ཧུང་ཡོན་རྫོང་རོང་ཐ་དགོན་གྱིས་ཟློས་གར་འཁྲབ་སྟོན་སྤེལ་བ།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-08


        གསར་འགོད་པས་ཧུང་ཡོན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་པར་སྐྲུན་ཅུས་ནས་རྒྱུས་ལོན་པ་ལྟར་ན། མི་རིགས་རིག་གནས་དར་སྤེལ་དང་མི་རིགས་རིག་གནས་བརྗེ་རེས་ཀྱི་སྟེགས་བུ་བཙུགས་ནས། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་བོ་ཆགས་ཆེད། ཟླ་3་པའི་ཚེས་4་ཉིན་ནས་བཟུང་མི་རིགས་ཀྱི་ཁྱད་ཆོས་དང་རིན་ཐང་མངོན་པར་ལྡན་པའི་གེ་སར་རྒྱལ་བོའི་སྒྲུང་ལས། འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་བརྗོད་ཞེས་པ་རྫོང་དེའི་གསར་དེའུ་གྲོང་རྡལ་གྱི་རོང་ཐ་དགོན་གྱི་ཟློས་གར་གར་སྟེགས་སུ་འཁྲབ་སྟོན་གྱི་ཡོལ་རིས་ཕྱེས་བ་རེད། 

       གསར་འགོད་པས་འབྲེལ་ཡོད་ཡིག་ཆ་ལས་རྒྱུས་ལོན་པ་ལྟར་ན། འདན་སྲས་རྟོགས་བརྗོད་ཟློས་གར་ནི་བགྲང་བྱ་བཅུ་ཕྲག་ཙམ་གྱི་ཡར་སྔོན་ལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་ཐོག་མར་སྲོལ་ཕྱེས་ཤིང་དར་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཟློས་གར་ཞིག་ཡིན་ལ། ཕྱིས་སུ་རིམ་གྱིས་ཁམས་ཕྱོགས་ཀྱི་རྙིང་མའི་དགོན་སྡེ་མང་པོ་ཞིག་ཏུ་དར། རྟོགས་བརྗོད་གླུ་གར་ཆེན་མོ་འདི་དཔལ་ཡུལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུ་ལོ་རེའི་ཟླ་5པའི་ཚེས་13ནས་17བར་ཉིན་ལྔ་ཙམ་ལ་འཁྲབ་སྟོན་བྱེད་བཞིན་ཡོད་ལ། དེ་ནི་དགོན་པའི་སྒྲུབ་མཆོད་ཆེན་མོ་བཞིའི་གྲས་སུ་བཀོད་ཡོད་པས་ཤིན་ཏུ་གལ་ཆེན་གྱི་ཆོས་ལུགས་བྱ་འགུལ་ཞིག་རེད།
      ཟློས་གར་ཆེན་མོ་འདི་ནི་ཞི་རྒྱས་དབང་དྲག་དང་མཆོག་གི་འཕྲིན་ལས་བཅས་འཕྲིན་ལས་རྣམ་པ་ལྔའི་རིམ་པ་དང་མཐུན་པར་ལེའུ་ལྔའི་སྒོ་ནས་གླིང་རྗེ་གེ་སར་རྒྱལ་པོའི་བཀའ་བློན་ཚ་ཞང་འདན་མ་བྱང་ཁྲ་མཆོག་གི་གདུང་སྲས་འདན་སྲས་གཡུ་འོད་འབུམ་མེ་ཡི་སྐུ་ཚེ་ཧྲིལ་པོའི་མཛད་པ་བརྗོད་བྱར་བྱས་ཤིང་དོན་གྱིས་འདན་སྲས་དཔའ་བོའི་སྤྲུལ་བའི་ཟློས་གར་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་ཕྱི་ནང་གསང་གསུམ་གྱི་བླ་མའི་རྣལ་འབྱོར་གྱི་སྒྲུབ་མཆོད་ཡིན་པར་གསུངས། ཟློས་གར་འདི་རྣམ་པ་ཤིན་ཏུ་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་འཁྲབ་རིམ་ཡོངས་ལ་ལེའུ་ལྔ་ཡོད།
     ད་ལོའི་རྨེ་བ་རོང་ཐ་དགོན་གེ་སར་རིག་གནས་ཟློས་གར་ལས་འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་བརྗོད་ཀྱི་ཟློས་གར་དེ་ཉིན་གཉིས་གྱི་རིང་ལ་སྤེལ་ཞིང་། ལྟད་མོ་མི་2000ལྷག་ཡོད། གསེར་དེའུ་གྲོང་རྡལ་སྲིད་གཞུང་དང་གྲོང་རྡལ་མངག་གཏོང་ཁང་། གྲོང་རྡལ་གྱི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་རོང་ཐ་མ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྒྱབ་སྐྱོར་དང་མཐུན་རྐྱེན་འོག་ཐེངས་འདིའི་ཟློས་གར་འཁྲབ་སྟོན་ཏེ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྒྲིལ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1