ལོ་སར་རྗེས་ལས་འགོ་བཙུགས་པའི་ཉིན་དང་པོ་ནས་ཧུར་ཐག་འབད་ཐག་བྱེད།
དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-08
ལྕགས་ཟམ་རྫོང་།
ཟླ་བ3པའི་ཚེས1ཉིན་ནི་ལོ་གསར་པའི་གུང་གསེང་རྗེས་ཀྱི་ལས་དོན་སྒྲུབ་པའི་ཉིན་དང་པོ་ཡིན་པས། སྨྱུག་འཛིན་པས་ལྕགས་ཟམ་རྫོང་གི་ལས་སྒྲུབ་ཞབས་ཞུའི་སྡེ་ཚན་ཁ་ཤས་ལ་བཅར་འདྲིར་འགྲོ་སྐབས། ལས་སྒྲུབ་པ་ཚོས་ལོ་གསར་པའི་གུང་སེང་རྗེས་སུ་རིག་པ་དྭངས་གསལ་གྱི་སྒོ་ནས་རང་ཉིད་ཀྱི་ལས་གནས་སུ་ལས་དོན་སྒྲུབ་བཞིན་པར་མཐོང་།
ལོ་སར་དུས་ཆེན་རྗེས་ཀྱི་ཉིན་དང་པོར་ལྕགས་ཟམ་རྫོང་སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣས་སྔ་ཚེ་ནས་ལས་རྐང་དུ་སླེབས་པ་དང་། ཚོམས་ཆེན་དུ་སྨྱུག་འཛིན་པས་ཞབས་ཞུའི་ལས་སྟེགས་སོ་སོའི་ལས་སྒྲུབ་མི་སྣས་གྲ་སྒྲིག་ཡང་དག་དང་སྤྲོ་སེམས་ཆེན་པོའི་སྒོ་ནས་ལས་དོན་སྒྲུབ་པའི་ཉིན་དང་པོར་བསུ་མ་བྱེད་བཞིན་པ་དང་། ལས་དོན་སྒྲུབ་སར་འོང་པའི་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་འདུག
དེ་རིང་ནི་ང་ཚོས་གུང་སེང་རྗེས་སུ་ལས་དོན་སྒྲུབ་པའི་ཉིན་དང་པོ་ཡིན་པས། ལས་སྒོ་སྒྲུབ་གཉེར་བྱེད་སར་འོང་མཁན་མི་མང་པོ་འདུག ང་ཚོས་ལོ་སར་གྱི་དགའ་སྤྲོའི་རྣམ་པ་དེ་ལས་དོན་སྒྲུབ་པའི་སྤྲོ་སེམས་སུ་བསྒྱུར་ནས། མང་ཚོགས་ཀྱིས་དོན་དག་སྒྲུབ་ནུས་པ་དང་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཞབས་ཞུ་ལས་རིགས་ཀྱི་ལས་སྒྲུབ་པ་ཝན་ཀྲེན་གྱིས་དེ་ལྟར་བཤད་པ་རེད།།
རྟའུ་རྫོང་།
ལོ་སར་རྗེས་ཀྱི་ལས་དོན་སྒྲུབ་པའི་ཉིན་དང་པོར་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་བཅའ་སྡོད་བྱས་པའི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་ཞབས་ཞུའི་འགན་ནུས་ཡོད་པའི་སྡེ་ཁག(སྡེ་ཚན)13གྱི་ཞབས་ཞུའི་ལས་སྟེགས་ཚང་མའི་སྒོ་འབྱེད་ཡོད་པ་རེད། སྨྱུག་འཛིན་པས་ཐོག་བརྩེགས་གཉིས་པའི་ཐོབ་ཐང་ལག་ཁྱེར་སྒྲུབ་གཉེར་བྱེད་སའི་ལས་སྟེགས་སུ་ལས་སྒོ་སྒྲུབ་སར་ཡོང་མཁན་མང་པོས་མ་བསྐུལ་དང་བླངས་ཀྱིས་རུ་སྟར་བསྒྲིགས་ནས་མྱུར་དུ་འབྲེལ་ཡོད་ལས་སྒོ་དག་བསྒྲུབས་ནས་ཕྱིན་པ་རེད། ཏག་ཏག་པར་རྒྱག་ཟིན་པའི་ཚེ་གཡང་གིས་སྨྱུག་འཛིན་པ་ལ་ལོ་སར་རྗེས་ཀྱི་ལས་དོན་སྒྲུབ་པའི་ཉིན་དང་པོར་ལས་སྒོ་སྒྲུབ་སར་འོང་བ་ཡིན། ཞབས་ཞུ་ལས་སྟེགས་ཀྱི་ལས་སྒྲུབ་པ་ཚོས་ལས་སྒྲུབ་ཀྱི་སྤྲོ་སེམས་ཆེ་བར་མ་ཟད་ལས་སྒོ་སྒྲུབ་མྱུར་མགྱོགས་པས་ང་ཚོའི་སེམས་པ་རབ་ཏུ་དགའ་བྱུང་ཞེས་བཤད་པ་རེད།།
ཉག་ཆུ་རྫོང་།
ཁྲོན་བོད་ཁྲོམ་ལམ་ཐོག འགྲིམ་འགྲུལ་ཉེན་རྟོག་པས་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་བཞིན་པའི་སྒང་རེད། ཞིང་ལས་དངུལ་ཁང་གི་ཚོམས་ཆེན་དུ་ལས་སྒོ་སྒྲུབ་གཉེར་བྱེད་སར་འོང་མཁན་རྒྱུན་མི་ཆད། ལོ་སར་རྗེས་ལས་དོན་སྒྲུབ་པའི་ཉིན་དང་པོར་ཉག་ཆུ་རྫོང་གི་ལས་རིགས་སོ་སོའི་ལས་སྒྲུབ་མི་སྣས་སྙིང་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་ལས་དོན་སྒྲུབ་བཞིན་པ་རེད།
ཟླ་བ3པའི་ཚེས1ཉིན་གྱི་ཞོགས་པའི་ཆུ་ཚོད9པར་ཡས་མས་སུ། སྨྱུག་འཛིན་པ་རྫོང་སྲིད་དོན་ལྟེ་གནས་ཀྱི་ཚོམས་ཆེན་དུ་སླེབས་སྐབས། སྤྱི་བདེ་ཅུས་དང་།བཟའ་བཅའ་དང་སྨན་རྫས་བཟོ་ཚོང་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས། ས་གནས་དཔྱ་ཁྲལ་ཅུས། རྒྱལ་ཁབ་ཁྲལ་དོན་ཅུས་བཅས་ཀྱི་ཞབས་ཞུ་ལས་སྟེགས་ཀྱི་མདུན་དུ་རུ་སྟར་རིང་པོ་བསྒྲིགས་ཡོད་པས། ལས་སྒྲུབ་མི་སྣས་རུ་སྟར་བཞིན་ལས་སྒོ་སྒྲུབ་གཉེར་བྱེད་བཞིན་པར་མཐོང་།
ང་ཆུ་ཚོད9པ་ནས་ལས་གཉེར་སྒྲུབ་སར་འོང་བ་ཡིན། ལས་སྒྲུབ་མི་སྣའི་རྣམ་འགྱུར་ཡག་པོ་འདུག བྱ་བ་ལམ་འགྲོ་བྱུང་ཞེས་པ་སོགས་སྲིད་དོན་ལྟེ་གནས་སུ་ལས་སྒོ་སྒྲུབ་གཉེར་བྱེད་སར་འོང་མཁན་ཚོས་ཁ་བརྡ་བྱེད་བཞིན་འདུག
རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་གཞུང་ལས་ཁང་དུ་སྨྱུག་འཛིན་པས་ལས་སྒྲུབ་མི་སྣས་བྲེལ་བ་ཆེན་པོས་རང་ཉིད་ཀྱི་ལས་དོན་སྒྲུབ་བཞིན་པར་མཐོང་། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ2པའི་ཚེས28ཉིན། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་གྲོས་ཚོགས་ཁག་གི་སྙིང་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། ཉེ་དུས་ཀྱི་གཙོ་གནད་ལས་ཀར་གསེད་བཀྲོལ་དང་བཀོད་སྒྲིག་བྱས་པ་རེད།།