ཡུལ་འདི་ཕྱོགས་གང་དུ་ཡོད་པ་དང་། དེའི་ངོས་འཛིན་ཐད་ལ་སྔོན་བྱོན་མཁས་པ་རྣམ་པའང་གནའ་ནས་དེང་བར་བཞེད་པ་མི་མཐུན་པ་འདུག་པར་མ་ཟད་དཔྱད་བརྗོད་ཀྱང་གནང་ཡོད་པ་དཔེར་ན། ལོ་ཙཱ་བ་ཤམ་ལྷ་ལ་ཞུ་བས་ཀྱང་“བོད་དུ་ལི་ཡུལ་ངོས་ཟིན་མཁན་རེད་མདའ་བ་དང་ངེད་གཉིས་ལས་མ་བྱུང་།”①ཞེས་གསུངས་མྱོང་བ་ལྟ་བུ་དང་། ཐ་ན་མཁས་པ་ལ་ལས་ཡུལ་དེ་མཛུབ་མོ་འཛུགས་རྒྱུ་མེད་པའི་སར་བསྐྱལ་འདུག་སྟེ། 《ལི་ཡུལ་ཆོས་འབྱུང་》བྱ་བའི་ནང་བལ་པོ་ལི་ཡུལ་མིན་པའི་སྒྲུབ་བྱེད་མང་ཙམ་བཀོད་རྗེས། “འོ་ན་ལི་ཡུལ་ཉིད་ས་ཕྱོགས་གང་གི་ཐད་ན་ཡོད་པར་ངོས་འཛིན་ཅེས་ན། འདི་ནི་ལུང་ལས་རྗེས་སུ་དཔགས་ཏེ་ཤེས་དགོས་ཀྱི། དེང་སང་མིས་མཐོང་བ་ཞིག་འདི་ན་ཡོད་དོ། །འདི་ལྟ་བུ་ཞིག་འདུག་གོ་ཞེས་སྟོན་པར་དཀའ་ལ། ལུང་ལས་འབྱུང་བ་ལྟར་བཤད་ན། རྒྱ་ནག་དང་བོད་ཡུལ་དབུས་ནས་གཞལ་བའི་ནུབ་དང་། རྒྱ་གར་གྱི་ཡུལ་དབུས་ནས་གཞལ་བའི་ནུབ་བྱང་གི་མཚམས་ན་ཡོད་པར་གྲུབ་བོ། །”②ཞེས་བཀོད་པའི་གནས་ཚུལ་དེ་ལྟ་བུར་གཟིགས་ན། ངེས་པ་དོན་གྱི་མཁས་པའི་དབང་པོ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་ལགས་ཀྱིས། “ལོ་ཙཱ་བ་ཤམ་ལྷ་ལ་བས་བོད་དུ་ལི་ཡུལ་ངོས་ཟིན་མཁན་རེད་མདའ་བ་དང་ངེད་གཉིས་ལས་མ་བྱུང་གསུངས་པ་བདེན་ལ་ཁད། དེང་སང་ཐམས་ཅད་ཀྱིས་བལ་ཡུལ་འདི་ལི་ཡུལ་དུ་འཁྲུལ། གོ་མཱ་ས་ལ་གནྡྷ་སོགས་ལི་ཡུལ་ལུང་བསྟན་གྱི་ནང་ན་གང་ཡོད་འདི་ན་ཡོད་པ་བྱས་མོད། ལི་ཡུལ་ནི་བོད་ཀྱི་བྱང་ཕྱོགས་སུ་ཡོད་ཅིང་རང་སྐད་ལ་ཀུསྟན། རྒྱ་ནག་གིས་སུན་ཇང་དང་ཧོ་ཏན་དུ་འབོད་པ་འདི་ནུབ་ཏུ་རྒྱ་གར་དང་ཤར་གྱི་ཡུལ་མཐའ་ཨ་མདོ་དང་ཉེ་བ་འདི་རྒྱ་གར་པ་རྣམས་ཀ་ཤ་དེ་ཤ་སྟེ་ལི་ཡུལ་དུ་འབོད།”①ཅེས་གསུངས་ཏེ་ལི་ཡུལ་ནི་གནའ་བོའི་རང་སྐད་དུ་ཀུསྟན་དང་རྒྱ་སྐད་དུ་ཧོ་ཏན་ཏེ་དེང་གི་སུན་ཇང་ངམ་ཞིན་ཅང་(新疆)གི་ཕྱོགས་འདི་ཡིན་པ་གསལ་པོར་གསུངས་པར་བརྟེན། ད་གཟོད་ལི་ཡུལ་འདི་ས་ངོ་ཡུལ་ངོ་ལེགས་པར་འཕྲོད་འདུག་པ་ལྟ་བུར་སྣང་མོད། འོན་ཏེ་བོད་ཀྱི་མཁས་པ་སྔ་མ་དག་གི་བཞེད་ཚུལ་མི་མཐུན་པ་དེ་རིགས་ཀྱི་འབྱུང་རྐྱེན་དང་ཁོང་ཚོའི་བཞེད་དགོངས་ཁག་གནས་ལུགས་དང་མཐུན་མིན་སྐོར་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བདེན་པ་བདེན་ཐུབ་ཀྱི་དཔྱད་བརྗོད་མ་བྱས་ཚེ། ཡུལ་གཅིག་གནས་དུ་མར་ངོས་བཟུང་བའི་ཤུགས་རྐྱེན་དེས་བོད་རིག་པའི་ཞིབ་འཇུག་ཐོག་རྙོག་དྲ་བཟོ་བ་དང་གསར་སློབ་པ་རྣམས་མགོ་བོ་འཁྲུལ་བའི་རྒྱུ་རུ་འགྱུར་བར་སེམས་ཏེ། འདིར་ལི་ཡུལ་གྱི་ཡུལ་མིང་ལས་འཕྲོས་པའི་གཏམ་སྟེ་གཙོ་བོ་ལི་ཡུལ་གྱི་ངོས་འཛིན་མི་གཅིག་པའི་ཚུལ་རྣམས་མདོ་ཙམ་གླེང་བ་གཤམ་གསལ་ལྟར།
དེང་རབས་ཀྱི་མཁས་དབང་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་རང་ཉིད་ཀྱི་རྣམ་དཔྱོད་ཡངས་པས་ཡུལ་དེ་ངོས་འཛིན་ལེགས་པར་མ་གནང་བའི་སྔོན་ལི་ཡུལ་ཞེས་པའི་ཡུལ་དེ་གང་དུ་ངེས་པའི་སྐོར་ངོས་འཛིན་གཅིག་གྱུར་ཞིག་བྱུང་མེད། དེ་ལ་གཙོ་བོ་ནི་བཞེད་པ་ཁག་གསུམ་སྟེ།དང་པོ་བལ་པོར་འདོད་པ་དང་། གཉིས་པ་འཇང་ཡུལ་དུ་འདོད་པ། གསུམ་པ་བོད་བྱང་མཐའི་དེང་གི་ཞིན་ཅང་ས་ཆར་འདོད་པ་བཅས་ཡིན།
དང་པོ། བལ་པོར་འདོད་པ།
ལི་ཡུལ་ངོས་འཛིན་མི་གཅིག་པ་དེ་དག་ལས་དང་པོ་བལ་པོར་འདོད་མཁན་ནི་སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོས་གཙོས་པའི་མཁས་པ་སྐོར་ཞིག་ཡིན་ཏེ། ཁོང་གིས་སྤྱི་ལོ་1434ལ་བརྩམས་པའི་《རྒྱ་བོད་ཀྱི་ཡིག་ཚང་ཆེན་མོ་མཁས་པ་དགའ་བྱེད་》དུ་འཕགས་ཡུལ་བལ་པོའི་རྒྱལ་རབས་བཞུགས་ཞེས་པའི་ལེ་ཚན་ནང་“ལིའི་ཡུལ། བལ་པོར་གྲགས་པ་འདིར།”①ཞེས་《ལི་ཡུལ་ལུང་བསྟན་》དུ་བཀོད་པའི་ལོ་རྒྱུས་རྣམས་རགས་བསྡུས་ཀྱིས་མཚམས་དེར་འགོད་པར་མཛད་པར་མ་ཟད། བོད་ཀྱི་སྔ་རབས་ལོ་རྒྱུས་སྨྲ་བའི་དབང་པོ་དཔའ་བོ་གཙུག་ལག་ཕྲེང་བའི་ 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུའང་ལི་ཡུལ་གྱི་རྒྱལ་པོ་དང་ཆོས་འབྱུང་ཞེས་པའི་ལེ་ཚན་དུ་《ལི་ཡུལ་ལུང་བསྟན་》གྱི་ནང་དོན་མདོར་བསྡུས་སུ་བཀོད་རྗེས། ཡུལ་གྱི་ངོས་འཛིན་ཐད་སྔོན་བྱོན་མཁས་པ་རྣམས་ཀྱི་བཞེད་ལུགས་དང་མི་མཐུན་པ་བཀོད་པར་བསྟུན།“སྤྱིར་ལི་ཡུལ་ལུང་བསྟན་གྱི་མདོར་མ་འོངས་པ་ན་འདིར་བོད་དང་སུམ་པ་དང་རྒྱ་རྣམས་ཀྱང་འབྱུང་ཞེས་བཤད་པ་སོགས་དང་སྦྱར་ན་བལ་ཡུལ་པ་རྣམས་རྣམ་སྲས་དང་མཽངྒལ་གྱི་བུས་ཆུ་དྲལ་བའི་ས་བལ་པོ་ཕམ་ཐིང་ཡིན་པ་དང་། གོ་མ་ལ་སཱ་ལའི་མཆོད་རྟེན་འཕགས་པ་ཤིང་ཀུན་ཡིན་པར་འདོད་ཅིང་། བོད་ཐང་དུ་བྱམས་པ་བཞེངས་པ་ཡང་བལ་པོའི་རྒྱལ་པོ་དེ་ཝ་ལྷའམ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན་བོད་དུ་བྱོན་པའི་སྐལ་བར་ཐང་ཆེན་པོ་ཞིག་ཞིང་དུ་བྱས་ཏེ་བྱིན་པ་ད་ལྟ་བོད་ཐང་དུ་གྲགས་ཤིང་། དེར་རྒྱལ་པོས་གཙུག་ལག་ཁང་བརྩིགས་པ་དེང་སང་ཞིག་ནས་མགོན་པོའི་རྡོ་སྐུ་ཞིག་ད་དུང་ཡོད་པ་ལ་བོད་ཐང་མགོན་པོ་ཞེས་མཆོད་པ་བྱེད་པ་ཡོད་ལ། སྤྱིར་བལ་ཡུལ་ཉིད་ཆུ་བོའི་ཕར་འགྲམ་གྱི་ངོས་ལ་བལ་ཡུལ་དང་ཚུར་ཕྱོགས་ལ་ལི་ཡུལ་ཞེས་འབོད་པར་བྱེད་དོ །”ཞེས་《ལི་ཡུལ་ལུང་བསྟན་》སོགས་ལས་བྱུང་བའི་གནྡྷའི་མཆོད་རྟེན་དེ་བལ་པོའི་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ཡིན་པ་གཞི་བཞག་ཐོག །བལ་ལི་གཉིས་བལ་པོའི་ཆུ་བོའི་ཕན་ཚུན་གྱི་ཡུལ་གྲུ་གཉིས་ཡིན་པར་གསུངས། ཡང་ཁ་ཤས་ཀྱིས་བལ་ཡུལ་དུ་མཆོད་རྟེན་དེ་ཉིད་བཞུགས་ཡོད་མིན་གྱི་ཚུལ་འདྲེན་སྐབས། ཁོང་གིས་“ཕལ་སྐད་ཀྱི་སྡེ་ཚན་བདུན་པ་བྱེད་པོས་བལ་ཡུལ་གྱི་སྐབས་སུ་ཡུལ་འདི་ཁ་ཅིག་ལི་ཡུལ་དུ་འདོད། ཁ་ཅིག་གླང་རུ་ལུང་བསྟན་པའི་ཡུལ་དེར་འདོད་ཀྱང་། ཕྱི་མ་དཔྱད་པར་བྱ་ཞིང་འདི་ལི་ཡུལ་ནི་མ་ཡིན་ཏེ་གོ་མ་སཱ་ལ་གནྡྷའི་མཆོད་རྟེན་མེད་པའི་ཕྱིར་ཞེས་བྲིས་ཀྱང་། དེ་ནི་ཤིང་ཀུན་གྱི་མཆོད་རྟེན་ཉིད་ཀྱི་མིང་དུ་བལ་པོ་རྣམས་འདོད་ལ། རི་བོ་གླང་རུ་ཡང་འོད་སྲུང་མཆོད་རྟེན་གྱི་རྨང་གཞིའི་ཚུལ་དུ་རི་ཆུང་རྩེ་ཕྲ་བ་གླང་རུ་ཕྲེད་ལ་བཞག་པ་འདྲ་བ་ཞིག་ཡོད་པ་དེ་ཡིན་པར་བལ་པོ་རྣམས་འདོད་ཅིང་།ཤིང་ཀུན་གྱི་མཆོད་རྟེན་འདི་སྔོན་དང་ཕྱི་མར་རི་གཡོགས་པ་ཡང་དེང་སང་བུམ་པ་མན་ལ་སེང་ལྡེང་གི་ནགས་ཚལ་སྐྱེས་པ་སོགས་གསལ་པོར་ཡོད་པ་ཡུལ་དེར་བགྲོད་པའི་མི་ལ་མངོན་སུམ་དུ་ཡོད་པའི་ཕྱིར། གླང་རུ་ལུང་བསྟན་དང་ལི་ཡུལ་ལུང་བསྟན་ནས་བཤད་པའི་ཆ་མཐུན་ནི་བལ་པོ་ལ་སྣང་བས་སྐབས་དེའི་ལི་ཡུལ་བལ་པོར་བྱས་ཀྱང་རུང་བར་སྣང་མོད། ཕྱི་ནང་གི་ཡུལ་བདུན་ཡུལ་དྲུག་གི་དུས་སྦྱོར་གྱི་ལི་ཡུལ་ནི་བལ་པོར་མི་རུང་སྟེ། དེ་བོད་ཀྱི་བྱང་དུ་དགོས་ལ་བལ་པོ་ནི་ལ་སྟོད་དང་མངའ་རིས་ཀྱི་བར་གྱི་ལྷོ་ན་ཡོད་པའི་ཕྱིར་རོ།། བཅོམ་རལ་བས་ཀྱང་། ས་ནས་བཟུང་བའི་ལི་ཡུལ་ནི། ། རྒྱ་བོད་མཚམས་ཀྱི་བལ་པོ་མིན། །ཞེས་འཆད་པར་སྣང་ལ། སྤྱིར་གླང་རུ་ལུང་བསྟན་དང་ལི་ཡུལ་ལུང་བསྟན་དུ་གྲགས་པ་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ནི་རི་ལུང་བསྟན་པ་དང་ཡུལ་དུ་གང་ཟག་ལུང་བསྟན་པའི་བྱེད་པར་མ་གཏོགས་མཚན་གཞི་གཅིག་པར་སྣང་ངོ་། །”① ཞེས་གཞན་ལྟ་དགག་ཞོར་ལ་རང་ལུགས་ཡང་དག་འགོད་ཐུབ་མེད། མདོར་ན་གོང་དུ་གླེངས་པའི་མཁས་པ་རྣམས་ཀྱིས་ལི་ཡུལ་ཞེས་པ་དེ་བལ་ཡུལ་དུ་ངོས་འཛིན་གནང་བའི་རྒྱུ་མཚན་ནི་ཁོང་ཚོས་《ལུང་བསྟན་》ནང་གི་མ་འོངས་པ་ན་ཡུལ་དེ་བོད་དང་སུམ་པས་འཛིན་པར་འགྱུར་བའི་ཚིག་ལ་རྒྱབ་བཅོལ་དང་། བལ་པོ་དང་བོད་ཉེ་འབྲེལ་ཡིན་པ། བལ་ཡུལ་དུ་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ལྟ་བུའི་རྟེན་འགངས་ཅན་རིགས་དུས་ཕྱིས་བར་ཡོད་པར་གཞི་བཅོལ་བ་དང་། བོད་དང་འདབས་འབྲེལ་ཡིན་ནའང་ཕྱིས་སུ་དུས་འགྱུར་དང་རང་བྱུང་ཁོར་ཡུག་གི་གནོད་པ་དང་ཆོས་ལུགས་གཞན་དག་གིས་བསྣུབས་རྐྱེན་དེ་ན་གནྡྷའི་མཆོད་རྟེན་སོགས་ལུང་དུ་བསྟན་པའི་རྟེན་རྣམས་མཐོང་རྒྱུ་མེད་པས་ལི་ཡུལ་དེ་བལ་པོར་ངོས་མི་འཛིན་ཀ་མེད་བྱུང་བ་ཡིན་འདུག་གོ།
གཉིས་པ། འཇང་ཡུལ་དུ་འདོད་པ།
འཇང་ཡུལ་དུ་འདོད་མཁན་ནི་གཙོ་བོ་མཁས་ཆེན་སི་ཏུ་བསྟན་པའི་ཉིན་བྱེད་དམ་ཆོས་ཀྱི་འབྱུང་གནས་དང་དེའི་རྒྱུད་འཛིན་བུ་སློབ་དང་བཅས་པ་ཡིན་ཏེ། ལོ་རྒྱུས་སྨྲ་བར་མཁས་པ་ངག་དབང་བློ་གྲོས་སམ་གུ་རུ་བཀྲ་ཤིས་ཀྱིས་སྤྱི་ལོ་1873ལ་བརྩམས་པའི་ 《རྙིང་མའི་ཆོས་འབྱུང་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་ རོལ་མོའམ་》ཡོངས་གྲགས་སུ་《གུ་བཀྲའི་ཆོས་འབྱུང་》ཞེས་པར། “ལི་ཡུལ་ཞེས་པའང་རྒྱ་ནག་སྐད་ཀྱི་ལི་ཀྱང་ཧུ་ཞེས་པ་བསྒྱུར་བ་ལ་ལི་ཡུལ་ཏེ་ད་ལྟ་འཇང་ཡུལ་ཡིན་ལ། ལྕང་ར་སྨུག་པོའང་འཇང་རི་སྨུག་པོ་ཡིན་ཏེ། ཡུལ་དེ་སྔོན་རྒྱ་གར་གྱི་རྒྱལ་པོས་བདག་བྱས་པའི་ལོ་རྒྱུས་ཏའི་ལའི་ཕྱོགས་སུ་རྒྱ་གར་གྱི་རྡོ་རིང་ལ་ཡི་གེ་གསལ་བར་ཡོད་ཅེས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱི་གསུང་ལས་ཐོས་སོ། །ཙཱི་ནའི་སྐད་དུ་ལི་ཀྱང་ཧུ་ཞེས་པ་འཇང་གི་ཡུལ་དུ་སྔོན་ཆོས་མི་དར་བ་ལ། ཆོས་ཀྱི་རྗེ་ཀརྨ་པ་དམར་མཐིང་ཅོད་པན་འཛིན་པ་རྣམས་དེར་བྱོན་པས་དམ་པ་ཆོས་ཀྱི་སྲོལ་གཏོད་པར་གྱུར་ཏེ། ཡུལ་འདི་རྒྱ་འོག་ཏུ་གཏོགས་པས་མཐའ་དམག་གིས་བརྫི་བར་མི་ནུས་ཤིང་། ཕྱིས་སུ་འཇམ་མགོན་སི་ཏུ་བསྟན་པའི་ཉིན་བྱེད་ཉིད་ལན་དུ་མར་ཕེབས་པ་སྔ་ཕྱིར་ས་ཐམ་འོག་མིན་གླིང་དང་འཇང་རི་སྨུག་པོ། ཀུན་རྡོར་དར་རྒྱས་གླིང་། ལ་གཤིས་སོགས་དང་། ཁྲ་འབུར་ཕུན་ཚོགས་བསྟན་འཕེལ་གླིང་སྟེ་ཆོས་སྡེ་ཆེ་ཕྲ་མང་པོ་ཚུགས་ཤིང་། དེ་རྣམས་སུ་བླ་མ་གསང་འདུས་ཀྱི་ཚེས་བཅུ་ཆེན་མོ། རང་གླིང་ཆོས་སྐོར། ཀར་གླིང་ཞི་ཁྲོ། རིག་འཛིན་འཇའ་ཚོན་སྙིང་པོ་དང་། ཡང་དགེ་མི་འགྱུར་རྡོ་རྗེ། གཏེར་ཆེན་ཆོས་རྗེ་གླིང་པ་སོགས་ཀྱི་ཆོས་སྐོར་རྣམས་དར་ཞིང་། ས་ཐམ་རྒྱལ་པོའི་ཕོ་བྲང་དུའང་ལོ་ལྟར་བཞིན་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡང་གསང་འདུས་པའི་མ་ཎི་འབུམ་སྒྲུབ་འཛུགས་པ་སོགས་ཀར་རྙིང་གཉིས་ཀའི་བསྟན་པ་དེང་སང་གི་བར་དུ་དར་རྒྱས་ཆེ་བར་ཡོད་ལ། དེ་བཞིན་དུ་གླ་ཕི་དམ་པ་གནས་སུ་རྗེ་འབྲི་གུང་པའི་ཆོས་སྡེ་ཡོད་པ་རྣམས་ཀྱིས་ཀྱང་རྙིང་མའི་ཆོས་གཙོ་བོར་སྤྱོད་པ་ཤ་སྟག་ཡིན་ནོ། །”① ཞེས་བཀོད་པ་བཞིན་འཇང་ཡུལ་ཏེ་དེང་སང་གི་ཡུན་ནན་ཞིང་ཆེན་གྱི་ལི་ཅང་(丽江)ས་ཁུལ་ལ་ངོས་འཛིན་གནང་འདུག་པར་མ་ཟད། ལི་ཡུལ་གྱི་ལི་ཞེས་པའང་ལི་ཀྱང་ཧུ་བྱ་བའི་ལི་ཡིན་པར་བཞེད། དེ་ལྟར་གུ་རུ་བཀྲ་ཤིས་པས་སི་ཏུ་ཚང་གི་གསུང་ལས་ཐོས་པ་བཞིན་བྲིས་པ་ཡིན་མོད། སི་ཏུ་རང་ཉིད་ཀྱི་རྣམ་ཐར་དུ་དེའི་སྐོར་གསལ་ཁ་གནང་སྟེ་གསུངས་པ་མ་མཐོང་ལ། འཕགས་པ་ཤིང་ཀུན་གྱི་སྐོར་གསུངས་པའི་སྐབས་སུ་“སྤྱིར་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ཆེན་པོ་འདི་ནི་བོད་བླུན་པོ་རྣམས་ཀྱི་ངག་སྒྲོས་སྣ་ཚོགས་ལ་བརྟེན་ནས་འདོད་ཚུལ་མང་ཞིག་འདུག་ཀྱང་། འདི་ཉིད་ཀྱི་དཀར་ཆག་སངས་རྒྱས་ཀྱིས་གསུངས་པའི་བཀར་གཏོགས་པ་ཞིག་སྔར་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱིས་བསྒྱུར་ཡོད་འདུག་ཀྱང་ད་ལྟ་དཔེ་དཀོན་པར་སྣང་ཞིང་། ཁོ་བོའི་ལག་ཏུ་དེའི་རྒྱ་དཔེ་འབྱོར་ཀྱང་ཡི་གེ་མ་དག་པ་མང་ཞིག་འདུག་པས་སླར་རྒྱ་དཔེ་དག་པ་ཞིག་རྙེད་ན་སྙམ་མ་བསྒྱུར་བར་བཞག་ཡོད་ཅིང་དེར་བརྟགས་པ་ན། ཤིན་ཀུན་གྱི་རི་འདིར་དུས་བཞིའི་རིམ་པས་མིང་འགྱུར་སྟེ་རྫོགས་ལྡན་གྱི་དུས་སུ་གོ་ཤྲིངྒ་པརྦརྟ་སྟེ་རི་གླང་རུ། གསུམ་ལྡན་གྱི་དུས་སུ་པདྨའི་རི་སྟེ་རྡོ་རྗེ་པདྨའི་རི། གཉིས་ལྡན་གྱི་དུས་སུ་བཛྲ་ཀ་ཊ་ཀ་སྟེ་རྡོ་རྗེའི་ཐོམ། རྩོད་དུས་སུ་གོ་པུཚྩ་པདྲཏ་སྟེ་རི་གླང་མཇུག་ཏུ་གྲགས་ཤིང་། རི་འདིའི་རྩེ་མོར་ཤེལ་ལས་གྲུབ་པའི་མཆོད་རྟེན་ཞིག་ཡོད་ཅིང་། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་རང་བྱུང་བ་སྟེ་སྭ་ཡ་བྷུ་ཙེ་ཏྱ་ཞེས་རང་བྱུང་གི་མཆོད་རྟེན་དུ་གྲགས། དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྫུ་འཕྲུལ་གྱིས་བྱོན་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་།བྱམས་པ་དང་། ལྷ་མོ་ཙུནྡ་ལ་སོགས་པའི་འཁོར་མང་པོ་ལ། མཆོད་རྟེན་གྱི་སྔོན་བྱུང་དང་མཆོད་རྟེན་མཆོད་པའི་བསོད་ནམས་ལེགས་པ་དང་འབྲེལ་བའི་ཆོས་བསྟན་ཚུལ་བྱུང་བས། རི་གླང་རུ་དང་མཆོད་རྟེན་གོ་མ་སཱ་ལ་གན་དྷར་འདོད་པའི་འཁྲུལ་གཞི་ཡང་འདི་ལས་ཡིན་འདུག་ཅིང་། དེ་དངོས་མ་ཡིན་པའང་མདོ་འདིས་གསལ་ཏོ། །”① ཞེས་བོད་བླུན་པོ་རྣམས་གསུངས་ཏེ་རི་གླང་རུ་དང་གནྡྷའི་མཆོད་རྟེན་གཉིས་བལ་པོའི་འཕགས་པ་ཤིང་ཀུན་དང་འཁྲུལ་གཞིའི་སྐོར་ལ་དགག་གཞག་ཚ་ནན་དང་བཅས་བཀོད་འདུག་མོད། འོན་ཀྱང་ཁོང་གི་ཕུགས་བཞེད་ནི་ལི་ཡུལ་འཇང་ཡུལ་དུ་འདོད་པ་ཡིན་གཤིས་དེའང་པཎྜི་ཏའི་ཐུགས་མཉམ་མ་བཞག་པའི་གསུང་ཡིན་ན་མ་གཏོགས་བླུན་པོ་འཆུགས་ན་མཐོ་གང་དང་མཁས་པ་འཆུགས་ན་འདོམ་གང་ཞེས་པའི་དཔེར་མི་འགྲོ་ཀ་མེད་ཡིན་ཏེ། གང་ཞེ་ན་ལི་ཡུལ་ངོ་མ་དང་འཇང་ཡུལ་གཉིས་ནི་ཡུལ་གྲུ་ལྷོ་བྱང་ཕྱོགས་གཉིས་བར་ཞིང་ཆེན་དུ་མས་བཅད་ཡོད་པ་དང་གཅིག །ཡང་ལི་ཡུལ་ནི་སྔོན་དུས་སངས་རྒྱས་འོད་སྲུང་གི་རིང་ནས་བསྟན་པ་དར་ཚུལ་སྐོར་《ལི་ཡུལ་ལུང་བསྟན་》སོགས་ལས་འབྱུང་བ་བཞིན་དང་། འཇང་ཡུལ་ནི་བོད་ཤར་མཐའི་ཡུལ་ཉི་ཚེ་བ་སྟེ་གནའ་སྔ་མོར་སྟོན་པ་གཤེན་རབ་ཀྱི་བོན་ལུགས་དར་བའི་ས་ཡིན་པས་དེང་སང་སྟོན་པའི་ཆོས་ལུགས་དང་སྟོན་པའི་རིག་གནས་ཞེས་སྐད་གྲགས་ཆེ་བ་དང་། དུས་ཕྱིས་ཀར་རྙིང་གི་གྲུབ་མཐའ་དར་བར་བརྟེན་ཡུལ་དེར་ད་གཟོད་དགོན་སྡེ་སོགས་ཆགས་པ་མ་གཏོགས་ལི་ཡུལ་ལྟ་བུའི་ནང་བསྟན་གྱི་གནས་རྙིང་ཡོད་པ་མ་ཐོས་པ་དང་གཉིས་ཀྱིས་ལི་ཀྱང་ཧུ་དང་འཇང་རི་སྨུག་པོ་ལྟ་བུའི་ཆུ་མིང་རི་མིང་འདྲ་བ་ཙམ་གྱིས་སྒྲུབ་བྱེད་ཡོང་དཀའ་ལ། དོན་དངོས་དང་ཡང་མི་མཐུན་པས་ལུགས་འདི་དེང་སང་ཁས་ལེན་ཐབས་མེད་པ་ཞིག་ཡིན་འདུག་པས་གླེང་མཁན་མེད་དོ། །
གསུམ་པ། ཞིན་ཅང་དུ་འདོད་པ།
གསུམ་པ་བོད་བྱང་མཐའ་དེང་གི་ཞིན་ཅང་ས་ཆར་འདོད་པ་ལི་ཡུལ་རང་དུ་ངོ་འཕྲོད་པའི་ཚུལ་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “ཡུལ་འདི་རྒྱ་ནག་གི་བྱང་ངོས་བོད་ནས་བྱང་ཤར་གྱི་མཚམས་ན་ཡོད་ཅེས་ཤམྦྷ་ལ་པས་ཁོ་རང་གིས་ཕྱིན་ཞིང་བོད་དུ་ཡུལ་འདི་ངོ་ཤེས་པ་རེད་མདའ་བ་དང་ང་ལས་མ་བྱུང་ཞེས་འཆད་པར་སྣང་།”①ཞེས་དང་། གྲོ་ལུང་པས་ཀྱང་། “རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ་”ཞེས་གསུངས་པ་དང་། དེ་མིན་བཅོམ་ལྡན་རིག་རལ་གྱིས་ཀྱང་། “ས་ནུས་བཟུང་བའི་ལི་ཡུལ་ནི། །རྒྱ་བོད་མཚམས་ཀྱི་བལ་པོ་མིན། །”ཞེས་གསུངས་པ་སོགས་གོང་དུ་དྲངས་པ་ལྟར་མཁས་པ་སྔ་མ་སྐོར་ཞིག་གིས་ཀྱང་ལི་ཡུལ་གནས་པའི་ཕྱོགས་ཙམ་ངོས་འཛིན་ལེགས་པར་གནང་འདུག་ལ། ནང་སྒོས་སུ་ཉེ་དུས་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་“ལི་ཡུལ་ནི་བོད་ཀྱི་བྱང་ཕྱོགས་སུ་ཡོད་ཅིང་རང་སྐད་ལ་ཀུསྟན། རྒྱ་ནག་གིས་སུན་ཇང་དང་ཧོ་ཏན་དུ་འབོད་པ་འདི་ནུབ་རྒྱ་གར་དང་ཤར་གྱི་ཡུལ་མཐའ་ཨ་མདོ་དང་ཉེ་བ་འདི་ལ་རྒྱ་གར་པ་རྣམས་ཀ་ཤ་དེ་ཤ་སྟེ་ལི་ཡུལ་དུ་འབོད། རྒྱའི་རྒྱལ་པོ་ཇ་ཡང་གིས་བློན་ཅང་ཤོ་དང་ལྷན་དུ་འོངས་ནས་སྲིད་བཟུང་བ་ཡང་འདི་ཡིན་པ་རྒྱའི་ལོ་རྒྱུས་སྨྲ་བ་དག་ལ་དྲིས་དང་གསལ། ཆུ་བོ་གོ་མ་འུ་ཐེན་ཤེལ་ཆབ་ཤིནྡ་ཡང་མིང་མ་འཕོས་པར་འདིར་ཡོད། དེས་ན་བོད་ཀྱི་ཡུལ་ཤི་ཏའི་ལྷོར་ཡོད་ཅེས་སྒ་ལོ་སོགས་ཀྱིས་བཤད་པ་དང་། གྲོ་ལུང་པས། རྒྱ་གར་ཤར་ནུབ་ལི་དང་བལ་བོའི་ཡུལ། །ཞེས་དེ་གཉིས་སོ་སོར་བཤད་པ་དང་ཡང་འགྲིག། བོད་དང་སུམ་པ་རྣམས་ཀྱིས་ཡུལ་དེ་འཛིན་པར་ལུང་བསྟན་པ་ཡང་། སྲོང་བཙན་གྱི་རྗེས་ཙམ་ནས་ལི་ཡུལ་དེ་བོད་ཀྱི་ཆབ་འོག་ཏུ་ཆུག་སྟེ་མཐོང་ཁྱབ་ཁྲི་སྡེ་ལྔ་བྱ་བ་བཙུགས་ཤིང་། ད་ལྟའི་བར་བོད་ཀྱི་དམག་མཁར་ཞིག་རོ་མང་དུ་ལུས་པ་དག་ལས། རྒྱ་བོད་ཀྱི་གླེགས་བམ་ཕོན་ཆེན་དང་། སྐུ་བརྙན་རྣམས་ད་དུང་ཡང་བྱེ་མ་ལས་རྙེད་ཟེར་ཞིང་། རྒྱ་གར་རྒྱལ་སར་སླེབས་པ་དག་ཁོ་བོས་ཀྱང་མཐོང་། གོ་ཤྲིངྷ་སྟེ་གླང་རུའི་གཙུག་ལག་ཁང་གི་ཤུལ་ཡང་དེ་ན་ཡོད། ད་ལྟ་ཡུལ་དེ་ཧེ་ཅི་རྣམས་ཀྱི་ཕ་ཡུལ་ལྟ་བུར་ཡོད་པས། ཧ་མེ་བྱ་བའི་ཁོང་ཚོའི་གནས་ཆེན་ཞིག་ཀྱང་དེར་ཡོད་ཟེར། རང་རེ་མདོ་སྨད་ཀྱི་ཧེ་ཅི་རྣམས་ཀྱང་ཡུལ་འདི་ནས་མཆེད་པར་མངོན། ཀློང་ཆེན་པའི་རྒྱགས་བརྔན་ཆེན་མོར་ལྕང་ར་སྨུག་པོ་ལ་སོགས་པའི་སོག་ཡུལ་ཞེས་གསུངས་པ་དེ་ཤིན་ཏུ་ལེགས།”① ཞེས་ཐུགས་ལ་འབབ་པའི་གསུང་བྱོན་པར་མ་ཟད། དེ་ལས་ཀྱང་ཇེ་གསལ་དུ། “དེས་ན་ལི་ཡུལ་དེ་ནི་བོད་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ། རྒྱ་གར་སྐད་དུ་ཀ་ཤ་དེ་ཤ །ཡུལ་གཞན་དུ་ཏུར་ཀིསྠཱན་དང་། རྒྱ་ནག་པས་སིན་ཇང་དུ་འབོད་པ་འདི་ཡིན་ཏེ། འདིའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང་། ནུབ་ཀྱི་མཐའ་ནི་མངའ་རིས་བླ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ཡར་ཀན་བྱ་བ་དེ་ཡིན་ལ། སྔར་ཕྱོགས་འདིར་བསྟན་པ་རྒྱ་ཆེར་དར་བ་ལས། སྲོང་བཙན་གྱི་སྐུ་དུས་ཙམ་ན་ཆོས་བསྣུབས་ཏེ། དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་བཟུང་ཀླ་ཀློའི་རྒྱལ་ཁམས་ཀྱི་ལྟེ་བ་ལྟ་བུར་གྱུར་ཏེ་ཡོད་ཅིང་། ད་དུང་ཡང་གོ་ཤི་རྙོ་གླང་རུའི་གཙུག་ལག་ཁང་གི་ཤུལ་དང་། གཞན་ཡང་མཆོད་རྟེན་ཞིག་པོ་དང་སྔོན་གྱི་དགོན་རོ་ཤིན་ཏུ་མང་བ་ཡོད་འདུག །”① ཅེས་གསུངས་ཏེ། གནའ་བོའི་ཡུལ་གྲུ་སྐད་གྲགས་ཅན་ལི་ཡུལ་གྱི་ཆགས་གནས་ནི་བོད་ཀྱི་བྱང་རྒྱབ་སྟེ་དེང་གི་ཞིན་ཅང་(新疆)ས་ཆ་འདི་ཡིན་པ་གཏན་འཁེལ་གནང་བར་མ་ཟད། ཡུལ་གྱི་གནའ་དེང་གི་གནས་ཚུལ་རྣམས་ཚིག་ཉུང་ལ་དོན་འདུས་པའི་སྒོ་ནས་གསལ་པོར་བཀོད་ཡོད་པ་འདི་ལགས་ཤིང་། ཡུལ་འདི་ཡང་《ལི་ཡུལ་ལུང་བསྟན་》དང་《གླང་རུ་ལུང་བསྟན་》བཅས་སུ་བྱུང་བའི་རི་ཆུ་གཙོ་བོ་གླང་མགོའི་རི་དང་ཆུ་བོ་ཤེལ་ཆབ་གོང་འོག་དང་ས་ཕྱོགས་བོད་ཀྱི་བྱང་རྒྱབ་རྒྱ་གར་གྱི་བྱང་དང་རྒྱའི་ནུབ། གནས་ཀྱི་གཙོ་བོ་མཁར་འུ་ཐེན་དང་ཙར་མའི་གཙུག་ལག་ཁང་སོགས་དང་། གང་ཟག་ནི་གཙོ་བོ་ལི་རྒྱལ་རིམ་བྱོན་དང་ཡུལ་གྱི་སྐྱེ་བོ་མ་ཟད། ཕྱིས་སུ་བྱོན་པའི་བོད་དང་སུམ་པ། འ་ཞ་དང་རྒྱ་ཧོར། གྲུ་གུ་ལ་སོགས་པའི་མི་རིགས་རྣམས་ཀྱང་ལི་ཡུལ་འདིར་དུས་སྐབས་སོ་སོར་གནས་པ་བཅས་ཀྱི་དབང་གིས་ལི་ཡུལ་རང་ངོ་འཕྲོད་ཅེས་བརྗོད་པ་ཡིན་ལ། ཡང་བོད་ཀྱིས་ལི་ཡུལ་བྱ་བར་ཡུལ་བྱེ་བྲག་པའི་གོ་དོན་དང་ཡུལ་སྤྱི་འཇུག་པའི་སྐབས་གཉིས་ཡོད་པ་ལས། གོང་སྨྲས་ནི་ཡུལ་སྤྱི་ལ་འཇུག་པའི་གོ་དོན་དང་བྱེ་བྲག་པའི་གོ་དོན་ནི་《ལི་ཡུལ་ལུང་བསྟན་》དང་རང་རེའི་དེབ་ཐེར་རྣམས་སུ་“ལི་ཡུལ་འུ་ཐེན”ཞེས་བཀོད་པ་ལྟར། རྒྱས་གནའ་ནས་ཡུས་ཐེན་(于阗)ནམ་ཧོ་ཐེན་(和田)དུ་འབོད་པའི་དེང་གི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཧོ་ཐེན་ས་ཁུལ་འདི་ཕྱོགས་ལ་གོ་དགོས་པ་ཡིན་ནོ །
བཞི་པ། མིང་གི་བཤད་པ།
སྤྱིར་ལི་ཡུལ་ཞེས་པའི་ཡུལ་འདི་ལ་མི་རིགས་སོ་སོས་རང་རང་གི་སྐད་ཀྱིས་མིང་ཞིག་འབོད་ལ། དེ་ལས་ཆེས་ཁྱབ་ཆེ་བ་ནི་རང་རེས་འབོད་པའི་ལི་ཡུལ་དང་རྒྱས་འབོད་པའི་ཡུས་ཐེན་ནམ་ཧོ་ཐེན་བྱ་བ་འདི་གཉིས་ཡིན་ལ། གཞན་ཡང་རང་སྐད་ཀྱི་མིང་གཞན་དང་། རྒྱ་གར་སྐད་དང་གྲུ་གུའི་སྐད། ཧོར་གྱི་སྐད་སོགས་ཅི་རིགས་ཤིག་ཡོད་པར་འདུག་སྟེ། དེ་དག་ལས་བོད་སྐད་ཀྱི་ལི་ཡུལ་ཞེས་པ་ནི་དགེ་འདུན་ཆོས་འཕེལ་ལགས་ཀྱིས། “ཡུལ་འདི་ལ་མདོ་སྨད་པ་རྣམས་ཀྱིས་ཡུལ་ལི་ཞེས་འབོད་པ་ཡང་། དོན་ལ་ལི་ཡུལ་བྱ་བའི་ཚིག་མགོ་མཇུག་ལྡོག་པའམ་ཡང་རྒྱ་གར་ཡུལ་བྱ་བ་ལ་སྐབས་འགར་ཡུལ་རྒྱ་གར་ཞེས་བརྗོད་པ་དང་འདྲ། ཡུལ་འདི་ནི་བོད་ལས་ཤིན་ཏུ་ཁད་རིང་བའི་རྒྱུ་མཚན་གྱིས། སྔར་བོད་འབངས་སུ་འདུས་སོ་བྱ་བ་ཡང་ཡིད་ཆེས་དཀའ་བ་ཙམ་ཡིན་མོད།”①ཅེས་གསུངས་རྗེས་ལུང་བསྟན་ནང་དུ་བོད་ཀྱི་འབངས་སུ་འགྱུར་བའི་མདོ་ཚིག་རྣམས་དྲངས་ཏེ་ཡུལ་མིང་འདི་ཡུལ་ལི་ལས་ཐོགས་པར་བཞེད་འདུག་ཀྱང་། ཁོང་གིས་གསུངས་པའི་ཡུལ་ལི་དེ་དེང་སང་གི་ཞིན་ཅང་དབྱི་ལི་(伊犁)ས་ཆར་གོ་བ་ཡིན་ཚེ་མིང་འདི་ནི་སོག་སྐད་ཀྱི་ཤྭ་བའི་དོན་ཡིན་པར་བཤད་ལ། མ་ཟད་དབྱི་ལི་དང་ལི་ཡུལ་ལམ་ཧོ་ཐེན་(和田)གཉིས་ནི་ས་ཆ་སོ་སོ་བ་སྟེ་དབྱི་ལི་(伊犁)ནི་དེང་སང་ཞིན་ཅང་བྱང་ཕྱོགས་ཀྱི་རང་སྐྱོང་ཁུལ་རིམ་པའི་སྲིད་འཛིན་ས་ཁུལ་ཞིག་དང་ཧོ་ཐེན་ནི་ཞིན་ཅང་ལྷོ་ཕྱོགས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ས་ཁུལ་ཞིག་ཡིན་ལྷབས། འདིའི་ཐད་དགེ་ཆོས་ལགས་ཀྱི་གསུང་བཏང་སྙོམས་སུ་འཇོག་པ་ལས་འོས་མེད་དོ། །དེས་ན་ལི་ཡུལ་ཞེས་པའི་གོ་དོན་ཅི་ཡིན་ཞེ་ན། ལི་ཡུལ་ནི་བོད་སྐད་རྣལ་མ་ཞིག་ཡིན་སྲིད་དེ། བསྟན་འགྱུར་ཁྲོད་ཀྱི་《ལི་ཡུལ་ལུང་བསྟན་》དང་《གླང་རུ་ལུང་བསྟན།》 《ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་》དང་། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་《ལི་ཡུལ་གྱི་ཆོས་ཀྱི་ལོ་རྒྱུས་》དང་ལི་ཡུལ་རང་ནས་ཐོན་པའི་《བོད་ཀྱི་ཁྲམ་ཤིང་ཡི་གེ་》བཅས་སུ་ཡུལ་སྤྱིའི་མིང་ལ་ལི་ཡུལ་ལམ་ལིའི་སྡེ་དང་། གྲོང་ཁྱེར་གྱི་མིང་ལ་མངར་ལྡན་ནམ་ལྔ་ལྡན་དང་། མཁར་གྱི་མིང་ལ་འུ་ཐེན་ནམ་འུ་ཏེན་ཞེས་ཡང་ཡང་འབྱུང་བར་མ་ཟད། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་ཆོས་འབྱུང་རྣམས་སུའང་གཅིག་མཐུན་དུ་ལི་ཡུལ་ཞེས་པ་གནའ་ནས་དེང་བར་རྒྱུན་འབྱམས་སུ་བཀོལ་སྤྱོད་ཡོད་པ་བཞིན་ཡུལ་སྤྱིའི་མིང་དུ་འབོད་པ་དང་། མིང་གི་གོ་དོན་ཐད་འཛམ་གླིང་ཡུལ་གྲུ་རྙིང་པ་སྤྱིའི་ཆོས་ཉིད་ལྟར་ཆེས་ཐོག་མའི་གོ་དོན་ཡལ་སོང་བས། དེང་སང་ང་ཚོས་འདི་ཡིན་དེ་ཡིན་ཟེར་དཀའ་མོད། འོན་ཀྱང་དེང་སང་མཁས་པ་ཁ་ཤས་ཀྱིས་ལི་ནི་ཡུལ་དེ་ནས་ལྕགས་རིགས་ཀྱི་གཏེར་ཁ་ལི་འབྱུང་བའི་ཐོན་ཁུངས་གཙོ་བོ་ཡིན་ལྷབས་ལི་ཡུལ་ཞེས་ཐོགས་པར་འགྲེལ་བའང་རྒྱུ་མཚན་མེད་པ་ཞིག་མིན་ལ། ཡང་ན་རིགས་སྤྱིའི་མིང་དུ་འདོད་རྒྱལ་ལས་ཐོགས་པའམ་ཡང་ན་《ལི་ཡུལ་ཆོས་འབྱུང་》དུ་“ཤིང་ཁུན་གྱི་དཀར་ཆག་ལས། རྒྱལ་པོ་མ་ཧཱ་དེ་བའི་བུ་སྟོང་རྩ་གཅིག་བྱུང་བའི་ཐ་ཆུང་གིས་ལིའི་རྒྱལ་པོ་ལི་ཞེས་ཟེར་བ་དེའི་མིང་གིས་ཡུལ་ལའང་ལི་ཡུལ་དུ་བཏགས་ཞེས་འབྱུང་མོད། དེ་ནི་དུས་དེའི་ཚེ་ཡུལ་ལ་མིང་དེ་ལྟར་དུ་བཏགས་པ་བཀག་ཏུ་མེད་མོད།”① ཅེས་བཀོད་པ་བཞིན་རྗེ་བོའི་མིང་ལས་དྲས་པ་ཡིན་ཟེར་བ་ཡང་ཡོད་དོ།།ཡང་ལི་ཡུལ་གྱི་ས་ཆ་འདི་ལ་རྒྱ་སྐད་དུ་གནའ་དུས་ཡུས་ཐེན་(于阗)ཞེས་བརྗོད་ལ། རིམ་གྱིས་ཧོ་ཐེན་དུ་གྲགས་པས་དེང་སང་ཧོ་ཐེན་(和田)ཟེར་བ་ཞིན་ཅང་གི་ས་ཁུལ་ཞིག་གི་མིང་དུ་ཆགས། དེས་ན་རྒྱ་སྐད་ཀྱི་ཡུས་ཐེན་ཟེར་བའི་གོ་དོན་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་རང་རང་གི་བཞེད་ཚུལ་སྣ་ཚོགས་ཤིག་བཏོན་པ་ལས། ཅུང་ཁྱབ་ཆེ་བ་ནི་ལི་ཡུལ་རྟོག་དཔྱོད་པ་དབྱིན་ཇིའི་མི་སི་ཐན་དབྱིན་གྱིས་བརྩམས་པའི་《བྱེ་འོག་ཏུ་བཅུག་པའི་ལི་ཡུལ་གྱི་ཞིག་རོའི་སྐོར་བཀོད་པ་》ཞེས་པར། “གནའ་བོའི་དུས་ནས་བཟུང་། གཡུ་ནི་ཀྲུང་གོ་པས་ཤིན་ཏུ་བརྩི་མཐོང་ཆེན་པོ་བགྱི་བ་དང་། ཆུ་བོའི་མིང་ཡང་དེ་ལ་བརྟེན་ནས་གཡུ་དཀར་པོ་ཞེས་འབོད། དེ་ནི་ད་ལྟའི་བར་དུ་ཐོན་ཁུངས་གལ་ཆེན་གྱི་རིགས་ཤིག་ཡིན་ལ། ང་ཚོ་གྲམ་པ་བརྒྱུད་དེ་འགྲོ་སྐབས། རྒྱང་རིང་དུ་མཐོང་བའི་སྔོ་ལྗོངས་དེའི་སྟབས་ཀྱིས་འདི་ལ་ཡུས་ཐེན་བྱ་བའི་མིང་ཐོབ་པ་རེད་བསམས་བྱུང་།”①ཞེས་བཀོད་པ་ལ་བལྟས་ན་རྒྱ་སྐད་ཀྱི་ཡུས་ཐེན་ནི་གཡུ་འབྱུང་བའི་དབང་གིས་ཆུ་བོའི་མིང་ལས་ཐོགས་པའི་ལྟ་བ་འཛིན་པ་ཤེས། ཡང་འཇར་པན་གྱི་མཁས་པས་ཀྱང་ཡུས་ཐེན་བྱ་བའི་ཡུས་ནི་བོད་སྐད་ཀྱི་གཡུ་ལས་མིང་ཐོགས་པར་འདོད་པ་②དང་། ཡང་མཁས་པ་ལ་ལས་བོད་སྐད་ཀྱི་ནོར་འཚོ་སའི་མིང་དང་ཐ་ན་མེ་ཏོག་སྐྱེད་ཚལ་རེད་ཟེར་མཁན་སོགས་མང་ཡང་སྐབས་དོན་དུ་རྒྱ་རིགས་མཁས་པ་མང་ཆེ་བའི་ཐུན་མོང་གི་འདོད་ཚུལ་ནི་སྐབས་འདིའི་ཡུས་ཐེན་བྱ་བ་ལི་ཡུལ་གྱི་དང་ཐོག་གི་ཡུལ་མིའི་ཚོ་པའི་མིང་ཡུས་ཁྲི་བྱ་བ་ལས་མཆེད་པར་བཞེད་དེ། 《ནུབ་ལྗོངས་ལོ་རྒྱུས་ཀྱི་ས་རྒྱུས་》ཞེས་པའི་དེབ་ཏུ་“ཡུས་ཐེན་བྱ་བའི་མིང་ འདི་ཐོག་མར་ཡུལ་འདིར་གནས་གཞི་བཅའ་བའི་ཡུས་ཁྲི་(尉迟)ཚོ་པའི་མིང་ཡིན་ལ། ཚོ་ཁག་འདི་ཕྱིས་སུ་ཤིན་ཏུ་རྒྱ་ཆེར་སོང་སྟེ་ཡུས་ཐེན་ས་ཁུལ་མ་ཟད་ནོབ་ཆེ་ཆུང་གི་སར་ཁྱབ་ནས་གནས་ཡོད།”①ཅེས་བཀོད་པ་ཡང་དག་པར་མཐོང་སྲིད་དོ། ། ཡང་རྒྱ་གར་སྐད་དུ་ལི་ཡུལ་ལ་ས་ནུ་ཞེས་གྲགས་ཤིང་ཚུལ་དེའང་《གླང་རུ་ལུང་བསྟན་》དུ་“རྒྱལ་བུ་ས་ལས་ནུ་མ་ནུ་དེས་ཡུལ་བཏབ་པའི་ཕྱིར་རྒྱུ་དེས་ན་ཡུལ་འདིའི་མིང་ནི་ས་ལས་ནུ་མ་ནུའི་ཡུལ་ཞེས་བྱ་བར་འགྱུར་རོ། །”② ཞེས་པ་བཞིན་ལེགས་སྦྱར་གྱི་ས་ནུའི་སྒྲ་སྟན་དྷུར་ཞེས་པའི་སྐད་དོད་རྒྱ་སྐད་དུ་(瞿萨旦那)ཞེས་བཀོད་ཡོད་པའོ། དེ་མིན་ད་དུང་རང་སྐད་དུ་ཀུསྟན་དང་རྒྱ་གར་སྐད་དུ་ཀ་ཤ་དེ་ཤ་ཟེར་ཚུལ་ཡང་བཀོད་འདུག་པ་གོང་གི་དགེ་འདུན་ཆོས་འཕེལ་ལགས་ཀྱི་གསུང་ལས་ཤེས་ནུས་ལ། ཡང་《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》དུ། “དེའང་སྔོན་དང་པོ་སངས་རྒྱས་འོད་སྲུང་། འཇིག་རྟེན་དུ་བྱོན་དུས། ལི་ཡུལ་འདི་ལ་རྩ་དན་གྱི་ཡུལ་ཟེར། དམ་ཆོས་ཤིན་ཏུ་དར་རོ། །” ཞེས་ཀྱང་འབྱུང་བ་སོགས་ལི་ཡུལ་ལ་ལི་སྐད་རང་ངམ་བོད་དང་རྒྱ་གར་རྒྱ་ནག་བཅས་ཀྱི་མིང་ཅི་རིགས་ཤིག་འབོད་པར་མ་ཟད། ད་དུང་གྲུ་གུ་དང་ཧོར་སོག་གི་སྐད་དུ་བོད་ཀྱི་འུ་ཐེན་ནམ་འུ་ཏེན་དང་འདྲ་བ་ཡུས་ཏུན་(于遁)ཟེར་བ་དང་། ཡང་རྒྱའི་ཡི་གེ་འགའ་རེར་སྔ་མར་ཡུས་ཐེན་དང་ཆིང་རྒྱལ་རབས་སྐབས་ནས་ཧོ་ཐེན་དུ་བསྒྱུར་ཞེས་བཀོད་འདུག་ཀྱང་དོན་དངོས་སུ་ཧོ་ཐེན་ནི་མཁར་གྱི་མིང་ཐོག་མའི་དུས་ནས་ཡོད་ལ། མིང་དེ་ཆིང་རྒྱལ་རབས་སྐབས་ནས་རྒྱས་བེད་སྤྱོད་བཏང་བ་མ་གཏོགས་མིང་འདི་ཡང་དེ་དུས་ཐོགས་པར་བཤད་ན་དུས་ཕྱི་དྲགས་པའི་སྐྱོན་ཡོད་ལ། རྒྱ་སྐད་ཀྱི་ཧོ་ཐེན་(和田)བྱ་བའང་ཐོག་མའི་འུ་ཐེན་གྱི་མཁར་རམ་ཡང་ན་གྲོང་ཁྱེར་མངར་ལྡན་གྱི་མིང་ལས་ཟུར་ཆག་སྟེ་བྱུང་བ་གདོན་མི་ཟ་ལ། འུ་ཐེན་གྱི་གོ་དོན་ནི་《ལུང་བསྟན་》དུ་འབྱུང་བའི་མཁར་དགེ་བ་ཅན་ཞེས་པ་ལི་སྐད་ཀྱི་མིང་དུ་བཤད་པ་ཨེ་ཡིན་སྙམ་མོ །
མདོར་ན་ལི་ཡུལ་ནི་གནའ་དུས་ནང་པའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུང་གིས་ཟིན་ཅིང་བྱིན་གྱིས་བརླབས་པའི་ཡུལ་གྲུ་འགངས་ཆེན་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཐོག་ལི་ཡུལ་ནི་བོད་དང་རྒྱ་གར། རྒྱ་དང་གྲུ་གུ་སོགས་ཀྱི་བར་དུ་འགྲོ་འོང་གི་བརྒྱུད་ལམ་ཉག་གཅིག་ཡིན་ཐོག །འཛམ་གླིང་ཤར་ནུབ་བར་གྱི་གསེར་ཟམ་དང་ས་མདུད་གལ་ཆེན་གྱི་ཡུལ་ཞིག་ཏུ་གྱུར་སྟབས། དུས་སྔ་མོ་ནས་ཡུལ་འདིར་ཆོས་དང་རིག་གནས་དར་ཁྱབ་ཤིན་ཏུ་ཆེ་བར་བརྟེན་ཡུལ་འདི་ནི་ཤེས་རིག་ལྡན་པའི་ཡུལ་གྲུ་སྐད་གྲགས་ཅན་ཞིག་ཏུའང་གྱུར། ལྷག་པར་ཡུལ་འདིའི་ཐོག་མའི་རིགས་རྒྱུད་ནི་བོད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པར་མ་ཟད། བོད་བཙན་པོའི་དུས་སྐབས་སུ་ལི་ཡུལ་བོད་ཀྱི་ཆབ་འོག་ཏུ་བསྡུས་རྐྱེན་ཆོས་དང་རིག་གནས་ཐད་ཀྱང་འབྲེལ་བ་ཤིན་ཏུ་ཟབ། ཚུལ་དེའང་རྒྱ་བོད་ཡིག་རིགས་གཉིས་སུ་གསལ་ཏེ། རྒྱ་ཡིག་གི་དཔེ་དེབ་《ནུབ་ལྗོངས་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་》ཞེས་པར། “ཁྱོ་ཡི་སིའི་སྙན་ཞུའི་ནང་དུའང་ལི་ཡུལ་གྱི་ཤར་ཕྱོགས་ན་བོད་མིའི་ཁྲག་རྒྱུད་ཡོད་པའི་རིགས་མཆིས་པར་འདོད་ལ། གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆར་བརྟགས་ན། སྤྱི་ལོའི་དུས་རབས་བདུན་པ་ནས་བོད་པ་རྣམས་ཡུལ་གྲུ་འདི་ལ་སླེབས་ཟིན་འདུག་མོད། འོན་ཏེ་དོན་དངོས་སུ་ཧ་ལམ་དེ་ལས་སྔ་བར་སླེབས་ཡོད་པ་འདྲ་སྟེ། སྔར་མཚོ་སྔོན་ཕྱོགས་སུ་སྡོད་པའི་སྤྱང་པ་(羌人)རྣམས་རྒྱའི་ཞན་ཆིན་(先秦)དུས་སྐབས་ནས་ནུབ་ཏུ་བསྐྱོད་དེ་ནུབ་ལྗོངས་ཀྱི་ལྷོ་ལམ་ལ་སླེབས་ཟིན་པར་མ་ཟད་རི་བོ་ཕ་མིར་ཡང་བརྒལ།”① ཞེས་དང་། ཡང་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་གལ་ཆེན་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “ཟ་ཧོར་ཁ་ཆེ་ཡུལ་དབུས་རྒྱ་སོགས་ནས། །པཎ་ཆེན་ཚད་ལྡན་མང་དུ་སྤྱན་དྲངས་ཏེ། །མཁས་པའི་ལོ་ཙཱ་དུ་མས་རྒྱ་གར་ནག །ལི་ཡུལ་སོགས་ནས་རྒྱལ་བའི་གསུང་རབ་ནི། །ཇི་སྙེད་བཞུགས་པ་ཕལ་ཆེར་བོད་དུ་བསྒྱུར། །② ཅེས་སོགས་བཀོད་པ་བཞིན་ལི་ཡུལ་དུ་དུས་སྔ་མོ་ནས་བོད་མིའི་མེས་པོ་མེས་མོ་རྣམས་འཚོ་གནས་བྱས་པའི་དབང་གིས་དུས་ཕྱིས་ལི་ཡུལ་དང་བོད་གཉིས་ཆོས་དང་རིག་གནས་ཅི་ཐད་ལ་འབྲེལ་བ་ཟབ་མོ་འབྱུང་སླ་བ་ཡང་རང་བཞིན་གྱི་གནས་སུ་སོང་ཞིང་། ལི་བོད་བར་གྱི་འབྲེལ་བ་དང་ལོ་རྒྱུས་ནི་གནའ་དེང་གི་རྒྱ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམ་པའི་གླེང་སྐལ་དུ་སོང་ཡོད་ལ། ད་ལྟའང་གནའ་བོའི་ཡིག་ཆ་ཕུན་སུམ་ཚོགས་པོ་ང་ཚོའི་མིག་ལམ་དུ་ཡོད་ཁར་བྱེ་འོག་ནས་ཐོན་པའི་གནའ་རྫས་དང་ས་མིང་ཆུ་མིང་བཅས་ཀྱིས་ཀྱང་ལོ་རྒྱུས་ཀྱི་གནས་ཚུལ་མང་དག་ཅིག་ར་སྤྲོད་གསལ་པོ་བྱས་དང་བྱེད་བཞིན་ཡོད་དོ།། །།
① བསྟན་འགྱུར་སྡེ་དགེའི་པར་མའི་《སྤྲིངས་ཡིག་》ངེ་པོད་ཀྱི་《ལིའི་ཡུལ་ལུང་བསྟན་པ་》ཞེས་པའི་ཤོག་ངོས་171ནས་172བར་གསལ་ལ། གཤམ་གྱི་《ལི་ཡུལ་ལུང་བསྟན་》ཞེས་པ་རྣམས་དཔེ་ཆ་འདི་ལ་གོ་དགོས།
① བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་1990ལོར་བསྐྲུན་པའི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་དང་པོའི་ཤོག་ངོས་38པར་གསལ།
② གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་གསུང་ཡིན་ཟེར་བ་ལག་བྲིས་མ་ཤོག་གྲངས་བདུན་ཅན་གྱི་ཤོག་ངོས་5པར་གསལ་ལ། དཔེ་ཆ་འདི་ནི་ཁམས་སྤྲུལ་བསོད་ནམས་དོན་གྲུབ་ལགས་ཀྱིས་མཁོ་འདོན་གནང་བ་ཡིན།
①བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི1990ལོར་བསྐྲུན་པའི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་དང་པོའི་ཤོག་ངོས་38ནས་39བར་གསལ།
①སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་མཛད་པའི་《རྒྱ་བོད་ཀྱི་ཡིག་ཚང་ཆེན་མོ་མཁས་པ་དགའ་བྱེད་》ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1985ལོར་པར་དུ་བསྐྲུན་པའི་ཤོག་ངོས་84པར་གསལ།
① དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བསྐྲུན་པའི་སྨད་ཆའི་ཤོག་ངོས་1387ནས་1388བར་གསལ།
① གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་《གུ་བཀྲའི་ཆོས་འབྱུང་》ཞེས་པ་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1990ལོར་པར་དུ་བསྐྲུན་པའི་ཤོག་ངོས་162ནས་163པར་གསལ།
① སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་རང་རྣམ་《ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲང་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་》ཞེས་པ་སྡེ་དགེའི་ཤིང་པར་མའི་ཤོག་ངོས་59པར་གསལ།
① དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བསྐྲུན་པའི་སྨད་ཆའི་ཤོག་ངོས་1387པར་གསལ།
① བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་1990ལོར་བསྐྲུན་པའི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གསུམ་པའི་ཤོག་ངོས་224ནས་225བར་གསལ།
① བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་1990ལོར་བསྐྲུན་པའི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གསུམ་པའི་ཤོག་ངོས་225པར་གསལ།
① བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་1990ལོར་བསྐྲུན་པའི་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གསུམ་པའི་ཤོག་ངོས་225པར་གསལ།
① གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་གསུང་ཡིན་ཟེར་བ་ལག་བྲིས་མ་ཤོག་གྲངས་བདུན་ཅན་གྱི་ཤོག་ངོས་4པར་གསལ།
① དབྱིན་ཇི་བ་སི་ཐན་དབྱིན་གྱིས་བརྩམས་པའི་《བྱེ་འོག་ཏུ་བཅུག་པའི་ལི་ཡུལ་གྱི་ཞིག་རོའི་སྐོར་བཀོད་པ་》(沙理和阗废墟记)ཞེས་པ་རྒྱ་ཡིག་ཏུ་བསྒྱུར་ནས་ཞིན་ཅང་མཛེས་རྩལ་པར་རྒྱག་དཔེ་སྐྲུན་ཁང་གིས་1994ལོར་པར་དུ་བསྐྲུན་པའི་ཤོག་ངོས་135པར་གསལ། ② སོའུ་པེ་ཧེ་ཡིས་བརྩམས་པའི་《ནུབ་ལྗོངས་ལོ་རྒྱུས་ཆེན་མོ་》(西域通史)ཞེས།་པ་ཞིན་ཅང་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་1998ལོར་པར་དུ་བསྐྲུན་པའི་ཤོག་ངོས་59པར་གསལ།
① སོའུ་པེ་ཧེ་ཡིས་བརྩམས་པའི་《ནུབ་ལྗོངས་ཀྱི་ལོ་རྒྱུས་ཆེན་མོ་》(西域通史)ཞེས་པ་ཞིན་ཅང་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་1998ལོར་པར་དུ་བསྐྲུན་པའི་ཤོག་ངོས་59པར་གསལ།
② བསྟན་འགྱུར་སྡེ་དགེ་པར་མའི་མདོ་སྡེ་ཨ:པོད་ཀྱི་《འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་》ཞེས་པའི་ཤོག་ངོས་223པར་གསལ།
① ཡུའུ་ཐེ་ཧྲན་གྱིས་གཙོ་སྒྲིག་བྱས་པའི་《ནུབ་ལྗོངས་ཀྱི་ལོ་རྒྱུས་ཆེན་མོ་》(西域通史)ཞེས་པ་ཀྲུང་ཀྲོའུ་དཔེ་རྙིང་དཔེ་སྐྲུན་ཁང་གིས་1996ལོར་པར་དུ་བསྐྲུན་པའི་ཤོག་ངོས་225པར་གསལ། ② དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བསྐྲུན་པའི་སྟོད་ཆའི་ཤོག་ངོས་358པར་གསལ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1