སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བདམས་པ།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-15
དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་རླབས་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག མི་དམངས་སྲིད་གྲོས་ཀྱིས་བདེ་བླག་སྒོ་ནས་སླར་ཡང་སྐབས་གསར་རྙིང་བརྗེ་པོ་རྒྱབ་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཡང་སྤྱི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད། ཚོགས་འདུའི་ཐོག་ཆབས་ཅིག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཉི་ཤུ་རྩ་བཞི་བདམས་ཡོད་པ་རེད།
འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་མ་བྱས་གོང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུད་ཀྲེང་ཧྲེང་ཚོགས་ཆེན་གྱི་ཚོགས་རར་ཕེབས་པ་དང་། སྐབས་གསར་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད། གྲོས་ཚོགས་ཀྱི་གཙོ་སྐྱོང་པས་ཝང་ཡང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་རྗེས། ཡུད་ཀྲེང་ཧྲེང་གིས་སྤྲོ་སེམས་འཁོལ་བའི་ངང་ཝང་ཡང་ལ་ཕྱག་བཏང་གནང་བ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་པོ་གྲགས་ཡོད་པ་རེད།
གྲོས་ཚོགས་ཐོག་བདམས་ཐོན་བྱུང་བའི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ནི་ཀྲང་ཆིང་ལི་དང་། ལེའུ་ཆི་སྦའོ། འཕགས་པ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧུའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝི། མ་པེའོ། གྲེན་ཞའོ་ཀོང་། ལེང་ཀྲེང་དབྱིང་། ཤ་སྦའོ་ལུང་། ཡང་ཁྲོན་ཐང་། ལིའི་པིང་། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧིའི། ཀྲེན་ཅན་པང་། ཀུའུ་ཧྲེང་ཙུ། ལེའུ་ཤིན་གྲེང་། ཧོ་ཝི། ཧྲའོ་ཧུང་། ཀོའི་ཡུན་ལུང་བཅས་ཡིན་པ་རེད།
གྲོས་ཚོགས་ཐོག་ཤ་སྦའོ་ལུང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་པ་དང་། ཆབས་ཅིག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་སུམ་བརྒྱ་བདམས་ཡོད་པ་རེད།
གྲོས་ཚོགས་དེ་སྤྱི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཀྲང་ཆིང་ལི་དང་། ཏུང་ཅན་ཧྭ། ཧོ་ཧའུ་ཧྭ། ལེང་ཀྲེན་དབྱིང་བཅས་ཡིན་པ་དང་། གྲོས་ཚོགས་དེ་ཀྲང་ཆིང་ལི་ཡིས་གཙོ་སྐྱོང་གནང་བ་རེད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྱོན་མི་གྲངས་༢༡༥༨ཡོད་པ་དང་། དེ་ཉིན་ཚོགས་རར་དངོས་སུ་སླེབས་པ་མི་གྲངས༢༡༤༤ཡོད་ཅིང་། འདེམས་བསྐོའི་གཏན་འཁེལ་མི་གྲངས་དང་མཐུན་གྱི་ཡོད་པ་རེད།
འདེམས་བསྐོ་འགོ་མ་ཚུགས་གོང་། གྲོས་ཚོགས་གཙོ་སྐྱོང་པས་དང་ཐོག་ལས་དོན་པར་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་། འདེམས་ཤོག་ལྟ་སྐུལ་པའི་མིང་ཐོག་ཀློག་ཏུ་བཅུག་པ་རེད། དེ་རྗེས་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་། འདེམས་ཤོག་ལྟ་སྐུལ་པ་དེ་གར་འབྱོར་བ་དང་། འདེམས་ཤོག་ལྟ་སྐུལ་པས་ཚོགས་ར་ཡོངས་ཀྱི་འདེམས་ཤོག་སྒམ༢༣གི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། སྤྱི་ཁྱབ་ལྟ་སྐུལ་པ་གཉིས་ཀྱིས་གྲོས་ཚོགས་ལ་ཞིབ་བཤེར་མཇུག་འབྲས་སྙན་ཞུ་བྱས་ཡོད་པ་རེད།
དེའི་རྗེས་ལས་དོན་པས་ཁག་སོ་སོར་འདེམས་ཤོག་བཀྲམས་པ་དང་། འདེམས་ཤོག་ཁག་གཉིས་ལ་དབྱེ་ཡོད་པ་སྟེ། གཅིག་ནི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ་བཅས་ཀྱི་འདེམས་ཤོག་དང་། གཉིས་ནི་རྒྱུན་ལས་ཨུ་ཡོན་གྱི་འདེམས་ཤོག་ཡིན་པ་རེད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོའི་བྱུ་ཐབས་ལ་གཞིགས་ན། ཚོགས་ཆེན་གྱིས་རང་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་བྱ་ཐབས་སྤྱད་ཡོད་པ་རེད། ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་འཁྲོལ་མེད་འདེམས་བསྐོ་བྱ་ཐབས་སྤྱད་ནས་བདམས་པ་དང་། འོས་མིར་མོས་མཐུན་འདེམས་ཤོག་ཐོབ་ཚད་ཨུ་ཡོན་ཡོངས་ཀྱི་ཕྱེད་ཀ་ལས་བརྒལ་ན་འདེམས་པ་དང་། ལས་མིས་འདེམས་ཤོག་སྐོང་བའི་བླང་བྱ་ཁག་བཏོན་རྗེས། ཨུ་ཡོན་རྣམས་ནས་འདེམས་ཤོག་འབྲི་འགོ་བཙུགས་ཡོད། འདེམས་ཤོག་འཕངས་ཟིན་རྗེས། སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་། འདེམས་ཤོག་ལྟ་སྐུལ་པ་ལས་གནས་ཐོག་སླེབས་རྗེས་སྔོན་ལ་འདེམས་ཤོག་འཕེན་པ་དང་། ཨུ་ཡོན་རྣམས་ནས་སྡོད་སའི་ཁུལ་ལ་གཞིགས་ནས་དམིགས་བཙུགས་སྒམ་ནང་འདེམས་ཤོག་འཕངས་ཡོད་པ་རེད།
ལས་དོན་པས་འདེམས་ཤོག་ལ་རྩིས་རྒྱབ་ཚར་རྗེས། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པས་གྲོས་ཚོགས་ཀྱི་གཙོ་སྐྱོང་པར་མཇུག་འབྲས་སྙན་ཞུའི་མིང་བྱང་འབུལ་བ་དང་། གྲོས་ཚོགས་གཙོ་སྐྱོང་པས་འདེམས་བསྐོ་གོ་ཆོད་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
འདེམས་ཤོག་རྩིས་རྒྱབ་ཚར་རྗེས་ལས་དོན་པས་འདེམས་ཤོག་མཇུག་འབྲས་ཁྱབ་བསྒྲགས་བྱས་ཡོད་པ་རེད། འདེམས་བསྐོའི་མཇུག་འབྲས་ལས་གསལ་བར། ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ལས་ཨུ་ཡོན་བཅས་ཁྱོན་འོས་མི་༣༢༥ལ་འདེམས་ཤོག་ཐོབ་ཚད་ཨུ་ཡོན་ཡོངས་ཀྱི་སྤྱི་འབོར་གྱི་ཕྱེད་ཀ་ལས་བརྒལ་ནས་བདམས་ཐོན་བྱུང་ཡོད་པ་རེད།
གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པའི་ཆ་སྙོམས་ལོ་ཚད་ལོ་དྲུག་ཅུ་རེ་བཞི་ཡིན་པ་དང་། ཀྲུའུ་ཞི་གཞོན་པའི་ཁྲོད། ཀྲུང་གུང་ཏང་ཡོན་མི་བཅུ་གཅིག་ཡོད་པ་དང་། ཀྲུང་གུང་གི་མི་སྣ་མིན་པ་བཅུ་གསུམ་ཡོད་པ། གྲངས་ཉུང་མི་རིགས་ཀྱི་མི་སྣ་བཞི་ཡོད་པ། བུད་མེད་གཉིས་ཡོད། གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་ཨུ་ཡོན་གྱི་ཆ་སྙོམས་ལོ་ཚད་ལོ་ལྔ་བཅུ་ང་དགུ་དང་ཟླ་བ་གསུམ་ཡིན་པ་དང་། དེ་དག་ཁྲོད་ཀྲུང་གུང་གི་མི་སྣ་མིན་པ་༡༩༥ཡོད་པ་དང་། དེ་དག་གིས་བརྒྱ་ཆ་དྲུག་ཅུ་རེ་ལྔ་ཟིན་པ། གྲངས་ཉུང་མི་རིགས་ཀྱི་མི་སུམ་ཅུ་སོ་གསུམ་ཡོད་པ། བུད་མེད་སུམ་ཅུ་སོ་དགུ་ཡོད་པ་རེད།
ཚོགས་ར་ཡོངས་ཀྱི་ཨུ་ཡོན་རྣམས་ནས་སྐབས་གསར་པའི་སྲིད་གྲོས་རྒྱལ་ཡོངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1