རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉི་མ་བཀྲ་ཤིས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-15


        ཉི་མ་བཀྲ་ཤིས་ལགས་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་ལས་གནས་ཐོག་ཕྱག་ལས་གནང་བཞིན་ཡོད།བོད་ནས་ཚན་རྩལ་ལས་གཞི་ནི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་ཀྱི་ཞིང་ལས་སོན་བཟང་ཐད་ཀྱི་ཞིབ་འཇུག་པ་ཐོག་མ་ཁོང་གིས་སྣེ་ཁྲིད་གནང་བའི་ཚོགས་པ་དེས།སྔ་རྗེས་སུ་སོན་བཟང་རིགས་༢༠ཙམ་རྙེད་ཡོད་པ་ལས། བོད་ནས་༡༤༨དང་བོད་ནས་༦༩༠བོད་ནས་༢༠༠༠བཅས་ནི་བོད་ཀྱི་ས་གཤིས་དང་མཐུན་པའི་སོན་བཟང་ཡིན་པ་དང་།བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་ཀྲོན་ཁྲི་༡༠༠ཐོལ་བརྒལ་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། 

        ཉི་མ་བཀྲ་ཤིས་ལགས་ནི་བོད་ལྗོངས་ལྷོ་ཁའི་ཞིང་ཁྱིམ་ཕལ་པ་ཞིག་ཏུ་འཁྲུངས་ཤིང་། ཁོང་ལ་ཆུང་བྱིས་པའི་དུས་ནས་ཕུགས་བསམ་ཞིག་ཡོད་པ་ནི།བོད་ཀྱི་གཙོ་ཟས་སུ་གྱུར་བའི་ནས་སྐྱེ་འཚར་ཡག་པོ་དང་ཐོན་འབབ་མཐོ་པོ་ཡོང་བ་བྱ་རྒྱུ་དེ་ཡིན།༡༩༨༢ལོར། ཉི་མ་བཀྲ་ཤིས་ལགས་ནུབ་བྱང་ཞིང་ལས་སློབ་ཆེན་གྱི་ཞིང་ལས་ཚན་ཁག་ལ་ཡིག་རྒྱུགས་འཕྲོད་པ་དང་།སྔ་རྗེས་སུ་པེ་ཅིང་ཀྲུང་གོ་ཞིང་ལས་ཞིབ་འཇུག་ཁང་དང་ཁ་ན་ཏ་ཧྲ་སི་ཁེ་ཁྲུན་སློབ་ཆེན་སོགས་སུ་ཞིང་ལས་ཤེས་བྱ་རྩེར་སོན་པ་སྦྱངས་ཏེ།༡༩༩༩ལོར་རབས་འབྱམས་པའི་སློབ་གནས་ཐོབ། ལས་གནས་ཐོག་ཞུགས་པ་ནས་ད་བར་ཁོང་གིས་ནས་ཀྱི་སོན་བཟང་ཞིབ་འཇུག་དང་ཁྱབ་སྤེལ་གྱི་ལས་ཀར་ཉིན་མཚན་མེད་པར་འཇུག་བཞིན་ཡོད།ད་ལྟ། ཁོང་ནི་བོད་ནས་ཚན་རྩལ་རྣམ་གྲངས་གལ་ཆེན་གྱི་ཚན་རིག་མཁས་ཅན་ཐོག་མ་དེ་ཡིན་ཞིང་།དུས་རབས་གསར་པའི་མཁས་པ་བརྒྱ་སྟོང་མང་པོའི་ལས་གྲྭའི་རྒྱལ་ཁབ་རིམ་པའི་འོས་མི་དང་། མི་ཁྲི་བརྒྱའི་འཆར་འགོད་ཀྱི་འོས་མི།རང་སྐྱོང་ལྗོངས་རིག་གཞུང་ལག་རྩལ་གྱི་སྣེ་ཁྲིད་པ་བཅས་ལ་བདམས་ཐོན་བྱུང་། 
        ལོ་གཅིག་གི་ཐེངས་རེའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གར་སྟེགས་ཐོགའཐུས་མི་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་གཏམ་བསྣམས་ཏེ།ཤེས་རབ་ཆུ་གཏེར་གནས་འདིར་རྒྱས་པར་བྱེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བའི་རང་ལྗོངས་ཀྱི་ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས།རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གཏམ་བཟང་འཁྱེར་ཡོད་པ་མ་ཟད།ཚོགས་འདུའི་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ཐོན་འཕར་དང་ཡོང་འབབ་མཐོ་རུ་འགྲོ་བའི་ཐབས་ཇུས་བཟང་པོ་བཏོན་ཡོད་པ་རེད།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་ཆུང་གྲོས་བསྡུར་ནང་།ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་གནད་ཚིག་བཞིའི་ཐོག་ནས་རང་ཉིད་ངོ་སྤྲོད་གནང་བ་མ་ཟད།སྐབས་གཅིག་པའི་ཨུ་ཡོན་ཚོར་ཉེ་བའི་ལོའི་ནང་གི་བོད་ཀྱི་ཞིང་འབྲོག་ལས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད་པ་རེད། 
        ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་འདས་ཟིན་པའི་ལོ་ལྔའི་ནང་བོད་ཀྱི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཐད།ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་ཡོད།དཔེར་ན། འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་སྤྱི་ལོ་༢༠༡༥ལོར་ཀྲོན་ཁྲི་༡༠༠ཐོལ་བརྒལ་བྱུང་བ་དང་།སྔོ་ཚལ་གྱི་ཐོན་འབབ་ལོ་གོང་མར་ཀྲོན་ཁྲི་༨༠ཐོལ་བརྒལ་བྱུང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་དེ་ལོ་ལྔ་བསྟུད་མར་གྲངས་གནས་གཉིས་འཕར་ཡོད་ཅེས་གསུངས་པ་རེད། 
        ཨུ་ཡོན་ཉི་མ་བཀྲ་ཤིས་དང་བཅས་པའི་ཞིང་ལས་ཚོགས་ཆུང་ནང་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ནས་ཡོང་བའི་ཞིང་ལས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་ཤ་སྟག་ཡིན་པ་རེད། ཆེད་མངགས་ནས་སོན་འདེབས་གསོ་བྱེད་སྟངས་ལ་འཇུག་མཁན་གྱི་ཉི་མ་བཀྲ་ཤིས་ནི་ཞིང་ལས་འབུམ་རམས་པ་ཞིག་ཡིན་ཞིང་།འདས་ཟིན་པའི་ལོ་ངོ་༣༣ནང་།ནས་ཀྱི་སྤུས་ཚད་དང་འབབ་འཕར་ཡོང་ཆེད་ཁོང་གིས་ཁོམ་པ་ཡོད་རིམ་བཞིན་ཞིང་ནང་དང་ཚོད་ལྟ་ཁང་ནང་ཕེབས་ཀྱི་ཡོད།ལོ་མང་འབད་བརྩོན་ལྷོད་མེད་གནང་བ་རྒྱུད་ཁོང་གི་ཚོགས་པ་དེས། བོད་ནས་ཉིས་སྟོང་རྟགས་ཅན་སོགས་སོན་བཟང་འདེབས་གསོ་བྱས་ནས།ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད།དུས་མཚུངས་ནས་ལས་སྣོན་དང་ཐོན་ལས་ཕྱོགས་འགྱུར་རིམ་འཕར་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་ལོ་ལྔའི་གོང་ང་ཚོའི་ནས་ཀྱི་སྤྱིའི་ཐོན་འབབ་དེ་ཀྲོན་ཁྲི་༦༥ཡས་མས་ཡིན་པ་དང་ན་ནིང་ཀྲོན་ཁྲི་༨༠ཐོལ་བརྒལ་བྱུང་བས།དེ་ནི་ཐོན་འབབ་ཀྱི་འཕུར་མཆོངས་ཤིག་རེད།ང་ཚོས་འདས་ཟིན་པའི་ལོ་ལྔའི་ནང་སྔ་རྗེས་སུ་མི་རིགས་མི་འདྲ་བའི་ནས་སོན་མང་པོ་འདེབས་གསོ་དང་གསར་སྤེལ་བྱས་ཡོད་ཅེས་གསུངས་པ་རེད། 

        རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་པེ་ཅིང་དུ་ཚོགས་འདུར་ཞུགས་པའི་གོ་སྐབས་དང་བསྟུན་ནས།ཁོང་གིས་སྙིང་གི་ནོར་བུ་དེ་ཡང་འཁྱེར་ཏེ་ཀྲུང་གོ་ཞིང་ལས་ཚན་རྩལ་ཁང་གི་ཞིང་ལས་རིགས་གཅིག་མཁས་དབང་རྣམས་ལ་སྤྱན་འབུལ་ཞུས་ཡོད་པ་རེད། 

        ཉེ་བའི་ལོ་ཤས་རིང་བོད་ཀྱི་ནས་ཐོན་འབབ་མཐོ་རུ་དང་ས་བོན་ལ་ལེགས་བཅོས་ཀྱི་ནུས་པ་བཟང་པོ་ཐོན་ཏེ།བོད་ཀྱི་མི་སེར་འཚོ་བ་ཡར་རྒྱས་འགྲོ་བར་ཞབས་འདེགས་ཞུས་ཡོད།

        པེ་ཅིང་དུ་ཚོགས་འདུར་མ་ཕེབས་སྔོན།ཉི་མ་བཀྲ་ཤིས་ཀྱིས་ཡར་ཀླུང་གཙང་པོའི་རྒྱུག་ཁུལ་གྱི་གཞི་རྩའི་ས་ཆ་ཁག་ཅིག་ཏུ་རྟོག་ཞིབ་ལ་སྐྱོད་ཡོད་པ་མ་ཟད། ཁོང་གིས་ལོ་དེ་དག་རིང་བསྡུ་རུབ་དང་ལེགས་བསྒྲིགས་བྱས་པའི་དཔྱད་གཞི་དང་ཟུང་འབྲེལ་བྱས་ཏེ། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་དེའི་ཡན་ལག་རྒྱུག་ཁུལ་དུ་དེང་རབས་ཀྱི་སྒྲིག་བཀོད་དང་། ཞིང་འབྲོག་ལས་འབྱུང་འཕྲོད་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར། བྱང་ཐང་ས་མཐོའི་སྐྱེ་ཁམས་དང་། འབྲོག་ལས་ཐོན་ལས་གོང་འཕེལ། འབྱུང་འཕྲོད་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི་བསྣམས་ཡོད་པ་རེད། 

        ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ས་ཁུལ་དུ་སྔོན་ཐོན་གྱི་སྒྲིག་བཀོད་དང་།ཐོན་སྐྱེད་ནུས་ལྡན། ཁོར་ཡུག་བཙོག་སྐྱོན་ལ་ཚོད་འཛིན་ཐུབ་པ། ཚན་རྩལ་འདེགས་སྐྱོར་ལ་ནུས་པ་ཐོན་པ།ཞིང་འབྲོག་མང་ཚོགས་ཀྱིས་ཚན་རྩལ་ལ་བརྟེན་ནས་འབབ་འཕར་ཡོང་བ་བཅས་ཀྱི་ཞིང་འབྲོག་ལས་ཀྱི་དེང་རབས་ཐོན་ལས་མ་ལག་དང་།ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་འཛུགས་སྐྱོང་བྱས་ཚེ། ས་མཐོའི་སྐྱེ་ལྡན་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ནུས་པ་གོང་མཐོར་སོང་ནས་ཕྱུག་འགྱུར་འཕེལ་རྒྱས་ཡོང་ཐུབ་གསུང་པ་རེད། 

        འདི་ལོའི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་གཏོང་ལུགས་བཏོན་ཡོད་པ་དེས། ཁོང་ཞིང་འབྲོག་ཚན་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས། དུས་རབས་གསར་པའི་ལམ་བུ་གསར་པའི་ཐོག་ཡིད་ཆེས་དང་སྟོབས་ཤུགས་ཀྱི་ཁེངས་ཡོད་པ་རེད། 
        བོད་ལྗོངས་ནི་ཞིང་འབྲོག་ལས་གཙོ་བོར་བྱས་པའི་ས་ཁུལ་ཞིག་རེད།ཤང་གྲོང་དར་རྒྱས་གཏོང་བའི་ལག་བསྟར་འཐབ་ཇུས་ཤུགས་ཆེན་བྱས་པ་དེས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཆེན་པོ་ཐོབ་ངེས་རེད་ལ།ཞིང་འབྲོག་ཚན་རྩལ་མི་སྣ་ཞིག་ཡིན་པའི་ངོས་ནས། གོ་སྐབས་བཟང་པོ་དེ་ལྟ་བུ་ཞིག་ཐོབ་དུས།ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དང་། ཚན་རྩལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བོད་ཀྱི་ཞིང་འབྲོག་ཁུལ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུང་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1