སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།
རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-14
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོས་སྤྱི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་བཅའ་ཁྲིམས་ཀྱི་འཆར་ཟིན་གྱི་གསལ་བཤད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཀྱི་ཇུས་གཞིའི་གསལ་བཤད་གསན།
ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལོ་ཅིད། ཧན་ཀྲེང་སོགས་གྲོས་ཚོགས་ལ་ཕེབས།
གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མིའི་མི་གྲངས་༢༩༨༠ཡིན་པ་དང་། དངོས་སུ་ཞུགས་པ་༢༩༦༢ཡིན་ཞིང་། མི་བཅོ་བརྒྱད་ཆད་པ་དང་། ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་པ་རེད།
སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོ་ཡིས་ལྟ་ཞིབ་བཅའ་ཁྲིམས་ཀྱི་འཆར་ཟིན་གྱི་གསལ་བཤད་གནང་བ་རེད། ལི་ཅན་གོ་ཡིས། ལྟ་ཞིབ་བཅའ་ཁྲིམས་གཏན་འབེབ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། དེ་ནི་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱབ་ནས། གཅིག་སྡུད་གཅིག་གྱུར་དང་། དབང་གྲགས་ལྡན་ཞིང་ལས་ཆོད་ཆེ་བའི་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་བསྐྲུན་པའི་ལྡོག་མེད་བླང་བྱ་ཡིན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རུལ་སུངས་ལ་ངོ་རྒོལ་བྱས་པའི་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་དང་། དུས་བབ་གསར་པའི་འོག་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྲ་བརྟན་གྱི་ཁྲིམས་སྐྱོང་འགན་སྲུང་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཡིན་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ཀྱི་གཅིག་གྱུར་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ལྟ་ཞིབ་ལམ་བུར་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པའི་གསར་གཏོད་བྱ་ཐབས་ཤིག་ཡིན་པ། རྩ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཕུན་སུམ་ཚོགས་སུ་དང་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བ་བྱེད་པའི་འཐབ་ཇུས་བྱ་ཐབས་བཅས་རེད་ཅེས་གསུངས།
ལི་ཅན་གོས། ལྟ་ཞིབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་ལས་དོན་གྱིས་གཤམ་གྱི་རིག་ལམ་དང་རྩ་དོན་འདི་དག་ལ་བརྩི་སྲུང་ཞུ་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱ་རྒྱུ་དང་། གཉིས་ནས་རྩ་ཁྲིམས་བཟོ་བཅོས་དང་གཅིག་མཐུན་རྒྱུན་འཁྱོངས་བྱ་རྒྱུ། གསུམ་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ། བཞི་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱ་རྒྱུ་བཅས་རེད་ཅེས་གསུངས།
ལི་ཅན་གོ་ཡིས། ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་དེར་ས་བཅད་དགུ་ཡོད་པ་དང་། དེའི་ནང་སྤྱིའི་རྩ་འཛིན་དང་། ལྟ་ཞིབ་ལས་ཁུངས་དང་དེའི་འགན་འཁྲི། ལྟ་ཞིབ་ཀྱི་ཁྱབ་ཁོངས་དང་དོ་དམ་ཁྱབ་ཁོངས། ལྟ་ཞིབ་དབང་ཚད། ལྟ་ཞིབ་གོ་རིམ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས། ལྟ་ཞིབ་ལས་ཁུངས་དང་ལྟ་ཞིབ་མི་སྣའི་ལྟ་སྐུལ། བཅའ་ཁྲིམས་ཀྱི་འགན་འཁྲི་དང་ཟུར་སྣོན་རྩ་འཛིན་བཅས་ཡོད་ཅིང་། ཁྱོན་དོན་ཚན་ཁག༦༩ཡོད་པ་རེད། དེར་ཕྱོགས་བདུན་ཐད་ཀྱི་ནང་དོན་འདུས་ཡོད་པ་སྟེ། གཅིག་ནི་ལྟ་ཞིབ་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་འགོ་ཁྲིད་ལམ་ལུགས་གསལ་པོ་བཟོས་པ་དང་། གཉིས་ནི་ལྟ་ཞིབ་ལས་དོན་གྱི་རྩ་དོན་དང་བྱེད་ཕྱོགས་གསལ་པོ་བཟོས་པ། གསུམ་ནི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གྲུབ་ཚུལ་དང་འགན་འཁྲི་གསལ་པོ་བཟོས་པ ། བཞི་ནི་གཞུང་དབང་ལག་བསྟར་བྱེད་མཁན་གཞུང་ལས་མི་སྣར་ལྟ་སྐུལ་ཡོངས་སུ་ཁྱབ་པ་བྱ་རྒྱུ། ལྔ་ནི་ལྟ་ཞིབ་ལས་ཁུངས་ཀྱི་དགོས་ངེས་ཀྱི་དབང་ཚད། དྲུག་ནི་ལྟ་ཞིབ་གོ་རིམ་ཚད་ལྡན་བཟོ་རྒྱུ། བདུན་ནི་ལྟ་ཞིབ་ལས་ཁུངས་དང་ལྟ་ཞིབ་མི་སྣར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་རེད་ཅེས་གསུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིའི་གྲོས་གཞིའི་ནང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ལས་ཁུངས་དང་སྲིད་འཛིན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བླང་བྱ་ཁ་གསལ་བཏོན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞིར་གྲོས་འཆམ་བྱུང་བ་དང་། དེའི་ནང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་དང་འབྲེལ་བ་ཡོད་པའི་ནང་དོན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུའི་འབུལ་རྒྱུའི་མོས་མཐུན་བྱས་ཡོད་ཅེས་གསུངས།
ད་ལྟ་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གཞིགས་ནས་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞི་དེ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་རྒྱལ་དོན་ཨུ་ཡོན་ཝང་ཡུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གསལ་བཤད་གནང་བ་རེད། ཝང་ཡུང་གིས་ད་ཐེངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཀྱི་ནང་དོན་ཞིབ་ཕྲ་ནི་གཤམ་གསལ་ཏེ། གཅིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ལེགས་བསྒྲིགས་བྱ་རྒྱུ་དང་། རང་བྱུང་ཐོན་ཁུངས་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ། ཞིང་ལས་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། དམག་ཞབས་ཐིམས་པའི་དམག་མིའི་བྱ་དོན་པུའུ། འཕྲལ་སྒྲུབ་དོ་དམ་པུའུ་བཅས་འཛུགས་རྒྱུ་དང་། ཚན་རིག་ལག་རྩལ་པུའུ་དང་ཁྲིམས་འཛིན་པུའུ་བསྐྱར་འཛུགས་བྱ་རྒྱུ། ཆུ་བེད་པུའི་འགན་དཀྲི་དང་རྩིས་བཤེར་ཧྲུའུ་ཡི་འགན་དཀྲི་ལེགས་འགྱུར་བྱ་རྒྱུ། ལྟ་ཞིབ་པུའུ་དང་རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་གཉིས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཟླ་བསྒྲིལ་གཏོང་རྒྱུ། གཉིས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་གཞན་དག་ལེགས་བསྒྲིགས་སྐོར། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་ཧྲུའུ། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས། རྒྱལ་ཁབ་འབྲུ་རིགས་དང་དངུལ་རྫས་གསོག་འཇོག་ཅུས། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས། རྒྱལ་ཁབ་ནག་ལས་དང་རྩྭ་ཐང་ཅུས་བཅས་འཛུགས་རྒྱུ་དང་། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་བསྐྱར་འཛུགས་བྱ་རྒྱུ། རྒྱལ་ཡོངས་སྤྱི་ཚོགས་འགན་ལེན་ཐེབས་རྩ་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་འབྲེལ་བ་ལེགས་བསྒྲིགས་བྱ་རྒྱུ། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་བཅས་ཡིན་ཞེས་གསུངས།
ཝང་ཡུང་གིས། སྤྱི་ཡོངས་ནས་བལྟས་ན་ད་ཐེངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བླང་བྱ་དོན་འཁྱོལ་བྱ་རྒྱུ། དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་བ་བྱུང་བ་དང་འཚམས་པ་བྱ་རྒྱུ། གོང་འཕེལ་གྱི་དགོས་མཁོ་དང་གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ལ་གཅིག་བསྡུས་བྱས་པ། ལེགས་འགྱུར་དང་མཉམ་ལས། ལས་ཆོད་མཐོ་བ་བཅས་ཀྱི་རྩ་དོན་ལྟར་མིག་སྔའི་གནས་ཚུལ་དང་བསྟུན་པ་མ་ཟད་རྒྱང་རིང་ལ་བལྟས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྲིག་བཀོད་དང་འགན་ནུས་བགོ་བསྒྲིགས་ལེགས་འགྱུར་བྱས་པ་དང་། འགན་དཀྲིའི་འབྲེལ་བ་མཐུན་སྦྱོར་བྱས་ཡོད། བསྒྱུར་བཅོས་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་རིམ་པ་རྒན་པའི་ལས་ཁུངས་བརྒྱད་ཉུང་དུ་བཏང་བ་དང་པུའུ་རིམ་པ་གཞོན་པའི་ལས་ཁུངས་བདུན་ཉུང་དུ་བཏང་ཡོད། བསྒྱུར་བཅོས་བྱས་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྲིག་བཀོད་སྔར་བས་དོན་དངོས་དང་མཐུན་པ་དང་། ཚན་རིག་དང་མཐུན་ལ་ལུགས་མཐུན་ཡིན་པ། དེ་བས་ལས་ཆོད་མཐོ་བ་བཅས་བྱུང་ཡོད་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ནུས་ལྡན་གྱི་རྩ་འཛུགས་འགན་ལེན་མཁོ་འདོན་ཡོང་རྒྱུ་རེད་ཅེས་བསྟན་གནང་།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་ཕུལ་བའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མིའི་བརྡས་ཐག་གཅོད་ཐབས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་ཡོད་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1