ཟླ་2ཚེས་27ཉིན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་པའི་《མཁའ་ལམ་གྱི་དཔལ་ཡོན——བོད་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན་》ཞེས་པ་པེ་ཅིང་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་གཤོམ་འགོ་བརྩམས་ཤིང་། བོད་ལྗོངས་ས་ཁུལ་གྱི་རིག་གནས་རྟེན་རྫས་ལས་ཁུངས་དང་དགོན་པ་ནས་མཁོ་འདོན་བྱས་པའི་རིག་དངོས་180ལྷག་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་དང་། དེའི་ཁྲོད་དུ་རིམ་པ་གསུམ་པ་ཡན་གྱི་རྒྱལ་ཁབ་ཀྱི་རྩ་ཆེན་རིག་དངོས་ཀྱིས་90.8%ཟིན་པ་དང་། གཙུག་ལག་ཁང་དང་། བཀྲ་ཤིས་ལྷུན་པོ། ས་སྐྱ་དགོན་པ་བཅས་དགོན་སྡེ་13གྱིས་མཁོ་འདོན་བྱས་པའི་རིག་དངོས་ཚང་མ་ཐེངས་དང་པོར་འགྲེམས་སྟོན་བྱས་པ་རེད། གཞན་ཡང་། པེ་ཅིང་དང་། ཧོ་པེ། ཁྲུང་ཆིང་། མཚོ་སྔོན་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་རིག་དངོས་ཉར་ཚགས་ལས་ཁུངས་ཀྱིས་ཀྱང་རིན་ཐང་བྲལ་བའི་རིག་དངོས་ཁག་གཅིག་འགྲེམས་སྟོན་བྱས་ཡོད་པ་རེད།།