ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-17


             ཟླ་3ཚེས་10ཉིན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།   རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་རྒྱུར།  རིག་དངོས་ལ་“གསོན་ཤུགས་རྒྱས་”རྒྱུ་ནི་ལས་དོན་ཆེན་པོ་ཞིག་ཡིན།  རིག་དངོས་ལས་བྱུང་བའི་ཐོན་རྫས་འགའ་ཞིག་བཟོ་བ་ཙམ་དང་།   རིག་དངོས་འགའ་གསར་སྤེལ་བྱས་པ་ཙམ་གྱིས་ལས་འགན་འགྲུབ་པ་མ་ཡིན་པར།   ཏང་གི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྣམ་གྲངས་ཇུས་འགོད་ཐད་ནས་རིག་དངོས་ལ་“གསོན་ཤུགས་རྒྱས་”དགོས།
ཟླ་3ཚེས་10ཉིན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།   རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་ཤིན་ཧྭ་དྲ་བའི་2018ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཆེད་དོན་བཅའ་འདྲི་དང་ལེན་བྱས།
            ཉེ་བའི་ལོ་ཤས་རིང་།   རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་བསྟུད་མར་འཕེལ་རྒྱས་སོང་བ་དང་བསྟུན།   རྒྱལ་ཡོངས་ས་གནས་ཁག་གི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།   མཚོ་སྔོན་ནི་དར་གོས་ཚོང་ལམ་གྱི་ལྷུ་ཚིགས་གལ་ཆེན་ཡིན་པའི་ཆ་ནས། ལོ་ངོ་སྟོང་ཕྲག་རིང་དེ་གར་འཚོ་བ་སྐྱེལ་བའི་མི་རིགས་ཁག་གིས་འཚོ་གནས་རྒྱུད་སྤེལ་དང་།   ཕན་ཚུན་མཉམ་འདྲེསབྱས་ནས།   ཐུན་མོང་ཐོག་གཟི་འོད་འབར་ཞིང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་བསྐྲུན་ཡོད།   ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྔ་རྗེས་སུ་རིག་དངོས་སྲུང་སྐྱོབ་ཀྱི་སྲིད་ཇུས་ཡིག་ཆ་བཏོན་ནས།   རིག་དངོས་སྲུང་སྐྱོབ་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་།   ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཇེ་མཐོར་བཏང་།   2017ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཐད་ཀྱི་ཆེད་སྤྱོད་གྲོན་དངུལ་ཐེངས་དང་པོར་སྒོར་ཁྲི་2000བར་མང་དུ་བཏང་ནས་ཞིང་ཆེན་རིམ་པའི་ལོ་འཁོར་ནོར་སྲིད་སྔོན་རྩིས་ནང་དུ་བཅུག
མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་།
            རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་སྡེ་ཁག་གིས་རྣམ་གྲངས་སྙན་ཞུ་དང་དོན་འཁྱོལ་དམ་འཛིན་བྱས་ཏེ།   རིག་དངོས་སྲུང་སྐྱོབ་ཀྱི་གཙོ་གནད་དང་དཀའ་གནད།   གནད་དོན་ཁག་གཙོ་དམིགས་ཀྱིས་ཐག་གཅོད་གང་ཐུབ་བྱས།   2017ལོར་མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུས་ཀྱིས་རྒྱལ་ཁབ་རིག་དངོས་ཅུས་ལ་རིག་དངོས་སྲུང་སྐྱོབ་རྣམ་གྲངས་34སྙན་ཞུ་ཕུལ།   མ་དངུལ་སྒོར་ཁྲི་16801.52རེ་ཞུ་བྱས།   མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ལ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་སྤྱོད་གྲོན་དངུལ་ཁ་གསབ་མ་དངུལ་སྒོར་ཁྲི་2000གི་སྙན་ཞུ་ཕུལ་པ་དང་།   ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་25ལ་འབྲེལ་བ་ཡོད།   ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་བཟོ་རྟེན་གཞིའི་གནས་རྙིང་སོགས་རིག་དངོས་སྲུང་སྐྱོབ་སྡེ་ཚན་39མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་གི་རིག་དངོས་རྣམ་གྲངས་དང་མ་དངུལ་འཇོག་པའི་འཆར་གཞིའི་ནང་དུ་བཅུག  དུར་ལམ་རྫོང་གི་བང་སོའི་ཚོགས་དང་ཧྲིན་ནཱའི་རྗེས་ཤུལ་སོགས་རིག་དངོས་སྲུང་སྐྱོབ་སྡེ་ཚན་34“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་རྒྱལ་ཁབ་ཀྱི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་སུ་བཅུག   མ་དངུལ་སྒོར་དུང་ཕྱུར་5.5གཏོང་འཆར་ཡོད།
            མཚོ་སྔོན་གྱིས་རིག་དངོས་ཀྱི་བདེ་འཇགས་དམ་འཛིན་ནན་པོ་བྱས།   རིག་དངོས་ཐོན་ཁུངས་མཉམ་དུ་སྤྱོད་པའི་ཐབས་ལམ་རྒྱ་བསྐྱེད་དེ།   རྟེན་མཛོད་ཁང་གི་ཞབས་ཞུའི་ནུས་པ་དང་ཞབས་ཞུའི་སྤུས་ཚད་འཛུགས་སྐྲུན་བསྟུད་མུར་སྐུལ་འདེད་གཏོང་བ་དང་།   རིག་དངོས་ཐོན་ཁུངས་ལ་“གསོན་ཤུགས་རྒྱས་”རྒྱུར་སྐུལ་འདེད་ཧུར་ཐག་བཏང་།   རིག་དངོས་སྲུང་སྐྱོབ་ཀྱི་གལ་ཆེའི་རྣམ་གྲངས་དང་གཙོ་གནད་ལས་གྲྭ་ལག་བསྟར་ལེགས་པོ་བྱས་པ་དང་།   ཕྱོགས་ཡོངས་ནས་རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད།   རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ།   རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱ་རྒྱུ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་།   མངོན་མིན་རིག་གནས་ཤུལ་བཞག་དང་དེའི་ཁོར་ཡུག་ཁྱོན་ཡོངས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་།   མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མི་ཚོགས་ལ་ཞིབ་འཇུག་ཟབ་སྦྱོང་འཆར་གཞི་ལག་བསྟར་གཏིང་ཟབ་བགྱིས་ནས།   རིགས་དང་ཞུགས་ཚད་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེ་རུ་བསྐྱེད་པ་དང་།   ཞིང་ལས་རིག་གནས་དང་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་།   མངོན་མིན་རིག་གནས་ཤུལ་བཞག་བརྗོད་དོན་ཁྱབ་སྤེལ་བྱེད་སྒོ་སྤེལ་བ་དང་།   རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་སོགས་གཙོ་གནད་བྱེད་སྒོ་ལེགས་པར་གཉེར་ནས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་སྤེལ་གཏོང་བར་སྐུལ་འདེད་བཏང་།
            མིག་སྔར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཁག་102ཡོད།   རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་རྣམ་གྲངས་83བསྐྲུན་འགོ་ཚུགས།   དར་གོས་ཚོང་ལམ་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས་(མཚོ་སྔོན་གྱི་དུམ་བུ་)དང་འབྲེལ་ཡོད་གཞི་རྩའི་འཛུགས་སྐྲུན་གྱི་གནའ་རྫས་རྟོག་ཞིབ་དང་རྩད་ཞིབ་སྔོག་འདོན།   ཡིག་ཚང་ལ་ཞིབ་འཇུག་བྱེད་པའི་ལས་ཀ་སྤེལ།   རིག་གནས་པུའུ་ཡིས་བོད་ཀྱི་(ཡུལ་ཤུལ་)རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་འཛུགས་པའི་ཆོག་མཆན་གནང་།      རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཚོད་ལྟ་ཁུལ་དུ་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།
2018ལོའི་ཟླ་1ཚེས་19ཉིན།   མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་ཆེད་དོན་ཚོགས་འདུ་བསྡུས་ནས།   རྒྱལ་ཡོངས་ཀྱི་རིག་དངོས་ཅུས་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་ཀྱིས་རིག་དངོས་བྱ་གཞག་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེད་དམིགས་ཀྱིས་མཐོ་རུ་གཏོང་གང་ཐུབ་བྱས་ཏེ།   གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད།     ཁག་བརྒྱད་པའི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་གདམ་གསེས་སྙན་ཞུ་འབུལ་བ།   རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་དང་ཞིང་ཆེན་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་སྲུང་སྐྱོབ་ཁྱབ་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་ངོས་འཛིན་གཏན་འབེབ།  ས་གནས་ཁག་གི་རིག་དངོས་བདེ་འཇགས་ལས་དོན་ལ་ལྟ་ཞིབ།   རྟེན་མཛོད་ཁང་རིན་མེད་པར་སྒོ་འབྱེད་པའི་གྲངས་ཀ་ཇེ་མང་དུ་གཏོང་བའི་ཆེད་དོན་མ་དངུལ་མང་དུ་གཏོང་བ།   རིག་དངོས་སྲིད་འཛིན་ཞིབ་མཆན་འགོད་པར་བཅོས་སྒྱུར་སོགས་འབུར་ཐོན་ལས་དོན་ལ་དམ་འཛིན་བྱ་བ་དང་།   ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་དང་། གསར་གཏོད་ཀྱི་བསམ་བློ།   འགན་འཁྲི་ཁུར་ཕོད་པ།   ལས་དངོས་དམ་འཛིན།   དོན་གཉེར་ལས་སྒྲུབ་ཀྱི་ནུས་པ་ཆེ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་རིག་དངོས་བྱ་གཞག་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1