༄༅།། རྒྱ་གར་འཕགས་པའི་ཡུལ་དུ་ནང་བའི་གྲུབ་མཐའ་སྨྲ་བ་བཞིའི་བྱུང་ཚུལ།

རྡོ་རྗེས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས།ཐུའུ་བཀྭན་གྲུབ་མཐའ། སྤེལ་དུས། 03-09


གཅིག གྲུབ་མཐའ་སྨྲ་བ་བཞིའི་བྱུང་ཚུལ།
          ནང་བ་སངས་རྒྱས་པའི་བྱུང་ཚུལ་ལ་གཉིས། གྲུབ་མཐའ་སྨྲ་བ་བཞིའི་བྱུང་ཚུལ་དང་། དེ་རྣམས་ཀྱི་ལྟ་བའི་བཞེད་ཚུལ་མདོ་ཙམ་བཤད་པའོ། །བསྐལ་བ་འདི་ལ་ཐེག་ཆེན་ལྟར་ན་སངས་རྒྱས་སྟོང་། ཐེག་དམན་ལྟར་ན་ལྔ་བརྒྱ་འབྱུང་ལ། དེ་ཡང་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་བྲི་སྟེ་བཞི་ཁྲི་ལ་ཐུག་པའི་ཚེ་སངས་རྒྱས་འཁོར་བ་འཇིག་བྱོན། སུམ་ཁྲིའི་ཚེ་གསེར་ཐུབ་བྱོན། ཉི་ཁྲིའི་ཚེ་འོད་སྲུང་བྱོན། ཚེ་ལོ་བརྒྱ་བ་སྙིགས་མ་ལྔ་བདོ་བའི་ཚེ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཞིང་། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་རྗེས་སུ་འབྲངས་ཏེ་ཐེག་པ་འོག་མའི་གྲུབ་མཐའ་སྨྲ་བ་ཉན་ཐོས་སྡེ་གཉིས་དང་། འཁོར་ལོ་བར་བ་དང་ཐ་མའི་རྗེས་སུ་འབྲངས་ཏེ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དབུ་སེམས་གཉིས་བྱུང་ངོ་། །ཉན་ཐོས་སྡེ་གཉིས་ལས། བྱེ་བྲག་སྨྲ་བ་ནི། བྱེ་བྲག་བཤད་མཚོའམ། བྱེ་བྲག་ཏུ་བཤད་པ་ཆེན་པོ་ཞེས་བྱ་བའི་གཞུང་གི་རྗེས་སུ་འབྲངས་པ་དང་། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་བྱེ་བྲག་ཏུ་སྨྲ་བར་གྲགས་ལ། དབྱེ་བ་རྩ་བའི་སྡེ་བཞི། གྱེས་པ་བཅོ་བརྒྱད་ཡོད་དོ། །
          རྩ་བའི་སྡེ་བཞི་ནི། མཁན་པོ་དགྲ་བཅོམ་པ་འོད་སྲུང་ཆེན་པོ་ནས་བརྒྱུད་པ་ཕལ་ཆེན་སྡེ་པ། སྒྲ་གཅན་ཟིན་ནས་བརྒྱུད་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ། ཀཱ་ཏྱཱ་ཡ་ན་ནས་བརྒྱུད་པ་གནས་བརྟན་པའི་སྡེ་པ། ཉེ་བར་འཁོར་ནས་བརྒྱུད་པ་མང་བཀུར་བའི་སྡེ་པ་རྣམས་སོ། །གྱེས་པ་བཅོ་བརྒྱད་ནི། ཕལ་ཆེན་པ་ལས་གྱེས་པ་ལྔ་སྟེ། སློབ་དཔོན་དུལ་བ་ལྷས། ཤར་ནུབ་རི་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང་། །བཏགས་པར་སྨྲ་བའི་སྡེ་རྣམས་ནི། །ལྔ་ཚན་དགེ་འདུན་ཕལ་བའི་སྡེ། །ཞེས་པ་ལྟར་རོ། །
          གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན་ཏེ། གཞི་ཀུན་ཡོད་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མར་བཅས། །ཕྱེ་སྟེ་སྨྲ་བའི་སྡེ་རྣམས་ནི། །གཞི་ཀུན་ཡོད་པར་སྨྲ་བ་ཡིན། །ཞེས་སོ། །གནས་བརྟེན་པ་ལས་གྱེས་པ་གསུམ་སྟེ། རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། ། གཙུག་ལག་ཁང་གནས་གནས་བརྟན་པ། །ཞེས་སོ། །མང་བཀུར་བ་ལས་གྱེས་པ་གསུམ་སྟེ། ས་སྒྲོག་རི་དང་སྲུང་བ་པ། །གནས་མ་བུ་བའི་སྡེ་རྣམས་ནི། །མང་པོས་བཀུར་བའི་སྡེ་པ་ཡིན། །ཞེས་སོ། །
          དེ་དག་ཀྱང་གང་གི་རྗེས་སུ་འབྲང་པའི་སློབ་དཔོན་དང་། གནས་སའི་ཡུལ་དང་། གྲུབ་མཐའི་འདོད་ཚུལ་ཅི་རིགས་ཀྱིས་དབྱེ་བ་བཅོ་བརྒྱད་དུ་གྱུར་པ་སྟེ། ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་སྡེ་པ་བཅོ་བརྒྱད་དོ། །ཞེས་སོ། །སྡེ་པ་བཅོ་བརྒྱད་དུ་གྱེས་ཚུལ་ལ་བཤད་པ་མི་མཐུན་པ་གཞན་ཡང་ཡོད་དོ། །
          དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་དགེ་འདུན་གྱི་གནས་བརྟན་བཞི་སྐད་རིགས་མི་མཐུན་པ་བཞིས་ལུང་འདོན་པར་བརྟེན། སློབ་མ་རྣམས་མི་མཐུན་པར་གྱུར་ཏེ་རྩ་བའི་སྡེ་བཞིར་གྱེས། དེ་དག་ཀྱང་ནང་གསེས་ཀྱིས་བཅོ་བརྒྱད་དུ་གྱུར་ཏེ་ཕན་ཚུན་རྩོད་པར་གྱུར་ཏོ། །ནམ་ཞིག་ན་རྒྱལ་པོ་ཀྲཱི་ཀྲིའི་མི་ལྟས་ལུང་བསྟན་པའི་མདོ་བརྙེད་ནས་བལྟས་པས་སྡེ་པ་བཅོ་བརྒྱད་དུ་གྱུར་ཀྱང་རྣམ་པར་གྲོལ་བའི་འབྲས་བུ་ཉམས་པ་མེད་པར་གསུངས་པ་མཐོང་ནས་ཕན་ཚུན་མཐུན་པར་གྱུར་པ་སྟེ། བཤད་ཚུལ་གཞན་ཡང་ཡོད་དོ། །བྱེ་བྲག་སྨྲ་བའི་སློབ་དཔོན་ནི། དབྱིག་བཤེས་དང་། ཆོས་སྐྱོབ་དང་། སངས་རྒྱས་ལྷ་དང་། འདུས་བཟང་སོགས་ཡིན་པར་གྲགས་སོ། །
          མདོ་སྡེ་བའམ་དཔེ་སྟོན་སྡེ་པ་ནི། མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཇོག་པ་དང་། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པ་ལ་མཁས་པས་དེ་ལྟར་གྲགས་ལ། དབྱེ་ན་མདོ་སྡེ་ལས་ཇི་ལྟར་འབྱུང་བ་སྒྲ་ཇི་བཞིན་དུ་ཁས་ལེན་པ་ཙམ་གྱི་སྒོ་ནས་གྲུབ་པའི་མཐའ་སྨྲ་བས་ལུང་གི་རྗེས་འབྲང་དང་། ཚད་མ་སྡེ་བདུན་ནས་བཤད་པ་ལྟར་གྱི་རིགས་པའི་རྗེས་སུ་འབྲངས་པས་རིགས་པའི་རྗེས་འབྲང་གཉིས་ཡོད། སློབ་དཔོན་ཀུ་མ་ར་ཏ་དང་། ཤི་རི་ར་ཏ་དང་། བཙུན་པ་ར་ཏ་སོགས་ཡིན་པར་གྲགས་སོ། །
          ཐེག་ཆེན་གྱི་གྲུབ་མཐའ་བྱུང་ཚུལ་ནི། སྟོན་པ་མྱ་ངན་ལས་འདས་ནས་ཐེག་ཆེན་གྱི་བསྟན་པ་ལྷ་དང་ཀླུའི་ཡུལ་དུ་ཤིན་ཏུ་དར་ཞིང་། གླིང་གཞན་དུའང་ཡོད་པར་བཤད་ལ། འཛམ་བུའི་གླིང་འདིར་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། གསང་སྔགས་ཀྱི་རྣལ་འབྱོར་བ་སྦས་པའི་བརྟུལ་ཞུགས་འཛིན་པ་མང་པོས་རང་གི་ཉམས་སུ་ལེན་པ་དང་། སྐལ་ལྡན་རྣམས་ལ་འཆད་པ་སོགས་ཀྱིས་ཐེག་ཆེན་གྱི་བསྟན་པ་འཛིན་སྤེལ་ཅུང་ཟད་ཡོད་མོད་ཀྱང་། ཉན་ཐོས་སྡེ་པ་དར་རྒྱས་ཆེ་བའི་དབང་གིས་ཐེག་ཆེན་གྱི་སྡེ་སྣོད་ནུབ་པ་ལྟ་བུར་གྱུར་ཏེ་ཡུན་རེ་ཞིག་ལོན།
          སྐབས་ཤིག་བྲམ་ཟེ་ཆེན་པོ་ས་ར་ཧ་བྱོན་ནས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་གཙོ་བོར་སྤེལ། དེ་ནས་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པ་བཞིན་སངས་རྒྱས་གཉིས་པ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་བྱོན་ནས་བཅོམ་ལྡན་འདས་ཉིད་ཀྱི་བཀའ་ལ་བརྟེན་ནས་གསུང་རབས་ལ་དྲང་ངེས་ཕྱེ་སྟེ་ཐེག་པ་ཆེན་པོའི་ཟབ་རྒྱས་ཀྱི་ལམ་ཉམས་སུ་ལེན་ཚུལ་ཡོངས་སུ་རྫོགས་པ་ཉིན་མོ་ལྟར་གསལ་བར་མཛད་པ་ཤིང་རྟ་ཆེན་པོ་གཉིས་སུ་གྲགས་ཤིང་། དེ་ནས་བརྩམས་ཏེ་ཐེག་ཆེན་གྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཏོ། །
          དེ་ཡང་མགོན་པོ་ཀླུ་སྒྲུབ་ནི། ཐེག་པ་ཆེན་པོ་སྤྱིའི་ཤིང་རྟའི་སྲོལ་འབྱེད་ཡིན་ལ། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། གཞན་ཡང་འཇམ་དཔལ་རྩ་རྒྱུད་དང་རྔ་བོ་ཆེའི་མདོ་སོགས་མང་པོ་ལས་རྒྱལ་བ་རང་ཉིད་ཀྱིས་གསལ་བར་ལུང་བསྟན་པ་སྟེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། བྲམ་ཟེ་ཆེན་པོ་ས་ར་ཧས་རྗེས་སུ་བཟུང་སྟེ་རབ་ཏུ་བྱུང་། སྐུ་ཚེ་ཞག་བདུན་ལས་མེད་པ་བསྲིངས་ཏེ་གསང་སྔགས་ཀྱི་གདམས་པ་མང་དུ་བསྩལ། ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལས་བསྙེན་པར་རྫོགས་ཏེ་དགེ་སློང་དཔལ་ལྡན་ཞེས་གྲགས། ནཱ་ལེནྡྲའི་དགེ་འདུན་གྱི་ཞལ་ཏ་བ་མཛད་དེ་གསེར་འགྱུར་བྱས་ནས་དགེ་འདུན་གྱི་གདུགས་ཚོད་སྦྱར། ཉན་ཐོས་སྡེ་པ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིག་པའི་རྒྱན་ཞེས་བྱ་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐེག་ཆེན་སུན་ཕྱུང་བ་སློབ་དཔོན་འདིས་ཚར་བཅད་པ་སོགས་ཆོས་སྒྲ་ཆེན་པོ་ལན་གསུམ་དུ་བསྒྲགས། ཀླུ་ཡུལ་དུ་བྱོན་ནས་ཀླུ་མང་པོ་ལ་ཆོས་བསྟན་ཅིང་ཀླུའི་འདམ་མང་པོ་དང་ཤེར་ཕྱིན་འབུམ་པ་སོགས་འཛམ་གླིང་དུ་ནུབ་པའི་མདོ་སྡེ་མང་པོ་མི་ཡུལ་དུ་སྤྱན་དྲངས་པས་ཀླུ་སྒྲུབ་ཏུ་གྲགས། ལི་ཁ་ར་ཤིང་འཕེལ་དང་། ས་ཊ་བེ་ས་སོགས་ཡུལ་མང་པོར་འགྲོ་དོན་མཛད། བྱང་གི་སྒྲ་མི་སྙན་དུ་བྱོན་པ་སོགས་རྫུ་འཕྲུལ་དང་ཆོས་སྟོན་པ་སོགས་ཀྱིས་འགྲོ་དོན་མཐའ་ཡས་པ་མཛད། མཆོད་རྟེན་དང་ལྷ་ཁང་མང་པོ་བཞེངས་པ་དང་། རྡོ་རྗེ་གདན་ལ་རྡོ་རྗེའི་དྲ་མིག་གི་ར་བས་བསྐོར་བ་དང་། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བཞེངས་པ་སོགས་མཛད་པ་ཕྱག་རྗེས་དང་བསྟན་པ་ལ་ཕན་པ་དཔག་མེད་མཛད།ཁྱད་པར་དུ་ཟབ་མོ་དབུ་མའི་ལམ་ངེས་དོན་མཐར་ཐུག་པ་ལུང་གིས་བསྒྲུབ་པ་ལ་མདོ་ཀུན་ལས་བཏུས་པ་དང་། རིགས་པས་བསྒྲུབ་པ་ལ་རྩ་ཤེས་སོགས་རིགས་པའི་ཚོགས་དྲུག་དང་། གཞན་ཡང་ཆོས་དབྱིངས་བསྟོད་པ་སོགས་བསྟོད་པའི་ཚོགས་དང་། བྱང་ཆུབ་སེམས་འགྲེལ་དང་རིམ་པ་ལྔ་བ་སོགས་གསང་སྔགས་ཀྱི་སྐོར་ཏེ་མདོ་དང་རྒྱུད་སྡེའི་དགོངས་འགྲེལ་མང་པོ་མཛད་ཅིང་། རིགས་པའི་སྟོབས་ཀྱིས་སྨྲ་བ་ངན་པ་རྣམས་ཚར་བཅད། ཐེག་པ་ཆེན་པོའི་བསྟན་པ་ནུབ་པ་གཞི་ནས་གསོས་ཤིང་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་མཚུངས་པར་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ། །མི་ཡུལ་དུ་ལོ་དྲུག་བརྒྱའི་བར་དུ་བཞུགས། རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་བྱ་བས་དབུ་བསླངས་པས་གནང་སྟེ། རལ་གྲིས་མ་ཆོད་པ་ལ་རྩྭ་ཀུ་ཤས་སྲོག་ཆགས་ཀྱི་སྲོག་བཅད་པའི་རྣམ་སྨིན་ཡོད་པས་ཀུ་ཤས་ཆོད་གསུངས་ནས་བཅད་དེ། དབུ་ཁྱེར་ཕྱིན་པ་གནོད་སྦྱིན་མོས་འཕྲོགས་ཏེ་དཔག་ཚད་དུ་དོར། དབུ་དང་སྐུ་ལུས་གཉིས་མི་ཉམས་ལ་ལོ་རེ་བཞིན་ཉེ་བར་སོང་ནས་མཐར་འབྱར་ནས་སླར་ཡང་བསྟན་འགྲོའི་དོན་མཛད་ཅེས་གྲགས། རྔ་བོ་ཆེའི་མདོ་ལས་སློབ་དཔོན་འདིས་བདུན་པ་བར་བཤད།  སྒྲོན་གསལ་ལས་སྐུ་ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས་པར་བཤད་དོ། །སློབ་མ་ཡང་ཨཱརྱ་དེ་བ་དང་། དཔའ་བོ་དང་། ལེགས་ལྡན་འབྱེད་དང་། སངས་རྒྱས་བསྐྱངས་དང་། ཟླ་བ་གྲགས་པ་ལ་སོགས་ཟླ་བྲལ་གྱི་མཁས་པ་མང་དུ་བྱོན། རྩ་བ་ཤེས་རབ་ཀྱི་སྒོ་ནས་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་ལ་བརྟེན་ནས་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ལ་དབུ་མ་བ་དང་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་ཟེར་རོ། །
          འཕགས་པ་ལྷ་ནི་ཀླུ་སྒྲུབ་ཀྱི་སློབ་མ་གཞན་རྣམས་ཀྱིས་ཀྱང་སློབ་དཔོན་ཉིད་དང་འདྲ་བར་ཚད་མར་འཛིན་ཅིང་། འདི་ཉིད་ཀྱིས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བ་མཛད། ཡབ་སྲས་འདི་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ལུགས་སུ་གནས་ཀྱང་གཞུང་གི་བསྟན་ཆོད་ལ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རྣམ་གཞག་གསལ་བར་མ་ཕྱེ་བས་ཐལ་རང་གི་ཕྱོགས་གཉིས་ཀའི་སྤྱི་ལ་བཞུགས་པས་གཞུང་ཕྱི་མོའི་དབུ་མ་བ་ཟེར་རོ། །སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེས་འགྲེལ་བ་བུ་ངྔྷ་པཱ་ལི་ཏ་མཛད་ཅིང་། རྩ་བར་བཤད་པའི་རིགས་པ་རྣམས་ཀྱི་དོན་ཐལ་འགྱུར་མང་པོ་མཛད་ནས་བཀྲལ་ཞིང་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མེར་སྐྱོན་མང་དུ་བརྗོད་ཅིང་། རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་བཤད་ནས་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པར་མཛད། དེའི་འོག་ཏུ་སློབ་དཔོན་ཟླ་བ་གྲགས་པས་བསྟན་བཅོས་དབུ་མ་འཇུག་པ་དང་། རྩ་ཤེས་འགྲེལ་བ་ཚིག་གསལ་བཅས་མཛད་ནས་སངས་རྒྱས་བསྐྱངས་ལ་སྐྱོན་དེ་རྣམས་མི་འཇུག་པ་དང་། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་གནོད་བྱེད་དང་། ཁས་མི་ལེན་པ་ལ་སྒྲུབ་བྱེད་མང་དུ་བསྟན་ནས་འཕགས་པའི་དགོངས་པ་ཐལ་འགྱུར་དུ་བཀྲལ། འོན་ཀྱང་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ནི་སངས་རྒྱས་བསྐྱངས་ཡིན་པར་བཞེད་པ་དང་། ཟླ་བ་གྲགས་པ་ཡིན་པར་བཞེད་པའི་ཕྱོགས་གཉིས་སྣང་ངོ་། །
          དེ་ལྟར་འཕགས་པའི་དགོངས་པ་ཐལ་རང་སོ་སོར་འགྲེལ་བ་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་བ་ཞེས་གྲགས། སློབ་དཔོན་ཞི་འཚོས་དབུ་མ་རྒྱན་དང་། སློབ་དཔོན་ཡེ་ཤེས་རྙིང་པོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ཅིང་། དེ་གསུམ་ལ་རང་རྒྱུད་ཤར་གསུམ་དུ་གྲགས། རང་རྒྱུད་པ་ལ་དབྱེ་ན། གཞིའི་རྣམ་གཞག་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པའི་རྣལ་འབྱོར་སྤྱོད་པ་དང་མདོ་སྡེ་པ་ལྟར་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་ཁས་ལེན་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་དང་། སྔ་མ་ལ་ཡང་རྣམ་བདེན་པ་དང་མཐུན་པ་དང་། རྣམ་རྫུན་པ་དང་མཐུན་པའི་དབུ་མ་གཉིས་ཡོད་པའི་ཞི་བ་འཚོ་དང་། ཀ་མ་ལ་ ཤཱི་ལ་དང་། འཕགས་པ་གྲོལ་སྡེ་ལྟ་བུ་སྔ་མ་དང་། སློབ་དཔོན་སེང་གེ་བཟང་པོ། ཛེ་ཏཱ་རི། ལྭ་བ་པ་ལྟ་བུ་ཕྱི་མ་ཡིན་ལ། ཕྱི་མ་ལ་ཡང་རྣམ་རྫུན་དྲི་བཅས་པ་དང་མཐུན་པ་དང་། དྲི་མེད་པ་དང་མཐུན་པ་གཉིས་ཡོད་དོ། །
          དབུ་མ་བའམ་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་པའི་དོན་ནི། མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་དབུ་མ་བ་དང་། ཆོས་རྣམས་ལ་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བྱ་ལ།  ཐལ་རང་གི་གོ་དོན་ནི། ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་ན་རང་རྒྱུད་པ་དང་། ཐལ་འགྱུར་ཙམ་གྱིས་ཕྱིར་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་ཐལ་འགྱུར་བ་ཞེས་བརྗོད་དོ། །
          སེམས་ཙམ་པའི་གྲུབ་མཐའ་བྱུང་ཚུལ་ནི། ལུགས་འདིའི་ཤིང་རྟའི་སྲོལ་འཕགས་པ་ཐོགས་མེད་ཀྱིས་ཕྱེ་བ་ཡིན་ཞིང་། སློབ་དཔོན་འདི་ནི་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་དང་། བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ཞེས་སོགས་ཀྱིས་གསལ་བར་ལུང་བསྟན་པ་དེ། སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་བྱོན་པ་དང་། དྲུག་བརྒྱའི་དུས་བྱོན་པའི་འདོད་པ་མི་འདྲ་བ་ཡོད་ཅིང་། གང་ལྟར་ཡང་རྒྱ་གར་དུ་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ནས་བསྟན་པ་ནུབ་པ། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བས་མ་བཟོད་པར། ལུས་ལ་བུ་སྐྱེད་ལ་བསྟན་པ་དར་བར་བྱེད་དུ་གཞུག་གོ་སྙམ་སྟེ་རྒྱལ་རིགས་དང་འདུས་པ་ལས་ཐོགས་མེད་དང་། བྲམ་ཟེ་དང་འདུས་པ་ལས་དབྱིག་གཉེན་བྱུང་། བུ་གཉིས་ལ་བློ་རྣོ་བའི་ཆོ་ག་བྱས་ཏེ་ཆེར་སྐྱེས་པའི་ཚེ། བུ་གཉིས་ཀྱིས་ཕའི་ལས་གང་ཡིན་དྲིས་པར། མ་ན་རེ། ཁྱེད་དེའི་ཕྱིར་སྐྱེད་པ་མིན་གྱི་བསྟན་པ་དར་བའི་ཆེད་དུ་ཡིན་པས་བློ་སྦྱོང་གྱིས་ལ་བསྟན་པ་དར་བར་གྱིས་ཤིག་ཅེས་སྨྲས་པས། གཅུང་དབྱིག་གཉེན་ཁ་ཆེ་འདུས་བཟང་གི་དྲུང་དུ་བྱོན། གཅེན་གྱིས་བྱམས་པ་བསྒྲུབས་ནས་བསྟན་པ་དར་བར་བའོ་སྙམ་སྟེ། རི་བྱ་རྐང་གི་ཕུག་ཏུ་བྱོན་ནས་ལོ་གསུམ་དུ་བསྒྲུབས་པས་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་སྐྱོ་སྟེ་ཕྱིར་ཐོན་པ་ན། རྒན་པོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་པོ་ལ་ཁབ་བྱེད་པར་མཐོང་ནས་དྲིས་པར། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཅེས་ཟེར་བས་རྐྱེན་བྱས་ཏེ་ཕྱིར་ལོག་ནས། ཡང་ལོ་གསུམ་བསྒྲུབས་ནས་ཐོན་པ་ན་ཆུ་ཐིགས་ཀྱིས་བྲག་ཟད་པ་མཐོང་ནས་བརྩོན་པའི་ལོ་སྐྱེས་ཏེ་ཕྱིར་ལོག   ཡང་ལོ་གསུམ་བསྒྲུབས་ཏེ་ཐོན་པ་ན་བྱ་སྒྲོག་བྲག་ཟད་པ་མཐོང་ནས་སྔར་ལྟར་ཕྱིར་ལོག  ཡང་ལོ་གསུམ་བསྒྲུབས་པས་མཚན་མ་བྱུང་བར་སྐྱོ་སྟེ་ཐོན་ནས་ཕྱིན་པ་ན་ཁྱི་མོ་རོ་སྨད་འབུས་གཞིགས་པ། རོ་སྟོད་ཟུག་ཅིང་ཟ་བ་ཞིག་མཐོང་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། རང་གི་ལུས་ལས་ཤ་བ་བཅད་དེ་འབུ་བསལ་སྙམ་ནས་གསེར་གྱི་སྤུ་གྲི་གཡར་ཏེ་རང་གི་ལུས་ལས་ཤ་བཅད་དེ་ལག་པས་བླངས་ན་ཤི་ཡིས་དོགས་ཏེ་སྤྱན་ཟུམ་ནས་ལྗགས་ཀྱིས་བླང་སྙམ་པ་དང་ཁྱི་མེད་པར་རྗེ་བཙུན་འོད་དང་བཅས་པ་མཐོང་ནས། བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་ཡང་མ་བྱུང་བ་རྗེ་བཙུན་ཐུགས་རྗེ་རེ་ཆུང་ཞེས་འཁངས་པས། རྗེ་བཙུན་གྱིས་ང་དང་པོ་ནས་ཡོད་དེ་ཁྱོད་རང་གི་སྒྲུབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་ནས་མཐོང་བ་ཡིན། ཞེས་གསུངས། དེ་ནས་ཐེག་ཆེན་དར་བར་ཞུ་འཚལ་ཞེས་ཞུས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་དགའ་ལྡན་དུ་བྱོན་ཏེ་ལྷའི་གྲོ་སྐད་ཅིག་གམ་མི་ལོ་ལྔ་བཅུ་རྩ་གསུམ་བཞུགས་པར་གྲགས། དེར་བྱམས་པ་ལས་ཡུམ་གྱི་མདོ་དང་། བྱམས་ཆོས་སྡེ་ལྔ་སོགས་གསན་ནས་སླར་མི་ཡུལ་དུ་བྱོན། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་མཛད་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ། སའི་སྟོད་འགྲེལ་ལས། སློབ་དཔོན་འདིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པར་བཤད། ཚིག་གསལ་དུ། སློབ་དཔོན་ཐོགས་མེད་ས་གསུམ་པ་འོད་བྱེད་པ་བརྙེས་ཀྱང་དབྱིག་གཉེན་འདུལ་བའི་དོན་དུ་སེམས་ཙམ་དུ་བསྟན་པར་གསུངས། བཙུན་པ་ངོ་བོ་ཉིད་མེད་པས་ཆོས་མཆོག་ལ་གནས་པར་བཤད། དགུང་ལོ་བརྒྱར་ཟེར་ཡང་བརྒྱ་དང་ལྔ་བཅུ་བཞུགས་པར་ངེས་སོ། །
          གཅུང་དབྱིག་གཉེན་ཐོག་མར་བྱེ་བྲག་སྨྲ་བ་ལ་ཞུགས་ནས་ཐེག་ཆེན་ལ་མི་མོས་པས་གཅེན་ལ་ཡང་། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་སོགས་ཀྱལ་ཀ་བྱས་ཀྱང་ཕྱིས་སུ་ཐེག་ཆེན་ལ་དད་པར་གྱུར་ནས་གཅེན་ལས་བྱམས་ཆོས་སོགས་གསན་ཏེ། པྲ་ཀཱ་ར་ཎ་སྡེ་བརྒྱད་བརྩམས། དེ་ལྟར་བྱམས་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀཱ་ར་ཎ་སྡེ་བརྒྱད་རྣམས་ལ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་ཞེས་གྲགས་སོ། །
          དབྱིག་གཉེན་ལ་སློབ་མ་རང་ལས་མཁས་པ་བཞི་བྱུང་སྟེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ་རྣམས་སོ། །དེ་ལྟར་ཐོགས་མེད་ཀྱིས་ཕྱེ་བའི་ཤིང་རྟའི་སྲོལ་འཛིན་པའི་རྗེས་འབྲངས་རྣམས་ལ་སེམས་ཙམ་པའམ་རྣམ་རིག་པ་ཞེས་ཟེར་ཏེ། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་དེ་ལྟར་གྲགས་སོ། །དབྱེ་ན། དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་འདོད་པ་དང་། དེ་ལྟར་མ་གྲུབ་པར་འདོད་པའི་དབང་གིས་སེམས་ཙམ་རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས་ཡོད་ལ། རྣམ་བདེན་པ་ལ། གཟུང་འཛིན་གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་བ། སྣ་ཚོགས་གཉིས་མེད་པ་གསུམ་ཡོད་དོ། །འདི་གསུམ་གྱི་ཁྱད་པར་ལ་མཁས་པ་རྣམས་བཞེད་པ་མི་མཐུན་པས་འདིར་མ་བཀོད་ལ། རྣམ་རྫུན་པ་ལ། སེམས་ཀྱི་ངོ་བོ་མ་རིག་པའི་བག་ཆགས་ཀྱི་དྲི་མས་བསླད་པར་འདོད་པར་དྲི་བཅས་པ་དང་། མ་བསླད་པར་འདོད་པས་དྲི་མེད་རྣམ་རྫུན་པ་གཉིས། ཡང་སེམས་ཙམ་པ་ལ་ལུང་གི་རྗེས་འབྲང་དང་། རིགས་པའི་རྗེས་འབྲངས་གཉིས་སུ་ཡང་འབྱེད་དེ། རིམ་པ་བཞིན་ས་སྡེ་ལྔའི་རྗེས་འབྲང་དང་། ཚད་མ་སྡེ་བདུན་གྱི་རྗེས་འབྲང་རྣམས་སོ། །དེ་ལྟར་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཀྱིས་དབུ་སེམས་ཀྱི་ཤིང་རྟའི་སྲོལ་ཕྱེ་བ་ལ་བརྟེན་ནས་ཐེག་པ་ཆེན་པོའི་བསྟན་པ་དབྱར་དུས་ཀྱི་ཆུ་བོ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཏེ། མཁས་པ་དང་གྲུབ་པའི་དབང་ཕྱུག་བྱེ་བ་ཁྲག་ཁྲིག་རིམ་པར་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པ་ཡིན་ནོ། །
གཉིས། གྲུབ་མཐའ་སྨྲ་བ་བཞིའི་ལྟ་བའི་བཞེད་ཚུལ་མདོ་ཙམ་བསྟན་པ།
          རང་སྡེའི་གྲུབ་མཐའ་དེ་རྣམས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་འདོད་ཚུལ་ལ་མི་འདྲ་བ་མང་དུ་ཡོད་ཀྱང་དེ་ཐམས་ཅད་ཞིབ་ཏུ་བཀོད་ན་ཡིག་ཚོགས་ཆེ་བར་འགྱུར་བ་དང་། གྲུབ་མཐའི་བསྟན་བཅོས་གཞན་རྣམས་ལས་རྒྱ་ཆེར་བཤད་པའི་ཕྱིར་འདིར་མི་སྤྲོ་ལ། གྲུབ་མཐའ་ཐ་དད་པར་འཇོག་པ་ལྟ་བའི་སྒོ་ནས་ཡིན་པས་ན་འདིར་སོ་སོའི་ལྟ་བའི་འདོད་ཚུལ་མདོ་ཙམ་ཞིག་བཤད་པར་བྱའོ། །འདི་ལ་གཉིས། སོ་སོའི་ལུགས་ཀྱི་དགག་བྱའི་འདོད་ཚུལ་དང་། བདག་མེད་ཕྲ་རགས་འཇོག་ཚུལ་ལོ། །
1 གྲུབ་མཐའ་སྨྲ་བ་བཞིའི་སོ་སོའི་ལུགས་ཀྱི་དགག་བྱའི་འདོད་ཚུལ།
          དེ་ཡང་རང་སྡེ་ཐམས་ཅད་ཀྱིས་རྟེན་འབྱུང་ཁས་ལེན་པ་ལ་ཁྱད་པར་མེད་མོད། འོན་ཀྱང་རང་རྒྱུད་པ་མན་ཆད་ཀྱིས་ཕྱི་རོལ་པའི་འདོད་པ་ལྟར་གྱི་ཕུང་བོ་ལས་དོན་གཞན་དུ་གྲུབ་པའི་བདག་མི་འདོད་ཀྱང་། ཕུང་བོ་ཉིད་བདག་ཏུ་འཇོག་པར་བྱེད་དེ། བྱེ་སྨྲའི་ནང་ཚན་མང་བཀུར་བ་འགའ་ཞིག་གིས་ཕུང་བོ་ཚོགས་པ་བདག་ཏུ་འཇོག  ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་ཀྱིས་རྣམ་པར་ཤེས་པའི་རྒྱུན་གང་ཟག་ཏུ་འཇོག སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་གང་ཟག་ཏུ་འཇོག  དབུ་མ་རང་རྒྱུད་པས་ཡིད་ཀྱི་རྣམ་ཤེས་གང་ཟག་ཏུ་འཇོག  ཐལ་འགྱུར་བས་ནི་འཇོག་ཚུལ་དེ་ཐམས་ཅད་མི་བཞེད་དོ། །དེ་ཡང་བྱེ་སྨྲ་ནས་རང་རྒྱུད་པའི་བར་གྱིས་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་འཇོག་ཚུལ་འདི་ཡང་གང་ཟག་སོགས་ཐ་སྙད་དུ་རང་ངོས་ནས་གྲུབ་པར་འདོད་པའི་དབང་གིས་ཡིན་ཏེ། ཕུང་པོ་ལ་བརྟེན་ནས་ངའོ་ཞེའམ། གང་ཟག་གོ་ཞེས་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར། གང་ཟག་དེ་ཕུང་པོ་རེ་རེ་བ་དང་། ཚོགས་པ་དང་། དེ་ལས་དོན་གཞན་པ་གང་དུ་གྲུབ་ཅེས་བཙལ་ན་དེ་དག་གང་རུང་ཞིག་གང་ཟག་ཏུ་རྙེད་པར་བསམས་ནས་བཞག་པ་ཡིན་ནོ། །དེ་ལྟར་འཛིན་པ་ལ་རང་ངོས་ནས་གྲུབ་པར་འཛིན་པ་དང་། དེའི་ཡུལ་དེ་ལ་རང་ངོས་ནས་གྲུབ་པ་ཞེས་འདོགས་པར་བྱེད་ཅིང་། འཚོལ་ལུགས་དེས་བཙལ་ནས་མི་རྙེད་ན་གང་ཟག་འཇོག་མི་ནུས་པས་ཆད་པར་ཐལ་བའི་སྐྱོན་དུ་འགྱུར་རོ་སྙམ་དུ་དགོངས་པར་སྣང་ངོ་། །
          དེའི་དབང་གིས་དངོས་སྨྲ་བ་རྣམས་ཀྱིས་ཀྱང་། བདེན་པར་གྲུབ་པ། ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ། རྫས་སུ་གྲུབ་པ་རྣམས་ཐ་སྙད་དུ་གྲུབ་པར་བཞེད་པ་སོགས་ཀྱི་ཁྱད་པར་ཡང་ཤེས་དགོས་ཏེ། དེ་ཡང་བྱེ་སྨྲས་གཟུགས་དང་ཤེས་པ་སོགས་དཔྱད་མཐར་རྙེད་དགོས་པར་བཟུང་ཞིང་། དེ་ཡང་མཐར་གཏུགས་ན་རྡུལ་ཕྲ་རབ་ཆ་མེད་དང་། རྒྱུན་གྱི་ཐུག་མཐའ་སྐད་ཅིག་ཆ་མེད་ཅིག་ཡོད་དགོས་པར་མཐོང་ནས་རགས་པ་རྣམས་ལ་རྩོམ་གཞི་རྡུལ་ཆ་མེད་དང་། རྒྱུན་གྱི་རྩོམ་གཞིར་སྐད་ཅིག་ཆ་མེད་ཁས་བླངས་ནས་ཆ་མེད་དང་ནམ་མཁའ་སོགས་བཅོམ་པ་དང་གཞིག་པས་རང་འཛིན་གྱི་བློ་མི་འདོར་བ་རྣམས་རྫས་ཡོད་དང་། དོན་དམ་བདེན་པ་དང་། དོན་དམ་པར་ཡོད་པ། བཅོམ་གཞིག་གིས་རང་འཛིན་གྱི་བློ་འདོར་བ་རྣམས་བཏགས་ཡོད་དང་། ཀུན་རྫོབ་ཏུ་ཡོད་པ་དང་། ཀུན་རྫོབ་ཏུ་བདེན་པ་ཡིན་ལ། བདེན་གཉིས་ཀྱི་དངོས་པོ་ཐམས་ཅད་དོན་བྱེད་ནུས་པའི་རྫས་སུ་གྲུབ་པར་འདོད། མདོ་སྡེ་བས་དོན་དམ་པར་འབྲས་བུ་སྐྱེད་ནུས་པ་རྣམས་རང་མཚན་དང་དོན་དམ་བདེན་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་རྣམས་སྤྱི་མཚན་དང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། ཀུན་རྫོབ་བདེན་པར་འདོད་ལ། རང་སྤྱི་གཉིས་ཀ་ཡང་རང་ངོས་ནས་མ་གྲུབ་ན་མེད་དགོས་པར་འདོད་དོ། །ཕྲ་རྡུལ་ཆ་མེད་སོགས་ཀྱང་བྱེ་སྨྲ་དང་འདྲ་བར་ཁས་ལེན་པས། བདག་གི་བླ་མ་ཐམས་ཅད་མཁྱེན་པའི་ལྟ་མགུར་དུ། བེམ་པོ་འཛུམ་རིས་ཀྱི་རྒྱ་སྟག་ཁྲ་བོ། །ཞེས་གསུངས་སོ། །
          སེམས་ཙམ་པ་རྣམས་ཀྱིས་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པ་ནི་རང་མཚན་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། བདེན་གྲུབ་ཡིན་ལ། རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་ནི་དེ་ལས་ཟློག་པར་འདོད་དེ་གཞན་དབང་ཡོངས་གྲུབ་གཉིས་དང་པོ་དང་། ཀུན་བཏགས་ཕྱི་མར་འདོད་དོ། །དེ་ན་ཀུན་བཏགས་ཀྱི་ཆོས་རྣམས་སེམས་ཙམ་པར་རང་ལུགས་ཀྱི་རང་མཚན་གྱིས་མ་གྲུབ་པར་འདོད་ཀྱང་། ཆོས་གང་ཡང་རང་ངོས་ནས་མ་གྲུབ་ན་མེད་དགོས་པར་འདོད་པས། ཐལ་འགྱུར་བ་ལྟར་གྱི་རང་མཚན་གྱི་དོན་ནི་ཀུན་བཏགས་ཀྱི་སྟེང་དུ་ཡང་ཁས་ལེན་པ་ཡིན་ཏེ། ལེགས་བཤད་སྙིང་པོར། གཞི་འགའ་ཞིག་སྔ་མ་ལྟར་མི་འཛིན་ཀྱང་། ཕྱི་མ་ལྟར་འཛིན་པ་ནི་ཡོད་དོ། །ཞེས་སོ། །འོན་ཀྱང་བྱེ་མདོ་ལྟར་ཆ་མེད་ཀྱིས་རགས་པ་མི་རྩོམ་པར་མ་ཟད་གཟུགས་སོགས་འདུས་བྱས་ཀྱི་ཆོས་རྣམས་ནང་ཤེས་པའི་རྫས་ཀྱི་སྟེང་ནས་སྐྱེས་ཤིང་། འདུས་མ་བྱས་རྣམས་ཀྱང་རང་འཛིན་ཚད་མ་དང་བདག་ཉིད་གཅིག་ཏུ་འདོད་པས། གཟུང་འཛིན་རྫས་གཞན་གྱིས་སྟོང་ཞིང་ཕྱི་དོན་དུ་མེད་པར་བཞེད་དོ། །ཤེས་པ་སྔ་མའི་སྟེང་གི་ནུས་པས་ཤེས་པ་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པས་ཡུལ་དང་ཡུལ་ཅན་དུས་མཉམ་པར་རྫས་གཅིག་ཏུ་སྐྱེ་ལ་དེ་འདྲའི་ནུས་པ་ལ་དམིགས་རྐྱེན་དུ་འདོད་དོ། །དམིགས་རྐྱེན་གྱིས་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་ཀྱང་ཡུལ་དེའོ་སྙམ་དུ་རྟོག་པས་འཛིན་པ་ནི་བརྡ་སྦྱོར་བ་ལ་ལྟོས་པས། ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པར་འདོད་དེ། དོན་སྨྲ་ལ་ལྟོས་ན་དབུ་མའི་ལུགས་དང་ཤིན་ཏུ་ཉེའོ། །སེམས་ཙམ་པ་རང་གི་འདོད་པ་ལྟར་གྱི་ཕྱི་དོན་མེད་པར་གྲུབ་པས་ནི་དོན་སྨྲ་གཉིས་ཀྱི་ཕྱི་དོན་ཁེགས་ཀྱང་། དོན་སྨྲ་གཉིས་ཀྱི་ཕྱི་དོན་ཁེགས་ཙམ་གྱིས་རྣམ་རིག་ཙམ་དུ་གྲུབ་པ་མིན་ཏེ། འདི་འདྲའི་ཁྱད་པར་གྲུབ་མཐའ་གོང་འོག་གི་སྐབས་ཀུན་ཏུ་ཤེས་དགོས་སོ། །
          དབུ་མ་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་གསུམ་ཐ་སྙད་དུ་གྲུབ་པར་བཞེད་ཀྱང་། བདེན་པར་གྲུབ་པ་སོགས་ལྔ་ནི་ཐ་སྙད་དུ་ཡང་མི་བཞེད་དོ། །རང་རྒྱུད་པ་མན་ཆད་ཀྱིས་ཕྱི་རོལ་པ་འདོད་པ་ལྟར་གྱི་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་འཛིན་པ་གང་ཟག་གི་བདག་འཛིན་རགས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་གང་ཟག་གི་བདག་འཛིན་ཕྲ་མོར་འདོད་དོ། །དེ་ཡང་སྔ་མ་དེ་མུ་སྟེགས་ཀྱིས་སྒྲོ་བཏགས་པའི་ཀུན་བཏགས་ཁོ་ན་དང་། ཕྱི་མ་ལ་གནས་མ་བུ་བས་གྲུབ་མཐའི་དབང་གིས་འཛིན་པ་ལྟ་བུའི་རིགས་པ་ལྟར་སྣང་ལ་བརྟེན་ནས། རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཐད་སྙམ་དུ་འཛིན་པ་རྣམས་ཀུན་བཏགས་དང་གྲུབ་མཐས་སྒྲོ་བཏགས་པ་ལ་མ་ལྟོས་པར་ངང་ངམ་ཤུགས་ཀྱིས་འབྱུང་བ་ནི་ལྷན་སྐྱེས་ཏེ། འདིའི་ཞེན་ཡུལ་བཀག་པ་ལས་ལྷག་པའི་ཕྲ་བའི་བདག་མེད་བྱེ་མདོ་གཉིས་ཀྱིས་འཇོག་མི་ཤེས་སོ། །
          དེས་ན་གང་ཟག་དང་ཕུང་པོ་རྗེ་ཁོལ་ལྟར་མཚན་ཉིད་མི་མཐུན་པའི་རང་རྐྱ་བར་སྣང་ལ། སྣང་བ་ལྟར་དུ་གྲུབ་པར་འཛིན་པ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཛིན་ཚུལ་ཡིན་ཅིང་། འཛིན་པ་དེའི་ཞེན་ཡུལ་གང་ཟག་ཕུང་པོ་ལ་མ་ལྟོས་པའི་རང་རྐྱ་བ་དེ་བཀག་ནས། གང་ཟག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བཞེད་པ་ལ་མང་བཀུར་བ་མ་གཏོགས་རང་རྒྱུད་པ་མན་ཆད་འདྲའོ། །
          ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་ཙམ་སྒྲས་ནི། ཕུང་པོ་ལས་དོན་གཞན་པའི་བདག་བཀག་ནས་གང་ཟག་བཏགས་ཡོད་དུ་བཞེད་པར་མཐུན་ལ། ཕུང་པོ་ལ་བརྟེན་ནས་བཏགས་ལུགས་ནི། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་ཤེས་དང་། རྣམ་པར་ཤེས་པའི་རྒྱུན་ཅི་རིགས་པ་བརྟེན་ནས་གང་ཟག་འདོགས་པར་བྱེད་ཅིང་། དེ་ཡང་ཕུང་པོ་རེ་རེ་བ་བདག་ཏུ་བཞེད་པ་དང་། མང་བཀུར་བ་ཁ་ཅིག་གིས་ཕུང་པོ་ལྔ་ཆར་ལ་བརྟེན་ནས་གང་ཟག་འདོགས་པར་བྱེད་དོ། །རང་རྒྱུད་པ་མན་ཆད་ཀྱིས་གང་ཟག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བཞེད་ནའང་། ཕུང་པོ་གང་ཟག་གི་གདགས་གཞི་ཡིན་ན་ཕུང་པོ་གང་ཟག་ཡིན་དགོས་སྙམ་པ་དང་། ཕུང་པོ་གང་ཟག་ཡིན་པར་བཏགས་པ་ཡིན་སྙན་དུ་བསམ་པར་འདུག་ཅིང་། གང་ཟག་གི་བཏགས་དོན་བཙལ་ནས་ཀྱང་རྙེད་པར་འདོད་པའི་ཕྱིར་བཏགས་ཡོད་ཀྱི་དོན་ཀྱང་མ་ཚང་བར་གསལ་ལོ། །
          ཐལ་འགྱུར་བས་ནི། ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པར་གསུངས་ལ། ཕུང་པོ་བདག་མ་ཡིན་པར་མ་ཟད་བཏགས་དོན་བཙལ་ནས་རྙེད་པའི་ཆོས་གཅིག་ཀྱང་མི་བཞེད་ཅིང་། རང་རྒྱུད་པ་མན་ཆད་ཀྱིས་འདོད་ཚུལ་དེ་ལྟ་ན་རྟེན་འབྱུང་ཁས་བླངས་པ་ལས་ཉམས་པར་བཞེད་དེ་ཤིན་ཏུ་གནད་ཆེ་ཡང་འདིར་ཞིབ་ཏུ་མི་སྤྲོའོ། །
          ཐལ་རང་གཉིས་ཀ་གང་ཟག་རིགས་པས་དཔྱད་མི་བཟོད་དུ་གྲུབ་པར་བཞེད་པ་མཐུན་མོད་ཀྱང་། ཅི་ཙམ་ནས་རིགས་པས་དཔྱད་བཟོད་མི་བཟོད་ཀྱི་མཚམས་དང་། དོན་དམ་དཔྱོད་པའི་མཚམས་སུ་སོང་མ་སོང་སོགས་ལ་མི་མཐུན་ཏེ། ཐལ་འགྱུར་བས་ནི། ངས་ལས་འདི་བསགས། འབྲས་བུ་འདི་མྱོང་ཞེས་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར། ཐ་སྙད་བཏགས་པའི་དོན་དེ་ཕུང་པོ་རེ་རེ་བ་དང་། ཚོགས་པ་དང་། དེ་ལས་དོན་གཞན་གང་དུ་གྲུབ་ཅེས་འཚོལ་བ་ནས་དོན་དམ་དཔྱོད་པའི་མཚམས་དང་། འཚོལ་ལུགས་དེས་བཙལ་ནས་དཔྱད་གཞི་དེ་རྙེད་རྒྱུ་བྱུང་ན་རིགས་པས་དཔྱད་བཟོད་དུ་གྲུབ་པར་བཞེད། རང་རྒྱུད་པས་དེ་འདྲ་བའི་རིགས་པ་དེ་ཐ་སྙད་པའི་ཚད་མ་ཡིན་གྱི། དོན་དམ་དཔྱོད་པའི་རིགས་པ་མིན་ལ། དེས་བཙལ་ནས་རྙེད་ན་རིགས་པས་དཔྱད་བཟོད་དུ་གྲུབ་པའང་མ་ཡིན་པར་བཞེད་དེ། དེས་བཙལ་བ་ན་ཡིད་ཀྱི་རྣམ་ཤེས་གང་ཟག་ཏུ་རྙེད་པའི་དབང་དུ་བྱས་ནས་འཇོག་པར་སྣང་ངོ་། །
          དེས་ན་རང་རྒྱུད་པས། ཆོས་རྣམས་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་མ་ཡིན་པར་དོན་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་མ་གྲུབ་དཔྱོད་པ་ནས་དོན་དམ་དཔྱོད་པའི་མཚམས་དང་། དེས་བཙལ་ནས་དཔྱད་གཞི་དེ་རྙེད་རྒྱུ་བྱུང་ན་རིགས་པས་དཔྱད་བཟོད་དུ་གྲུབ་པར་བཞེད་དོ། །དངོས་སྨྲ་བ་རྣམས་ཀྱིས་དེ་ཙམ་ཡང་དོན་དམ་དཔྱོད་པའི་མཚམས་དང་། རིགས་པས་དཔྱད་བཟོད་དུ་གྲུབ་པར་མི་འདོད་པར། རིགས་པས་བཙལ་བའི་ངོར་འདུས་མ་བྱས་དང་རྡུལ་ཕྲན་ཆ་མེད་དང་། སྐད་ཅིག་ཆ་མེད་ལྟ་བུ་གང་རུང་རྙེད་རྒྱུ་བྱུང་ན་རིགས་པས་དཔྱད་བཟོད་དུ་གྲུབ་པར་འདོད་དོ། །དེས་ན་གྲུབ་མཐའ་གང་དང་གང་གི་ལུགས་ལ་ཡང་ཆོས་རང་རང་གི་གནས་ཚུལ་ལ་དཔྱད་པ་ན་ཀུན་རྫོབ་དང་དོན་དམ་དཔྱོད་པར་སོང་མ་སོང་གི་མཚམས་ཟིན་པ་འདི་ཤིན་ཏུ་གལ་ཆེའོ། །
          རང་རྒྱུད་པས་ཆོས་རྣམས་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པར་འཛིན་པ་ནི་བདེན་འཛིན་ཕྲ་མོ་ཡིན་ལ། དེ་ལ་སེམས་ཙམ་པའི་གྲུབ་མཐའི་དབང་གིས་འཛིན་པ་ལྟ་བུའི་ཀུན་བཏགས་དང་། གྲུབ་མཐའ་ལ་མ་ལྟོས་པའི་ལྷན་སྐྱེས་གཉིས་ཡོད་ཀྱང་གཉིས་ཀའི་ཞེན་ཡུལ་ལ་བདེན་པར་གྲུབ་པ། ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ་ཞེས་བྱ་ཞིང་། དེ་བཞིན་གྲུབ་པ་ཐ་སྙད་དུ་ཡང་མེད་པར་བཞེད་དོ། །རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་ཐ་སྙད་དུ་གྲུབ་པར་བཞེད་དེ། དེར་མ་གྲུབ་ན་ཆད་ལྟར་འགྲོ་བར་འདོད་དོ། །དངོས་སྨྲ་བ་རྣམས་དེ་བརྒྱད་ཀ་ཚད་གྲུབ་ཏུ་འདོད་མི་འདོད་ཀྱི་ཁྱད་པར་གོང་དུ་བཤད་པ་ལྟར་རོ། ༈ ། དབུ་མ་བས། ཆོས་རྣམས་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པའི་སྡོད་ལུགས་མེད་པར་མཐོང་ན་དགག་བྱ་ཁེགས་པར་བཞེད་ཅིང་དེ་འདྲའི་དགག་བྱ་དང་དེ་འཛིན་པའི་རྟོག་པ་བདེན་འཛིན་དུ་འདོད་པ་ཐལ་རང་གཉིས་ཀའི་ཐུན་མོང་བའི་ལུགས་སོ། །དགག་བྱ་དེ་འགོག་པའི་རིགས་པ་གནད་ཆེ་བ་ནི་རྣམ་བདུན་པའི་དཔྱད་པ་དང་། དེ་བསྡུ་ན་གཅིག་ཏུ་བྲལ་གྱི་དཔྱད་པ་གཉིས་སུ་འདུ་ཞིང་། དེའི་སྒོ་ནས་དཔྱོད་ཚུལ་ནི་གྲགས་ཆེ་བ་ལྟར་རོ། །དཔྱད་པའི་སྟོབས་ཀྱིས་མཉམ་གཞག་ཏུ་བློ་དེའི་དབང་གིས་བཞག་པ་མིན་པའི་ཡོད་པ་ཁེགས་པ་ལ་ཐལ་རང་གཉིས་ཀ་ཁྱད་པར་མེད་ཀྱང་རྗེས་ཐོབ་ཏུ་ནི་རང་རྒྱུད་པས་རང་མཚན་གྱིས་གྲུབ་པའི་དོན་ཆོས་སྒྱུ་མ་ལྟ་བུ་ཞིག་འདོད་ལ། ཐལ་འགྱུར་བས་ནི་མཉམ་གཞག་ཏུ་བདེན་པ་དེ་ལྟ་བུ་བཀག་ཤུལ་ཏུ་ལྷག་མ་ཅི་ལུས་བལྟས་པས། མིང་ཙམ་ཞིག་ལྷག་མར་ལུས་པར་བཞེད་དེ། འདི་ནི་ཐུན་མོང་མ་ཡིན་པའི་ཁྱད་པར་རོ། །
          དེ་ལྟར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ལྷན་སྐྱེས་དང་། དེའི་ཞེན་ཡུལ་སུན་ཕྱུང་བ་ལ་བརྟེན་ནས་འཁོར་བ་ལས་གྲོལ་བར་འདོད་པ་ནི་རང་རྒྱུད་པ་མན་ཆད་མཐུན་ནོ། །རང་རྒྱུད་པས་ཆོས་དང་གང་ཟག་གཉིས་ཀ་བློ་ལ་སྣང་བའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་ཕྲ་མོ་དང་ཤེས་སྒྲིབ་ཏུ་བཞེད་ཅིང་། ཤེས་སྒྲིབ་ལ་ཕྲ་རགས་དགུ་དང་ཐོག་མཐའ་གཉིས་ལ་གཉིས་གཉིས་ཕྱེ་བའི་བཅུ་གཅིག་ས་དང་པོ་ནས་རྒྱུན་མཐའི་བར་གྱི་སྒོམ་ལམ་བཅུ་གཅིག་གིས་སྤངས་པའི་སྒོ་ནས་རྣམ་མཁྱེན་ཐོབ་པར་བཞེད་དོ། །
          ཐལ་འགྱུར་བའི་ཁྱད་ཆོས་ཀྱི་དགག་བྱ་དང་འགོག་ཚུལ་ནི། མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་ཡིན་པའི་ཡོད་པར་འཛིན་པ་བདེན་འཛིན་ཕྲ་མོ་དང་། དེའི་ཞེན་ཡུལ་མིང་དང་ཐ་སྙད་ཀྱི་དབང་གིས་བཞག་པའི་ཡོད་པ་དེ་གང་ཟག་གི་སྟེང་དུ་ཡོད་པར་འཛིན་པ་གང་ཟག་གི་བདག་འཛིན་དང་། ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ནི་ཆོས་ཀྱི་བདག་འཛིན་ཡིན་ལ། དེ་ལྟར་འཛིན་པའི་ལྷན་སྐྱེས་གཉིས་ཀའང་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་ཉིན་སྒྲིབ་ཏུ་བཞེད་དོ། །དེ་འདྲའི་ལྷན་སྐྱེས་ཀྱིས་འཛིན་པ་དེ་ངེས་པར་བྱེད་པ་ལ་ཐ་སྙད་ཀྱི་དབང་གིས་བཞག་ལུགས་སམ། རྟོག་བཏགས་འཇོག་ལུགས་ལེགས་པར་ངེས་པ་ལ་རག་ལས་པར་གསུངས་ཏེ་གནད་ཤིན་ཏུ་ཆེའོ། །
          ལུགས་འདིའི་གང་ཟག་འཇོག་ཚུལ་ནི། ཕུང་པོ་ཚོགས་པ་གང་ཟག་གི་གདགས་གཞི་དང་། གང་ཟག་དེའི་བཏགས་ཆོས་དང་། ཐ་སྙད་དུ་ངའོ་སྙམ་པའི་བློ་གང་ཟག་འཇོག་བྱེད་ཀྱི་བློ་ཡིན་པར་ངེས་པའི་སྒོ་ནས་ཤེས་དགོས་ཤིང་། ཕུང་པོ་ཚོགས་པ་ལ་བརྟེན་ནང་ངའོ་སྙམ་པའི་བློ་དེའི་ཡུལ་གྱི་ང་ཙམ་དེ་ལ་བདག་གམ་གང་ཟག་ཅེས་བྱ་ལ། དེ་ནི་ཐ་སྙད་དུ་ཡོད་ཅིང་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཅེས་བྱའོ། །
          དེའི་ལུགས་ཀྱི་དེ་ཁོ་ན་ཉིད་ལ་དཔྱོད་མཚམས་དངོས་ནི། རང་རྒྱུད་ཀྱི་ངའམ་བདག་འདི་ཐ་སྙད་བཏགས་པའི་དབང་གིས་བཞག་པ་ཙམ་གྱིས་མ་ཚིམ་པར་གང་དུ་གྲུབ་ཅེས་འཚོལ་བ་འདི་ནས་ཡིན་ལ། དེའི་ཚུལ་ཡང་ང་འདིར་སྡོད་དོ། །ངས་མཐོང་ངོ་། །ངས་ཚོར་རོ། །ངས་དྲན་ནོ། །ཞེས་སོགས་ཀྱི་ཐ་སྙད་འདི་ཙམ་གྱིས་ཚིམ་དགོས་པ་ཡིན་གྱི། དེ་ཙམ་གྱིས་མ་ཚིམ་པར་དཔྱད་ན་རང་གི་མིག་རྣ་སོགས་རེ་རེ་བ་དང་ཚོགས་པ་ཡང་ང་མ་ཡིན་ལ། དེ་ལས་དོན་གཞན་དུ་ཡང་ང་མེད་པས་དེ་ནི་རང་བཞིན་གྱིས་མེད་པའི་མེད་ཚུལ་ལོ་ཞེས་བཞེད། རང་རྒྱུད་པ་མན་ཆད་ཀྱིས་དེ་འདྲའི་རང་བཞིན་མེད་པའི་དོན་གཏན་མེད་དུ་བཟུང་ནས། དེ་ལྟར་འཛིན་ན་ཆད་ལྟར་འཕུལ་བར་བྱེད་དོ། །ཐལ་འགྱུར་བས་རང་བཞིན་གྱིས་མེད་པས་མེད་གོ་མི་ཆོད་ཅིང་། ཐ་སྙད་དུ་ཡོད་པས་གོ་ཆོད་པས། ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་རྣམ་གཞག་ཐམས་ཅད་འཐད་པའི་རྟེན་འབྱུང་གིས་མཐའ་གཉིས་ཀ་སེལ་བར་བྱེད་དེ།  ལུགས་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པའོ། །དེས་ན་ཐལ་རང་གཉིས་ལ་དགག་བྱའི་ངོས་འཛིན་མི་འདྲ་བའི་ཁྱད་པར་གཉིས་དང་། དེའི་དབང་གིས་དེ་ཁོ་ན་ཉིད་ལ་དཔྱོད་མཚམས་ཀྱང་མི་འདྲ་བ་གཉིས་ཡོད་ལ། འདིའི་མཚམས་ལེགས་པར་མ་ངེས་ན་ཐལ་རང་གཉིས་ཀྱི་ཁྱད་པར་ཕྲ་མོ་འབྱེད་དཀའོ། །
          ཐལ་འགྱུར་བའི་ལུགས་ཀྱི་ཤེས་སྒྲིབ་འདོད་ཚུལ་ནི། །རྐྱེན་དང་ཕྲད་ཀྱང་ཉོན་མོངས་དངོས་སུ་སྐྱེད་པར་མི་ནུས་པའི་ཉོན་མོངས་པའི་བག་ཆགས་དང་། དེའི་འབྲས་བུ་གཉིས་སྣང་འཁྲུལ་བའི་བདེན་སྣང་ཙམ་ཞིག་ལ་བྱ་ཞིང་། འདི་ལ་ཕྲ་རགས་གསུམ་མམ་བཞིར་བྱས་པ་དག་པས་གསུམ་གྱིས་སྤོང་བའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བཞེད་པ་ཡིན་ནོ། །
          ལུགས་འདིར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་གང་ཟག་གི་བདག་འཛིན་རགས་པར་འདོད་པ་ཙམ་རང་རྒྱུད་པ་སོགས་དང་འདྲ་མོད། འོན་ཀྱང་རང་རྒྱུད་པ་སོགས་ཀྱིས་བདག་འཛིན་ཕྲ་མོར་འདོད་པའི་རྫས་ཡོད་དུ་འཛིན་པ་ལྷན་སྐྱེས་དེ་ཡང་འདི་བས་ཀུན་བཏགས་སུ་བཞེད་དེ། ལེགས་བཤད་སྙིང་པོར། རྫས་ཡོད་ཀྱི་བདག་དེ་ནི་ཕྱི་རོལ་པས་ཕུང་པོ་ལས་དོན་གཞན་དུ་བཏགས་པའི་ནང་གི་བྱེད་པའི་སྐྱེས་བུ་ཡོད་པར་གཟུང་བའི་ཡུལ་ཡིན་ལ་ཞེས་སོ། །དེ་ན་འདི་བའི་ལུགས་ཀྱི་རྫས་ཡོད་དུ་འཛིན་པ་ལྷན་སྐྱེས་ནི།  ཕུང་པོ་དང་མཚན་ཉིད་མི་མཐུན་པར་འཛིན་པ་མ་ཡིན་གྱི། ཚོང་དཔོན་ཚོང་བ་ལས་ཟུར་དུ་མི་བཀར་བ་ལྟར་ཕུང་པོ་ལས་ཟུར་དུ་མི་བཀར་བར་ཕུང་པོའི་རང་བཞིན་གྱིས་ཕུང་པོ་ལ་དབང་བསྒྱུར་ཅིང་ཕུང་པོ་ཚུར་བདག་ལ་ལྟོས་ཀྱང་བདག་ཕར་ལ་མི་ལྟོས་པ་ཚོང་དཔོན་ལྟར་གྲུབ་པར་འཛིན་པ་ཞིག་ལ་འཇོག་པར་གསུངས་སོ། །
2 བདག་མེད་ཕྲ་རགས་ཀྱི་འཇོག་ཚུལ།
          བྱེ་བྲག་སྨྲ་བས་གཞི་གྲུབ་ན་ཆོས་བདག་ཡིན་པས་ཁྱབ་པར་འདོད་པས། ཆོས་ཀྱི་བདག་མེད་ཕྲ་རགས་ཀྱི་རྣམ་བཞག་ཁས་མི་ལེན་ལ། གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འཇོག་ཅིང་། བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད་དོ། །
          སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་མང་བཀུར་སྡེ་ལྔས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་པས། དེས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་མི་འདོད་དོ། །ཐལ་གྱུར་བ་མ་གཏོགས་རང་རྒྱུད་པ། སེམས་ཙམ་པ། མདོ་སྡེ་པ། བྱེ་བྲག་པ་བཞི་ཀས་གང་ཟག་གི་བདག་མེད་ཕྲ་རགས་འཇོག་ཚུལ་འདྲ་ཞིང་། ཐལ་འགྱུར་བ་དང་། སེམས་ཙམ་པ། མདོ་སྡེ་པ་གསུམ་ཀའི་ལུགས་ལ་གང་ཟག་གི་བདག་མེད་ཕྲ་མོ་སྟོང་པ་ཉིད་དུ་འདོད་དོ།  །  བྱེ་སྨྲའི་ལུགས་ལ། མཚན་ཉིད་གསུམ་གྱི་རྣམ་གཞག་མི་འཇོག་ཅིང་།  སྟོང་ཉིད་མེད་པར་འདོད་དོ། །ཞེས་གྲགས་ཀྱང་། མཛོད་གནས་བརྒྱད་པ་ལས། མཚན་མེད་ཞི་བའི་རྣམ་པ་དང་། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །ཞེས་སོགས་ལ་དཔགས་ན་སྟོང་ཉིད་བདག་མེད་གཉིས་ལ་སྟོང་ཉིད་ཀྱི་ཐ་སྙད་ཡོད་པ་འདྲའོ། །མདོ་སྡེ་བས་གང་ཟག་གི་བདག་མེད་ཕྲ་རགས་འདོད་ཚུལ་དང་། ཆོས་ཀྱི་བདག་མེད་ཁས་མི་ལེན་པ་སྔ་མ་དང་འདྲ་ལ། མཚན་ཉིད་གསུམ་ལས། གཞན་དབང་བདེན་གྲུབ་དང་། ཀུན་བཏགས་དང་། ཡོངས་གྲུབ་གཉིས་བདེན་མེད་དུ་འདོད། ཡོངས་གྲུབ་བདེན་མེད་ཡིན་ན། གང་ཟག་གི་བདག་མེད་ཕྲ་མོ་ཡོངས་གྲུབ་དང་སྟོང་ཉིད་གཉིས་ཀ་ཡིན་པས། བར་ཆད་མེད་ལམ་གྱི་སྣང་ཡུལ་དུ་མི་རུང་། དེས་ན་བར་ཆད་མེད་ལམ་གྱི་དངོས་གཞལ་འཇོག་མི་ཐུབ་པར་འགྱུར་རོ་སྙམ་ན། འདིའི་ལུགས་ལ་གང་ཟག་གི་བདག་མེད་ཕྲ་མོ་དེ་ཐེག་པ་གསུམ་ཀའི་བར་ཆད་མེད་ལམ་གྱི་ཤུགས་གཞལ་དང་། གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་དེ་དེའི་དངོས་གཞལ་དང་སྣང་ཡུལ་དུ་འདོད་པས་སྐྱོན་མེད་དོ། །
          བྱེ་སྨྲ་ལྟར་ན་དམིགས་པ་མི་རྟག་སོགས་བཅུ་དྲུག་ཅི་རིགས་སེམས་རྟེན་བསམ་གཏན་བཞི་བའི་རབ་མཐའ་དང་འབྲེལ་བར་ཉམས་སུ་བླངས་པས་རང་རྒྱལ་དང་བྱང་སེམས་ཀྱི་ལམ་ཕྱི་མ་བཞི་བགྲོད་ལ། དམིགས་པ་མི་རྟག་སོགས་ཅི་རིགས་ཟག་མེད་ས་དགུ་ཅི་རིགས་ལ་བརྟེན་ནས་ཉམས་སུ་བླངས་པས་ཉན་ཐོས་ཀྱི་དགྲ་བཅོམ་འཐོབ་དགོས་སོ། །
          མདོ་སྡེ་བའི་ལུགས་ལ་ཐེག་པ་གསུམ་གའི་ལམ་ཕྱི་མ་བཞི་ཀ་བདག་གིས་དབེན་པའི་འདུ་བྱེད་ཁོ་ན་དམིགས་རྣམ་བྱས་པའི་སྟེང་ནས་གསར་དུ་སྐྱེ་དགོས་སམ་སྙམ་སྟེ་དཔྱད་པར་བྱའོ། །སེམས་ཙམ་པ། རང་རྒྱུད་པ། ཐལ་འགྱུར་བ་གསུམ་གྱིས་བར་ཆད་མེད་ལམ་གྱི་ཤུགས་གཞལ་མེད་པར་འདོད་ཅིང་། སེམས་ཙམ་པ་དང་། ཐལ་འགྱུར་བས་དེའི་དངོས་ཀྱི་གཞལ་བྱ་ལ་སྟོང་ཉིད་ཕྲ་མོས་ཁྱབ་པར་བཞེད་ལ། རང་རྒྱུད་པས་ཆོས་ཀྱི་བདག་མེད་ཕྲ་རགས་དང་། གང་ཟག་གི་བདག་མེད་ཕྲ་མོ་རྣམས་འཇོག་གོ །
          སེམས་ཙམ་པའི་ལུགས་ལ་གང་ཟག་གི་བདག་མེད་ཕྲ་རགས་འཇོག་ཚུལ་སྔ་མ་གཉིས་དང་མཐུན་ལ། ཅུང་ཟད་མི་འདྲ་བ་ནི། གང་ཟག་གི་བདག་མེད་ཕྲ་མོ་སྟོང་ཉིད་དུ་འདོད་ཅིང་། ཆོས་ཀྱི་བདག་མེད་ལ། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དང་། གཟུང་འཛིན་གཉིས་སྟོང་དང་ཕྱི་རོལ་དོན་སྟོང་རྣམས་ཆོས་ཀྱི་བདག་མེད་ཕྲ་མོ་དང་། རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་རོལ་དོན་གྱི་སྟོང་པ་དེ་ཆོས་ཀྱི་བདག་མེད་རགས་པར་འཇོག་ཅིང་། བདག་མེད་ཕྲ་མོ་གཉིས་ཀ་སྟོང་ཉིད་དུ་འདོད་དོ། །
          རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་ཀྱང་གང་ཟག་གི་བདག་མེད་ཕྲ་རགས་འདོད་ཚུལ་བྱེ་སྨྲ་དང་འདྲ་ལ། ཆོས་ཀྱི་བདག་མེད་ལ། གཟུང་འཛིན་གཉིས་སྟོང་དང་། ཕྱི་རོལ་དོན་སྟོང་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྣམས་ནི་ཆོས་ཀྱི་བདག་མེད་རགས་པ་དང་། བདེན་གྲུབ་ཀྱིས་སྟོང་པ་བདེན་མེད། དོན་དམ་བདེན་པ་རྣམས་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་དོ། །ཆོས་ཐམས་ཅད་ཐ་སྙད་དུ་རང་གི་མཚན་ཉིད་དུ་གྲུབ་པར་འདོད་པས། རྟོག་པས་བཏགས་ཙམ་དང་། མིང་བརྡས་བཞག་ཙམ་ཁས་མི་ལེན་པར། ཆོས་ཐམས་ཅད་བློའམ་རྟོག་པ་ལ་སྣང་བའི་དབང་གིས་བཞག་ཙམ་དུ་འདོད་དོ། །
          མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས། གང་ཟག་གི་བདག་མེད་ཕྲ་རགས་གཉིས་དང་། ཆོས་ཀྱི་བདག་མེད་ཕྲ་མོ་འཇོག་ཚུལ་འདྲ་ལ། རགས་པ་འཇོག་ཚུལ་མི་འདྲ་སྟེ། རྡུལ་ཕྲ་རབ་ཆ་མེད་བསགས་པའི་ཕྱི་རོལ་མེད་པ་ཆོས་ཀྱི་བདག་མེད་རགས་པར་འདོད་པ་སེམས་ཙམ་པ་དང་མཐུན་ནོ། །གཞི་གྲུབ་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། ཕྱི་རོལ་དོན་དུ་གྲུབ་པ་གཉིས་ཀ་ཡིན་པས་ཁྱབ་པར་འདོད་དོ། །
          ཐལ་འགྱུར་བའི་ལུགས་ལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་དང་། དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། གདགས་གཞིའི་ཕུང་པོ་བདེན་པས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད། བདག་མེད་ཕྲ་མོ་གཉིས་དགག་བྱའི་སྒོ་ནས་མ་ཡིན་པར་སྟོང་གཞིའི་སྒོ་ནས་འབྱེད་དེ། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། གཞི་ཕུང་སོགས་ཀྱི་སྟེང་དུ་དེ་བཀག་པ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་པས་སོ། །གང་ཟག་དང་ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་མེད་ཅིང་གནས་ལུགས་མཐར་ཐུག་ཏུ་བཞེད་དོ། །
          གྲུབ་མཐའ་སྨྲ་བ་བཞིས་རང་རང་གི་ལུགས་ཀྱི་རྟག་ཆད་ཀྱི་མཐའ་སྤོང་ཚུལ་ནི། བྱེ་བྲག་སྨྲ་བ་རྣམས་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགག་པས་རྟག་པའི་མཐའ་སྤོང་ལ། རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བས་ཆད་པའི་མཐའ་སྤོང་ཞེས་སྨྲ། མདོ་སྡེ་བ་དག་འདུས་བྱས་རྣམས་རྒྱུན་མ་ཆད་པར་འཇུག་པས་ཆད་མཐའ་སྤོང་ཞིང་། སྐད་ཅིག་གིས་འཇིག་པས་རྟག་མཐའ་ལས་གྲོལ་ཞེས་འདོད། སེམས་ཙམ་པ་རྣམས་ཀུན་བཏགས་བདེན་པར་མ་གྲུབ་པས་རྟག་མཐའ་སྤོང་ལ། གཞན་དབང་བདེན་པར་གྲུབ་པས་ཆད་མཐའ་སྤོང་ཞེས་ཟེར། དབུ་མ་བ་རྣམས་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པས་ཆད་མཐའ་དང་དོན་དམ་དུ་མེད་པས་རྟག་མཐའ་ལས་གྲོལ་ཞེས་བཞེད་པར་གསུངས་ཏེ། དེ་ལྟ་ན་བྱེ་མདོ་གཉིས་ཀྱིས་མི་རྟག་པ་རྟོགས་པའི་ཡེ་ཤེས་དབུ་མའི་ལམ་མཐར་ཐུག་ཏུ་བཞེད་དགོས་པ་འདྲའོ། །
          འོན་ཀྱང་རང་རང་གི་ལུགས་ཀྱི་བདག་མེད་ཕྲ་རགས་རེ་རེའི་སྟེང་ནས་ཀྱང་མཐའ་གཉིས་སྤོང་བ་ངེས་པར་དགོས་པས་འདི་སྤྱིའམ་མཚན་གཞི་ཙམ་ཞིག་ལ་དགོངས་པར་མངོན་ནོ། །ཐལ་འགྱུར་བས་གཞལ་ན་རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་མཐའ་དག་རྟག་ཆད་ཀྱི་མཐའ་གཉིས་ཀར་ལྷུང་ཡང་། རང་རང་གི་ལུགས་ལ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པར་བརླམས་ནས་དབུ་མ་བར་ཁས་འཆེ་བར་བྱེད་དོ། །
          དེས་ན་གྲུབ་མཐའ་དེ་དག་ལ་མཆོག་དམན་གྱི་ཁྱད་པར་ཡོད་མོད། འོན་ཀྱང་ཐེག་པ་ཆེན་པོའི་གྲུབ་མཐའ་མཆོག་ཡིན་ཅེས་ཐེག་པ་དམན་པའི་གྲུབ་མཐའ་ལ་བརྙས་པ་མི་རུང་སྟེ་དེ་དག་ཀྱང་སངས་རྒྱས་ཀྱི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་དང་། དེར་མ་ཟད་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས། གྲུབ་མཐའ་འོག་མ་འོག་མའི་ལྟ་བ་གོང་མ་གོང་མའི་ལམ་སྟེགས་སུ་གསུངས་པ་བཞིན། སོ་སོའི་ཐུན་མོང་མ་ཡིན་པའི་ཁས་ལེན་རེ་གཉིས་མ་གཏོགས་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་དང་། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་དང་། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་དང་། ཆོས་ཐམས་ཅད་རང་མཚན་གྱིས་ཡོད་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་དང་། ཆོས་ཐམས་ཅད་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་རྒྱུ་འབྲས་འཆིང་གྲོལ་གྱི་བྱ་བྱེད་ཐམས་ཅད་བཞག་ཆོག་པའི་བདག་མེད་ཀྱི་རིམ་པ་རྣམས་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་རྟོགས་སླ་བ་དང་། སྔ་མ་རྣམས་ཕྱི་མ་ལ་འཇུག་པའི་ཐབས་སུ་འགྱུར་བ་མདོ་དང་ཤིང་རྟ་ཆེན་པོ་རྣམས་དང་། རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་རྣམས་སུ་གསུངས་པ་ལྟར་ཡིན་ཅིང་། གང་ཟག་འགའ་ཞིག་ལ་གྲུབ་མཐའ་འོག་མའི་ལྟ་བ་བསྟན་ནས་རིམ་གྱིས་གོང་མར་ཁྲིད་ན་དོན་དུ་འགྱུར་ལ། ཐོག་མ་ཉིད་ནས་ལྟ་བ་མཐོན་པོ་བསྟན་ན་ཕན་པ་ལས་གནོད་པ་ཆེ་བར་འགྱུར་བའང་ཡོད་པས་སོ། ། ཕྱི་ནང་གི་གྲུབ་མཐའ་སོ་སོའི་འདོད་ཚུལ་རྣམས་ནི་ཞིབ་པར་གྲུབ་མཐའི་བསྟན་བཅོས་རྣམས་སུ་རྒྱས་པར་འབྱུང་བས་འདིར་མ་སྤྲོས་སོ། །
སྨྲས་པ།
          གང་ཞིག་རྟོགས་ན་རང་དང་གཞན་གྱི་བསྟན་པའི་ཁྱད་པར་ཤེས། །མཁས་པའི་མདུན་སར་ངོ་མཚར་གཏམ་གྱི་རོལ་མོ་བསྒྲོག་ལ་དབང་། །ཡིད་འོང་གྲགས་པའི་བ་དན་གཟུར་གནས་སྐྱེ་བོས་སྒྲེང་བྱེད་པ། ཨེ་མ་གྲུབ་མཐའི་དེ་ཉིད་འབྱེད་ལ་སུ་ཞིག་བརྩོན་མི་བྱེད། །དེ་ལྟ་ན་ཡང་སྔོན་རབས་ཀྱི། །མཁས་པ་དུ་མས་གཏམ་འདི་ཉིད། །རྒྱ་ཆེར་གསལ་བར་མཛད་ཟིན་ཕྱིར། །གྲུབ་ཟིན་བསྒྲུབས་ལ་དགོས་པ་ཅི། །གལ་ཏེ་ལེགས་བཤད་གསར་བའི་རིན་ཆེན་ཚོགས། །ཕྱུར་བུར་སྤུངས་ཀྱང་ཚོང་དཔོན་ཕྱུག་པོ་ཡི། །དབྱིག་གི་སྙིང་པོ་དབུལ་བོའི་གྲོང་ཁྱེར་གྱི། །སྲང་བར་བཀྲམ་བཞིན་སུ་ལ་དོན་དུ་འགྱུར། །རྒྱ་བོད་མཁས་པའི་ལེགས་བཤད་གླེགས་བམ་ཀུན། །དངོས་པོའི་འདུ་ཤེས་ཙམ་གྱིས་ཁང་ཕུག་གི ། དཔེ་ཁྲིའི་རྒྱན་དུ་ངལ་བསོའི་དུས་འདི་འདྲར། །བདག་ལྟ་སྙིང་ལས་ཆུང་ངུར་གཞོལ་ལ་སྤྲོ། །དེ་ཕྱིར་འདི་ནི་བརྗོད་བྱའི་ལུས། །ཁོ་ལག་རྫོགས་པ་མཚོན་པའི་ཆེད། །འཕགས་ཡུལ་གྲུབ་མཐའི་ཡན་ལག་མཆོག །ཉུང་ཙམ་སྟོན་པས་ཆོག་ཤེས་བགྱིས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། འཕགས་ཡུལ་དུ་ཕྱི་རོལ་པ་དང་རང་སྡེའི་གྲུབ་མཐའ་བྱུང་ཚུལ་བཤད་ཟིན་ཏོ།། །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1