༄༅།། རེབ་གོང་དགེ་ལུགས་པའི་འཆམ་དང་འབྲེལ་ཡོད་དམངས་སྲོལ་ཤོད་རྒྱུན།
ཀླུ་བྱམས་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།དགེ་འདུན་ཆོས་འཕེལ་དྲ་བ། སྤེལ་དུས། 03-12
རེབ་གོང་ས་ཆའི་དགོན་པ་མང་ཆེ་བ་ཞིག་ནི་དགེ་ལུགས་པའི་དགོན་པ་ཡིན། དགོན་པ་འདི་དག་ཚང་མར་ཕལ་ཆེར་འཆམ་སྟེག་པའི་ལུགས་སྲོལ་ཆགས་ཡོད་ཅིང་། རོང་བོ་དགོན་པ་ནི་རེབ་གོང་དགེ་ལུགས་པའི་མ་དགོན་ལྟ་བུ་ཞིག་ཡིན་ལ། མ་དགོན་འདི་ལ་བུ་དགོན་སུམ་ཅུ་སོ་ལྔ་ཡོད་པའི་བཤད་རྒྱུན་ཡོད་ཅིང་། དེ་ན་རོང་བོ་དགོན་པའི་འཆམ་ནི་རེབ་གོང་དགེ་ལུགས་པའི་འཆམ་གྱི་འཆམ་གཙོ་བོ་ཞིག་ཡིན། རོང་བོ་དགོན་པའི་འཆམ་འདི་ལོ་གཅིག་གི་དུས་ཡུན་ནང་དུ་ཐེངས་གཉིས་ལ་སྟེག་དགོས་ཤིང། འཁྲབ་སྟོན་ཐེངས་དང་པོ་བྱེད་པའི་དུས་ཚོད་ནི། ཧོར་ཟླ1ཚེས16ཉིན་ཏེ། རེབ་གོང་རྒྱ་ལོའི་སྨོན་ལམ་དུས་ཆེན་གྱི་སྐབས་ཡིན།
རོང་བོ་དགོན་པའི་འཆམ་འདི་འཁྲབ་སྟོན་བྱེད་པ་ལ་དགོན་པ་འདིའི་རྒྱུད་པ་གྲྭ་ཚང་ནས་འཁྲབ་སྟོན་བྱ་བ་ཡོངས་རྫོགས་འགན་འཁུར་དགོས། འཆམ་ལ་རྩེད་ཚན་རིམ་པ་སྣ་ཁ་དྲུག་ཡོད་པ་ལས། འཆམ་གྱི་རྩེད་རིམ་དང་པོ་ནི། མགོན་ཁང་འཆམ་དང་། རྩེད་རིམ་གཉིས་པ་ནི། ཆོས་རྒྱལ་ས་ལངས་ཞེས་པའི་འཆམ། རྩེད་རིམ་གསུམ་པ་ནི། གསེར་སྐྱེམས་འབུལ་བའི་འཆམ། རྩེད་རིམ་བཞི་བ་ནི། གནོད་སྦྱིན་བཞི་ཡི་འཆམ། རྩེད་ཚན་ལྔ་བ་ནི། ཉ་བོའུ་བསྒྲལ་བའི་འཆམ། རྩེད་ཚན་དྲུག་པ་ནི། གཏོར་རྒྱག་བྱས་པ་ནས་འཆམ་གྱི་རྩེད་མོ་མཇུག་སྒྲིལ་བ་ཡིན།
རོང་བོ་དགོན་པའི་འཆམ་ལ་ཆོས་རྒྱལ་སོགས་འཆམ་པ18ཡོད། འཆམ་པ་འདི་དག་གིས་འཆམ་པར་བྱ་བ་ནི། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་སྐྱོང་དང་སྲུང་མ་ཡང་ན་དེ་དག་གི་འཁོར་རྣམས་ཡིན། ཆོས་སྐྱོང་དང་སྲུང་མ་འདི་དག་ལ་རང་རང་གི་རྣམ་ཐར་རམ་ཡང་ན་གཏམ་རྒྱུད་རེ་རེབ་གོང་དམངས་ཁྲོད་ན་ངག་རྒྱུན་དུ་དར་ཁྱབ་ཆེ། དཔེར་ན། ཁྱུ་ཏ་བ་ལའི་གཏམ་རྒྱུད་ཅིག་ཡོད་པ་དམངས་ཁྲོད་ངག་རྒྱུན་ལྟར་ན། རྗེ་ཙོང་ཁ་བ་དགུང་ལོ་བགྲེས་པའི་སྐབས་སུ། ལྷ་སའི་དགའ་ལྡན་དགོན་པ་ན་སྒྲུབ་པ་ཉམས་ལེན་བྱེད་བཞིན་ཡོད། སྐབས་དེར། ས་དེ་ན་དགེ་སློང་ཞིག་ཡོད་པ་ཆོས་ལ་ཧ་ཅང་མཁས། ཉིན་ཞིག དགེ་སློང་དེས་འཇིགས་བྱེད་སྒོམ་བཞིན་ཡོད་པའི་སྐབས་སུ། དུག་སྦྲུལ་ཆེན་པོ་ཞིག་གིས་ཁ་གདངས་ནས་དགེ་སློང་དེ་ཁྱུར་མིད་གཏོང་རྩིས་བྱས་པ་ལ། དགེ་སློང་དེ་གློ་བུར་དུ་འཇིགས་བྱེད་དུ་སྤྲུལ་ནས་དུག་སྦྲུལ་གྱི་ཁ་གཏད་དུ་ལངས་ནས་འཐབ་པར་བརྩམས། ཁོ་གཉིས་དམར་འཛིང་བྱེདབཞིན་པའི་སྐབས་སུ། ཁོའི་དགེ་ཕྲུག་གིས། རྒན་ལགས། ད་ཤེད་ཤུགས་ཅུང་ཙམ་བསྐྱེད་ན་དུག་སྦྲུལ་ལས་བརྒྱལ་ཐུབ་བོ་ཞེས་འུར་བརྒྱབ། དགེ་སློང་གིས་དགེ་ཕྲུག་གིས་འུར་རྒྱག་པ་ཐོས་པས་མིག་གིས་དེའི་ཕྱོགས་ལ་ཐེངས་ཤིག་བལྟ་བའི་སྐབས་སུ། དུག་སྦྲུལ་གྱིས་སྐབས་དེ་དང་བསྟུན་ནས་ཁོ་རང་ཁྱུར་མིད་དུ་བཏང་། དེ་ནས་དགེ་སློང་གིས་བསམ་པར། བདག་གིས་མི་ཚེ་གང་བོར་ཆོས་བསྒྲུབས་བསྒྲུབས་ནས། བདག་ལ་ཉེན་ཁ་ཡོད་པའི་སྐབས་སུ། ཆོས་ཀྱིས་བདག་སྐྱོབ་མ་ཐུབ། དེའི་ཕྱིར། ཆོས་ནི་འཕྲུལ་སྣང་ཞིག་ལས་དངོས་ཡོད་ཅིག་མ་ཡིན་སྙམ་ཞིང་། དད་ལོག་སྐྱེས་ནས་འདྲེ་ཞིག་ཏུ་གྱུར། འདྲེ་དེ་སུ་ཞིག་ཀྱང་འདུལ་མ་ཐུབ་པར་ཡུལ་ཕྱོགས་ཀུན་ལ་གནོད་པ་སྐྱེལ་བ་དང་། རྗེ་རིན་པོ་ཆེ་ལའང་གནོད་པ་བསྐྱལ་ནས་སྐུ་ཁམས་མི་བདེ་བར་གྱུར། མིང་ལ་ཡང་འདྲེ་འབར་བ་དགུ་བརྩེགས་ཞེས་ཐོགས། འདྲེ་འབར་བ་དགུ་བརྩེགས་དེ་མཚམས་ལན་རེར་བྱ་ཆེན་པོ་ཞིག་ཏུ་སྤྲུལ་ནས་བར་སྣང་ལ་འཕུར་ཏེ་ལྷ་སའི་ཉི་མའང་སྒྲིབ་པར་བྱེད་ཅིང་། ལྷ་སའི་མི་རྣམས་ལ་སྐྲག་སྣང་ཆེན་པོ་བཟོས། ཉིན་ཞིག ལྷ་སའི་ཉི་མ་ཡང་བསྐྱར་བསྒྲིབས་སོང་བས། རྗེ་རིན་པོ་ཆེ་ཡིས་མགོན་པོ་མངགས་ནས་ཅི་ཞིག་ཡིན་པ་བལྟ་རུ་བཅུག མགོན་པོ་ཕྱི་ལ་སོང་ནས་བལྟས་པ་ན། འདྲེ་འབར་བ་དགུ་བརྩེགས་ཀྱིས་ཉི་མ་བསྒྲིབས་འདུག་པ་མཐོང་ནས་དེ་ལྟར་ཡར་ཞུ་བྱས། རྗེ་རིན་པོ་ཆེ་ཡིས་མགོན་པོ་འདྲེ་དེ་འདུལ་བར་མངགས་པ་ལ་མགོན་པོ་འགྲོ་ཁ་མ་ཉན། རྗེ་རིན་པོ་ཆེ་ཡིས་དངན་པ་ཞིག་འཐེན་བཞིན་ཁྱུ་ཏ་བ་ལ་འདི་ན་ཡོད་རྒྱུ་ན། འདྲེ་དེ་འདུལ་བར་འགྲོ་ཕོད་པ་ཡིན་ཞེས་གསུངས། སྐབས་དེར། རྗེ་རིན་པོ་ཆེའི་བཞུགས་ཁྲིའི་འོག་ནས་མི་ཞིག་ཏག་སེ་ཡར་ལངས་ནས། རིན་པོ་ཆེ་ལགས། ང་འདི་ན་ཡོད། འདྲེ་འབར་བ་དགུ་བརྩེགས་འདུལ་གིན་ང་འགྲོ་ཞེས་ཟེར་བཞིན་ཡར་ཡོང་བ་ན། ངོ་མ་དཔའ་རྒོད་ཁྱུ་ཏ་བ་ལ་ཡིན་འདུག
དཔའ་རྒོད་ཁྱུ་ཏ་བ་ལ་ནི་སྔོན་ལ་རྗེ་རིན་པོ་ཆེ་ཡི་འཁོར་གཡོག་ཅིག་ཡིན། ཡིན་ནའང་། དོན་དག་ཅིག་ལ་རྐྱེན་བྱས་ནས། རིན་པོ་ཆེ་ཡི་ཁོ་རང་ཕྱི་ལ་དེད་པ་ཞིག་ཡིན། མ་གཞིའི་དོན་དག་ནི་འདི་ལྟ་བུ་ཞིག་ཡིན། སྔོན་ལ་རྗེ་རིན་པོ་ཆེའི་ཉེ་འཁོར་ན། བན་དེ་ཆུང་ཆུང་ཞིག་བསྡད་ཡོད། ཁོས་ཆོས་ཀློག་པའི་སྐད་གདངས་ནི་ཧ་ཅང་སྙན་མོ་ཞིག་ཡིན། རིན་པོ་ཆེ་ཚང་བན་དེ་དེའི་ཆོས་སྐད་ལ་ཉན་རྒྱུར་ཧ་ཅང་དགའ། དུས་རྒྱུན་དུ། བན་དེ་དེས་དགོང་མོའི་ནམ་གུང་བར་དུ་སྐད་གདངས་ཆེན་པོས་ཆོས་ཀློག་བྱེད། ཁྱུ་ཏ་བ་ལས་བསམ་པར། བན་དེ་འདིས་འདི་ལྟར་དགུང་མོའང་སྐད་ཆེན་པོས་འུར་བརྒྱབ་ན། རིན་པོ་ཆེ་ཚང་གིས་ངལ་གསོ་རྒྱག་མི་ཐུབ་སྙམ་ནས། རང་དྲན་སྒོས་བན་དེ་གནས་དེ་རུ་འདུག་ཏུ་མ་བཅུག་པར་ གནས་གཞན་ཞིག་ཏུ་དེད། རིན་པོ་ཆེ་ཚང་གི་སྙན་ལམ་དུ་བན་དེ་དེའི་ཆོས་སྐད་སྙན་མོ་དེ་ཐོས་རྒྱུ་མེད་པར་གྱུར་བས། གནས་ཚུལ་དྲིས་པ་ལ་བན་དེ་ཕྱི་རུ་དེད་པ་མཁྱེན་ནས། ཐུགས་རྒྱལ་བཞེངས་ནས། ཁྱུ་ཏ་བ་ལ་ཡང་འཁོར་གཡོག་གྲས་ནས་ཕྱི་ལ་ཕུད། ཁྱུ་ཏ་བ་ལ་ནི་རིན་པོ་ཆེ་ཚང་ལ་དད་པ་ཧ་ཅང་ཆེ་བས། ཐག་རིང་ལ་འགྲོ་མ་ཕོད་པར་རིན་པོ་ཆེ་ཚང་གི་བཞུགས་ཁྲིའི་འོག་ཏུ་སྦས་སྐུང་བྱས་ནས་བསྡད་ཡོད། སྐབས་དེར། རིན་པོ་ཆེ་ཚང་གིས་ཁོའི་མིང་ནས་འབོད་པ་ཐོས་ནས་བཞུགས་ཁྲིའི་འོག་ནས་ཕྱི་རུ་འོངས།
ཁྱུ་ཏ་བ་ལ་རིན་པོ་ཆེའི་བཀའ་བཞིན་དུ་འདྲེ་འབར་བ་དགུ་བརྩེགས་འདུལ་བར་ཆས། ཁོས་འཁོར་རྣམས་འཁྲིད་དེ། རི་བོ་མཐོ་ས་ཞིག་ནས་མར་བལྟས་ཚེ། འདྲེ་འབར་བ་དགུ་བརྩེགས་ཀྱི་རྒྱབ་ན་ཤ་ཡང་མེད་ཅིང་། རྩིབས་རིས་ཀྱི་གསེང་ན་ཁོག་གི་རྒྱུ་མ་རྣམས་ཀྱང་མཐོང་བར་བྱེད། བྱ་དེ་ཧ་ཅང་ཆེ་བས་ལྷ་སའི་ཉི་མའང་བསྒྲིབས་པར་འདུག དེ་ནས་ཁྱུ་ཏ་བ་ལས་དགྲ་རྟ་ལག་ཏུ་འཕར་ནས་འདྲེ་འབར་བ་དགུ་བརྩེགས་དང་འཐབ། འདྲེ་དེ་ཤེད་ཧ་ཅང་ཆེ་བས། ཁྱུ་ཏ་བ་ལ་འདྲེ་དེ་ལས་རྒྱལ་མ་ཐུབ་ལ། འདྲེ་དེའང་ཁྱུ་ཏ་བ་ལ་ལས་རྒྱལ་མ་ཐུབ། ཁོ་གཉིས་ཀྱིས་རྒྱལ་ཕམ་དབྱེ་བ་མ་ཆོད། ཁྱུ་ཏ་བ་ལས་དེ་ལས་ཀྱང་དཔའ་ངར་བསྐྱེད་དེ། དགྲ་རྟ་དགུང་ལ་འཕར་ནས། འདྲེ་འབར་བ་དགུ་བརྩེགས་འདི་འདྲེ་ངོ་མ་ཞིག་ཡིན་ན། དགྲ་རྟས་ཁོའི་མགོ་བོ་ཆོད་ཅིག འདྲེ་འབར་བ་དགུ་བརྩེགས་འདི་འདྲེ་ཞིག་མ་ཡིན་པར་ལྷ་ཞིག་ཡིན་ན། དགྲ་རྟས་བདག་གི་མགོ་བོ་ཆོད་ཅིག་ཅེས་དགྲ་རྟ་དགུང་ལ་ཤེད་ཤུགས་ཡོ་ཚད་བཏོན་ནས་དབྱུགས་པ་ལ། དགྲ་རྟས་འདྲེ་འབར་བ་དགུ་བརྩེགས་ཀྱི་མགོ་བོ་བཅད་བྱུང་། དེ་ལྟར་ཁྱུ་ཏ་བ་ལས་འདྲེ་འབར་བ་དགུ་བརྩེགས་འདུལ་ཐུབ་པ་བྱུང་ཞིང་། རིན་པོ་ཆེའང་ཐུགས་ཧ་ཅང་དགྱེས་པ་དང་། ཁོང་གི་སྐུ་ཁམས་མི་བདེ་བ་ཐམས་ཅད་མེད་པར་གྱུར་རོ། །
ཁྱུ་ཏ་བ་ལས་གཏམ་རྒྱུད་འདི་ནི། ནང་བསྟན་དགེ་ལུགས་པའི་འཆམ་གྱི་བྱུང་ཁུངས་ལ་འབྲེལ་བ་ཡོད་པའི་གཏམ་རྒྱུད་གལ་ཆེན་ཞིག་ཡིན། ཡང་དགའ་ལྡན་ཆོས་རྒྱལ་རང་བྱོན་གྱི་གཏམ་རྒྱུད་ཅིག་བཀོད་ན་འདི་ལྟར། རྗེ་ཙོང་ཁ་བ་དགུང་ལོ་བགྲེས་པའི་སྐབས་སུ། ཁོང་གིས་སྲོལ་བཏོད་པའི་རི་བོ་དགེ་ལྡན་པའི་ནང་བསྟན་གྲུབ་མཐའ་འདི་སྲུང་མཁན་ཞིག་དགོས་པར་དགོངས་ནས་ཐུགས་བསམ་ཡང་ཡང་བཏང་མཐར། ཐུགས་སྤྲུལ་གཤིན་རྗེ་ཆོས་རྒྱལ་ཡིན་པའི་ཁོང་གི་ཇ་མ་དེ་ཐུགས་སུ་བབས་ཤིང་། ཅི་ཡང་མ་གསུང་བར་བཞུགས།
ཉིན་རྒྱུན་དུ། མཐེ་བོང་དང་གོང་མཛུབ་བར་ནས་ས་དམར་གྱི་རིལ་བུ་མང་པོ་ཕུར་ནས་ཡ་མ་ར་ཛ་སྒྲུབ་སྟེ། གཤིན་རྗེ་ཆོས་རྒྱལ་གྱི་འབག་ཅིག་བཞེངས་ཤིང་། ལྟེ་བ་ནས་ཁུང་བུ་ཆུང་ཆུང་ཞིག་བསྐྱུར་ནས་བཞག ཉིན་ཞིག རྩེད་མཚར་གྱི་ཚུལ་དུ་རིན་པོ་ཆེ་ཁོང་ཚང་སྤྲུལ་བ་འགྱེད་དེ་འབག་སྐུའི་ཁོག་པར་འཛུལ་ནས། ལྟེ་བའི་ཁུང་བུ་ལས་མགོ་བོ་ཕྱིར་བཏོན་ནས་ཇ་མ་ལ། ཁྱོད་རང་འདིའི་ཁོག་པར་འཛུལ་ཐུབ་བམ་ཞེས་དྲིས། ཇ་མ་ནི་གཤིན་རྗེ་ཆོས་རྒྱལ་གྱི་རྣམ་སྤྲུལ་ཡིན་པས། ཇ་མས་ང་ཡང་འཛུལ་ཐུབ་ཅེས་བཤད་ཞོར་དུ་འབག་སྐུའི་ཁོག་ཏུ་འཛུལ་བ་ན། རིན་པོ་ཆེ་ཚང་གིས་ཡ་མ་ར་ཛའི་རིལ་བུ་ཞིག་གིས་ཁུང་བུའི་ཁ་བཅད། ཇ་མ་ཕྱིར་ཡོང་མ་ཐུབ་པས། ཐུགས་ཁྲོས་ནས་འཕག་མཆོང་ཞིག་བརྒྱབ་སྟེ་བར་སྣང་དུ་བཞུགས། དེའི་དུས་སུ། རིན་པོ་ཆེ་ཚང་གིས་ཁོང་གི་དམིགས་བྱ་རྣམས་ཞིབ་པར་གསུངས་ཤིང་། ཁོང་གི་ཇ་མ་དེ་དགེ་ལུགས་པའི་བསྟན་སྲུང་ལ་བསྐོས། ཇ་མས་ཀྱང་ཁོང་གི་བཀའ་གསུང་ཇི་བཞིན་དང་ལེན་མི་བྱེད་ཐབས་མེད་བྱུང་། འབག་སྐུ་འདི་ནི་རྗེས་ནས་དགའ་ལྡན་ཆོས་རྒྱལ་རང་བྱོན་ཞེས་པ་དེ་ཡིན་ཟེར། གཞན་ཡང་། དགེ་ལུགས་པའི་བསྟན་སྲུང་གཞན་དག་ལའང་འདི་དང་འདི་ལྟ་བུའི་ནང་བསྟན་གཏམ་རྒྱུད་རེ་ཡོད།
རེབ་གོང་དགེ་ལུགས་པའི་འཆམ་ལ་རོང་བོ་དགོན་པའི་འཆམ་ལས་གཞན། ད་རུང་སྒོ་དམར་འཆམ་དང་སེང་གེ་གཤོང་འཆམ་སོགས་མིང་གྲགས་ཆེའོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1