དུ་རྐང་གཅིག་གི་མི་ཚེ།

དབང་མདའ་ཉི་མ། (བོད་ལྗོངས་སློབ་ཆེན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


        ས་སྲོད་འདིར།  མིག་མདའ་རྒྱང་དུ་འཕངས་ནས་ལྷ་སའི་ཕྱོགས་དང་ཕྱོགས་མཚམས་ཀུན་མུ་ཁྱུད་དུ་བསྐོར་བའི་རི་རབ་འབར་འབུར་དག་ལ་རོབ་ཙམ་བལྟས་པ་ན།  ནམ་རྒྱུན་དུས་ཚོད་ལ་ཚ་གྲང་གི་འགྱུར་བ་ཅི་ཞིག་བྱུང་ནའང་།  མི་རྣམས་ཀྱིས་མིག་གི་མཐོང་ལོབས་སུ་གྱུར་པའི་སྐྱ་མདོག་འབའ་ཞིག་ལས།  ཡུལ་ལུང་གཞན་ལྟར་དཔྱིད་ཀྱི་མྱུ་གུ་འབུས་པའི་གསོན་སྟོབས་དང་དབྱར་གྱི་མེ་ཏོག་ཐང་ལ་གདལ་བའི་བཀྲ་མདངས།  སྟོན་གྱི་ངུར་སྨྲིག་གོས་སུ་བཀླུབས་པའི་སྒམ་ཚུགས།  དེ་བཞིན་གངས་ཀྱི་ཅོད་པན་གཙུག་ཏུ་བཞེས་པའི་མཛེས་སྡུག་བཅས་ནི་སྣང་བའི་ཡུལ་དུ་གྲིབ་མ་ཙམ་ཡང་མི་འདུག  དེར་བརྟེན།  མཐོང་སྣང་ཡོད་ཚད་སྐྱ་མདོག་གིས་བཟུང་བའི་མི་ཞིག་ལ་མཚོན་ན།  སྐྱིད་ཆུའི་རླབས་སུ་རྩེན་པའི་དུས་ཀྱི་བུ་མོའི་འགྱུ་བག་སྣ་ཚོགས་ཀྱི་མཛེས་སྡུག་དེའང་སྐྱ་མདོག་གི་གས་སྲུབས་ནས་རྒས་པ་ལས།  གཞན་ལྟར་མིག་གི་དགའ་སྟོན་དང་ཡིད་ཀྱི་བདུད་རྩིའི་དཔལ་དུ་མཐོང་མི་ཐུབ།  ཡིན་ནའང་།  རྫོང་རྒྱབ་ཀླུ་ཁང་གི་ལྕང་སྡོང་རྫོབ་པོའི་གསེང་ནས་སེར་ཐིགས་ལྷུང་བའི་སྡོང་ལོ་ཁྲི་མ་འབུམ་དེ་སག་སག་གི་སྒྲ་དང་བཅས་ཏེ་ས་ལ་ཟགས་པའི་རྣམ་པ་དེ་མཐོང་བ་ན།  ལྷ་སའི་གཞུང་ལ་སྟོན་གྱི་རྒན་མོས་འཁུན་སྒྲ་སྒྲོག་བཞིན་ཡོད་པ་ལྷང་ངེར་གོ་ཐུབ།  བསིལ་བསིལ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་རྫོང་རྒྱབ་ཀླུ་ཁང་གི་སྡོང་ལོ་སེར་པོ་དག་ཅི་ཞིག་ལ་འཁྲེང་བས་མ་བཟོད་པ་ཇི་བཞིན་སྡོང་རྒན་གྱི་ཡལ་ག་དང་བྲལ་ཀྱང་།  བར་སྣང་དབྱིངས་ནས་རེ་ཞིག་ལ་གྱེས་ཁའི་ཕྱིར་མིག་ལྡོག་མ་ཐུབ་པར།  ཟུར་མིག་ལྷབ་ལྷབ་ཀྱིས་ཆེས་མཐའ་མཇུག་གི་མཛེས་སྡུག་ལ་ཆགས་ནའང་།  གྲང་ཞིང་བསིལ་བའི་བསེར་བུའི་གཙུབ་བརྡར་ཁྲོད་ནས་རང་ཚུགས་མི་ཐུབ་པའི་ལོ་མ་སེར་པོ་དག་སྐད་ཅིག་ཉིད་ལ་ས་ཆེན་པོའི་བྲང་ཁར་ངང་གིས་ཟགས་ཏེ་ཁོ་ར་ཁོར་ཡུག་ཡོད་དོ་ཅོག་སེར་ལམ་མེར་བྱེད།  ས་ལ་ཟགས་པའི་ལོ་མ་ཆེ་མ་ཆུང་གསུམ་དག་ལྷ་སའི་རྒན་རྒོན་ཕྲེང་བ་ཅན་ཚོའི་ཞ་མ་འཐེང་གི་?ག་འགྲོས་བར་ནས་འཕག་འཚག་བྱེད་ལ།  སྐབས་སྐབས་སུ་གནག་ཅིང་སྣུམ་པའི་གཞུང་ལམ་གྱི་ཕྱོགས་སུ་དལ་གྱིས་འཕྱོ་ནས་སྨྱོ་རྒྱུག་བྱེད་པའི་རླངས་འཁོར་དག་གིས་སག་སྒྲ་དང་བཅས་ཏེ་བརྫིས།  སྐབས་འདིར་ལོ་མའི་རྒྱན་ས་འབུལ་བའི་སྟོང་ལོའི་སྡོང་རྒན་དག་གིས་ལྗོན་ཤིང་གི་མཚན་ཉིད་ཤོར་བས།  ནམ་རྒྱུན་པོ་ཏ་ལའི་རྒྱབ་མདུན་ཀུན་ཏུ་ཚོན་མདོག་རྣམ་པར་བཀྲ་བའི་སྣུམ་ཚོན་རི་མོ་དེ་གློ་བུར་ཉིད་དུ་སྐྱ་ཐལ་ལེར་གྱུར།   ཡིན་ནའང་།  ཕྱི་ནང་ཡོད་ཚད་སྐྱ་ཐལ་ལེར་སྣང་བའི་དུས་སུ་ཕོ་བྲང་དཀར་དམར་གྱི་འོད་མདངས་སྣུམ་པོ་དེ་ལྷངས་སེ་མངོན་འོངས།   

རེད་ལགས།   བརྗིད་ཅིང་མཐོ་བའི་ཉམས་དང་མཛེས་ཤིང་སྡུག་པའི་རྣམ་པ་དེས་ལྷ་སའི་གཞུང་ལ་སྔར་མེད་ཀྱི་མཛེས་སྡུག་གསར་པ་ཞིག་བསྣན་པ་དང་།   སྐྱེ་རྒུའི་ཡིད་ཀྱི་བརྟན་པ་མི་འཕྲོག་ག་ལ་སྲིད།  

 

        ཚ་བས་བསྲེགས་པའི་སྟོན་མཇུག་གི་ཉི་མ་དེ་རིམ་བཞིན་ནུབ་ཀྱི་བུམ་པ་རིའི་ལ་འགོར་བུད་པ་ན།   སྐྱིད་ཆུའི་ངོགས་ནས་གློ་བུར་བའི་འཁྱག་རླུང་ཞིག་ཐོལ་གྱིས་ལྡང་ནས་ལྷ་སའི་གཞུང་འདི་གྲང་བསིལ་བསིལ་དུ་བཏང་སོང་།   འཁྱག་རླུང་གི་འཇབ་རྒོལ་ལ་འགོག་རྒོལ་བྱེད་ཐབས་མེད་པའི་ལྷ་སའི་སྟོན་མཇུག་ནི།   ཁྲོམ་རའི་གཞུང་གི་མི་ཚོགས་དང་ཇོ་ཁང་མདུན་གྱི་སྤྲང་གོག་དག་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་དུས་ཤིག་ཡིན་པ་ལམ་གྱི་ཁུག་པ་ཀུན་ཏུ་ལངས་པའི་ཉེན་ཟོན་མི་སྣ་དག་རྐང་ཐོག་རྐང་བརྩེགས་ཀྱིས་བསྡད་པ་དང་།   ལྷག་པར་དུ་ཁོ་ཚོས་བག་ཕེབས་པའི་འཛུམ་རེ་སྟོན་ཞོར་དུ་བ་འཐེན་ནས་བསྡད་ཡོད་པར་བལྟས་ན་ཤེས་ཐུབ།   ཡིན་ནའང་།   སྟོན་མཇུག་ནི་པོ་ཏ་ལའི་གཡོན་ཕྱོགས་སུ་ཡོད་པའི་ལྗོངས་མི་དམངས་སྨན་ཁང་དུ་མི་ཚོགས་བ?ལ་བའི་དུས་ཤིག་ལ་ཁེལ་ཡོད།   བུམ་པ་རིའི་ལ་འགོར་བུད་པའི་ཉི་མའི་ཟེར་འཕྲོ་དེ་ལྗོངས་མི་དམངས་སྨན་ཁང་གི་ཐོག་རྩེག་ཅན་གྱི་ཁང་པར་བཀལ་བའི"ཁྱེད་རང་བདེ་ཐང་ཡོང་རྒྱུ་ནི་ང་ཚོའི་སེམས་འདུན་དངོས་མ་ཡིན"ཞེས་པའི་ཡི་གེ་སེར་པོ་དག་ལ་འཕྲོས་པ་ན།   གསེར་འོད་ལམ་ལམ་དེས་སྨན་ཁང་གི་ར་བ་རུ་ནད་པར་སྒུག་བཞིན་པའི་སྐྱེ་བོ་ཆེ་མ་ཆུང་གསུམ་གྱི་ཉམ་ཐག་པའི་གདོང་ལ་གསེར་གྱི་འོད་མདངས་བསྐུས་ཤིང་།   ཁོ་ཚོའི་རེ་བ་དང་ཡི་ཆད་ཀྱི་བར་ན་བསྲིངས་པའི་མག་མོག་གི་མདུན་ལྗོངས་དེའང་གསལ་ལྷང་ངེར་གཏོང་སྲིད།  

 

        དེ་ཡང་ཆུང་ཆུང་སློབ་ཆུང་འགྲིམ་དུས།   ནམ་རྒྱུན་དགེ་རྒན་གསེར་སོ་ཅན་དེས་ང་ཚོ་ལ་ལས་བྱའི་ཚབ་ཏུ"འཇིག་རྟེན་འདི་ན་སུ་ཞིག་ལ་ཉེ་དགའ་ཕྱོགས་ཞེན་མེད་པ་དང་།   སུ་ཞིག་ནི་དྲང་བདེན་ལ་བརྩི་མཁན་ཡིན"ཞེས་པའི་དྲི་བ་བཀོལ་ཏེ་རྩོམ་ཐུང་རེ་འབྲི་རུ་བཅུག དེ་ལ་ང་ལྟ་བུ་སློབ་མ་རིག་པ་རྟུལ་པོ་ཚོས"འཇིག་རྟེན་འདི་ན་ཕ་མ་གཉིས་ལ་ཉེ་དགའ་ཕྱོགས་ཞེན་མེད་པ་དང་།   འཇིག་རྟེན་འདི་ན་མགོ་ཐོག་གི་ཉི་མ་ནི་ནམ་ཡང་དྲང་བདེན་ཞིག་ཡིན"ཞེས་མཁས་མཁས་བྱས་ནས་འབྲི་བར་བྱེད།   སྐབས་དེར།   ངས་ཀྱང་ཁོ་ཚོར་ལད་མོ་བྱས་ནས"འཇིག་རྟེན་འདི་ན་དགེ་རྒན་དང་དགེ་རྒན་གྱི་ཆུང་མ་གཉིས་ལ་ཉེ་དགའ་ཕྱོགས་ཞེན་མེད་པ་དང་།   འཇིག་རྟེན་འདི་ན་ཉི་མའི་འོད་ཟེར་ནི་ནམ་ཡང་དྲང་བདེན་ཞིག་ཡིན"ཞེས་ཆུ་བཞུར་བཞུར་གྱིས་བྲིས།   ཡིན་ནའང་།   སློབ་མ་རིག་རྒོད་འགས"འཇིག་རྟེན་འདི་ན་དུས་ཚོད་ལ་ཉེ་དགའ་ཕྱོགས་ཞེན་མེད་པ་དང་།   འཇིག་རྟེན་འདི་ན་སངས་རྒྱས་བཅོམ་ལྡན་འདས་ནི་དྲང་བདེན་ཞིག་ཡིན"ཞེས་བྲིས།   སློབ་མ་རིག་རྒོད་དེ་དག་གིས་བྲིས་པ་དེ་ལ་དགེ་རྒན་དེས་བསྟོད་པའི་མཐེ་བོང་བསྒྲེངས་པ་དང་།   ཁོ་ཚོར་ཞ་སྨྱུག་རྐང་རེ་དང་?་བྱི་རིལ་རེ་འགའ་ཡང་བྱ་དགའ་ལ་གནང་རྗེས།   ཁོས་ཁྲོ་གཉེར་བསྡུས་ནས་སློབ་མ་རིག་རྟུལ་ཚོར"ཕ་མ་གཉིས་ལ་ཉེ་དགའ་ཕྱོགས་ཞེན"ཡོད་ཚུལ་སོགས་དཔེ་ལ་སྦྱར་ནས་བཤད་པའི་ཞོར་དུ་ཁོ་ཚོར"འདྲེ་ཕྲུག སྐྱག་ཕྲུག ཁྱོད་ཚོ་མི་ཟས་ཟ་མཁན་ཨེ་ཡིན"ཞེས་ཡང་ཡང་བསྡིགས་པ་དང་།   སྐབས་རེར་ཁྲིད་དབྱུག་བཀྱགས་ནས་ལག་པར་ཐག་སེ་བྲབས་པའང་ལན་གཅིག་མིན།   ཡིན་ནའང་།   དགེ་རྒན་དེས་ང་ལ"ཁྱོད་བུ་རེ་བ་ཅན་ཞིག་རེད།  'གཅིག''གཉིས'བྱི་རིལ་འདི་བདག་གི་ཡིན།   གཞན་དེ་ངའི་ཆུང་མས་ཁྱོད་ལ་གནང་བའི་བྱ་དགའ་རེད"ཅེས་ཟེར་བ་ལས་ལག་པར་དབྱུག་གུས་འབྲབ་མི་སྲིད།   འོན་ཀྱང་།   ང་ལྗོངས་མི་དམངས་སྨན་ཁང་གི་སྒོ་ཁ་བརྒྱུད་ནས་འགྲོ་དུས།   དེ་རུ་ངས་ནམ་རྒྱུན་ཡིད་སྨོན་ཤོར་མྱོང་བའི་རྩོམ་པ་པོ་ལ་ཤས་ཀྱི་ལག་ངར་རུ་གནམ་ཁབ་གཙགས་ནས་འགྲོ་བ་དང་།   ལྟོ་བ་འབུར་བའི་མི་ཁ་ཤས་ཀྱང་སྨན་པ་གོས་དཀར་ཅན་དེའི་རྗེས་འབྲངས་ནས་ནད་བརྟག་ཁང་དུ་འགྲོ་བཞིན་འདུག   ནམ་རྒྱུན"ཨ་ཕོ་ང་ཡིན་དབྱུག་པ་མདུང་ཡིན"ཞེས་ཁ་ཕོ་མཐོ་བའི་བུ་རྒོད་འགའ་ཤས་ཀྱི་ནང་ཁྲོལ་ཆང་གིས་འཚོས་ཏེ་ངུ་སྐད་ཤོར་འགྲོ་བ་དང་།   ཕོ་བརྒྱའི་སེམས་པ་བཀུག་ཅིང་མོ་བརྒྱའི་སྙིང་རླུང་བསླངས་མྱོང་བའི་མཛེས་མ་ཁ་ཤས་ཀྱང་།   སྨད་ཁོག་ནད་ཀྱིས་ཟིན་ནས་ངོ་ཚས་གདོང་པ་གཡོལ་ནས་སྨན་ཁང་དུ་འགྲོ་བ་སོགས་རྒྱུ་ཡོད་དབང་ཡོད་ཀྱི་དཔོན་པོ་དང་།   ཤེས་ལྡན་གྱི་མཁས་པ།   དེ་བཞིན་ལང་ཚོས་སྙེམས་པའི་མཛེས་མ།   ངར་གྱིས་བཀྱགས་པའི་ཕོ་གསར།   ལོ་ཡིས་མནན་པའི་རྒན་རྒོན།   བསམ་ཤེས་མེད་པའི་བྱིས་པ།   ཐ་ན་མེད་མུག་འདོན་པའི་སྤྲང་པོ་ཡན་ཆད་ནས་ཡོད་མགོ་མཐོ་བའི་ཕྱུག་པོ་མན་ཆད་ཀྱི་སྐྱེས་ཕོ་མོ་ལ་ཁྱད་པར་མེད་པ་དང་ཆོས་འཇིག་རྟེན་ལ་དབྱེ་བ་མེད་པར་མ་ཟད།   ལོ་ཆེ་ཆུང་ལ་དམིགས་བསལ་མེད་པའི་ཚད་གཞིའི་འོག སྐྱེ་བོ་ཡོད་ཚད་ན་བའི་དུས་ལ་བབས་ཚེ་ནད་ཅེས་པའི་གཟུགས་མེད་ཀྱི་བྱེད་པོ་དེས།   མཐོ་གོ་ས་དང་རྒྱུ་འབྱོར་བ།   དེ་བཞིན་ཤེས་བྱའི་ཡོན་ཚད་དང་གཟུགས་མཛེས་མིན་སོགས་ཅི་དང་གང་ལའང་མ་བལྟས་པར།   གང་དེས་རྒྱུ་གང་ཞིག་བསྐྱེད་པར་དེ་ལ་འོས་ཤིང་འཚམ་པའི་ན་ཟུག་གི་འབྲས་བུ་རེ་སྨིན་པ་ནི།   འཇིག་རྟེན་འདིའི་ཐོག་ཉེ་དགའ་ཕྱོགས་ཞེན་མེད་ཅིང་དྲང་བདེན་གྱི་ཚངས་ཐིག་འཛིན་པའི་གཟུགས་མེད་ཀྱི་བྱེད་པོ་འཕྲུལ་མེད་ཅིག་རེད་ཨང་སྙམ།  

 

        "ནད"ཅེས་པ་དེ་འཇིག་རྟེན་འདིའི་ཐོག་གི་ཉེ་དགའ་ཕྱོགས་ཞེན་མེད་པའི་དྲང་བདེན་གྱི་བྱེད་པོ་འཁྲུལ་མེད་ཅིག་ཡིན་མིན་ནི།   ས་སྲོད་འདིར་ལྗོངས་མི་དམངས་སྨན་ཁང་གི་ར་བ་རུ་མི་ཚོགས་ཀྱིས་ཁེངས་ཤིང་།   ནང་འདྲེན་བྱས་པའི་རིན་གོང་མཐོ་བའི་རླངས་འཁོར་འོད་ཆིལ་ལེར་དག་འཚང་ཁ་ཤིག་ཤིག་ཏུ་བཞག་པའི་རྣམ་པ་དེ་ལ་བརྟགས་ན།   སྨན་ཁང་དུ་སྤྱིར་བཏང་མ་ཡིན་པའི་ཚོང་པ་ཆེན་པོ་ཞིག་གམ་དཔོན་པོ་ཆེན་པོ་ཞིག་ཉལ་སར་ལྷུང་ཡོད་པ་ངང་གིས་རྟོགས་ཐུབ།   དེ་དག་གི་ཁྲོད་དུ་སྐེ་ལ་བོ་དེའི་ཕྲེང་བ་སྦོམ་པོ་རེ་བསྐོན་པ་དང་།   འགབ་ན་སྦ་ཁུག་གྲུ་བཞི་ཚིལ་དྲེགས་ཅན་རེ་བཏགས་པའི་བོད་ཀྱི་ཚོང་པ་རལ་བ་ཅན་ཡོད་ལ།   རྒྱབ་ན་ནུབ་ལུགས་ཀྱི་གྱོན་ཆས་སྣུམ་ཆིལ་ལེ་དང་མདུན་ན་ཉི་ཤེལ་ནག་འཐོམ་མེ།   མགོ་ན་སྐྲ་ཚོམ་ལག་མཐིལ་ཙམ་ལས་མེད་པའི་རྒྱའི་ཚོང་བ་ཡང་ཡོད།   ད་དུང་།   མ་ཎི་འདྲེན་པའི་བོད་ཀྱི་རྒན་པོ་སྨ་ར་ཅན་དང་ཕྲུ་གུ་བཟུང་བའི་བུད་མེད།   འཇུར་རྟ་རྟིང་མཐོ་གྱོན་པའི་རྒྱ་མོ་དང་ཡིག་ཆ་མཆན་དུ་བཙིར་བའི་ལས་བྱེད་པ་སོགས་འདུག ཁོ་ཚོ་མི་རེ་ངོ་རེའི་མིག་ཟུང་ལས་སེམས་ཁྲལ་དང་རེ་སྒུག་གི་མདངས་ཤིག་ཅིག་ཅར་དུ་མངོན་པར་བལྟས་ན།   ཁོ་ཚོའི་དབར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ལྟར་སྣང་ཡང་།   ཁོ་ཚོས་རང་གནས་སུ་ཕར་འགྲོ་ཚུར་འོང་བྱས་ཤིང་སྐབས་རེར་དབུགས་རིང་ནར་ནར་འབྱིན་པ་ལས།   ཕན་ཚུན་དབར་འཛུམ་ཙམ་ཡང་སྟོན་རེས་མི་བྱེད་པར་མ་ཟད།   ད་དུང་དེ་ལས་ལྡོག་སྟེ་ཕན་ཚུན་གྱི་མིག་ཟུང་ལས་ཁྱོད་ཤི་ང་གསོན་གྱི་རྣོ་འོད་ཅིག་མཆེད་ཀྱིན་གདའ།   ཁོ་ཚོ་འདི་ལྟར་ཉིན་ཕྱེད་ཙམ་ལ་བཅའ་སྡོད་སྨན་ཁང་གི་བར་ཁྱམས་སུ་ཁ་ཤས་འཚིག་པ་བཟས་ཏེ་འབར་ལ་ཁད་དང་།   ལ་ལས་སྨྲ་བ་བསྡམས་ཀྱང་ཡ་སོ་དང་མ་སོ་ལྡད་ནས་ཟད་ལ་ཁད་དུ་གྱུར་ཅིང་།   འགའ་ཤས་ཀྱིས་ཡི་གེ་ནག་རིལ་དང་ཐེལ་རྩི་དམར་སྒོར་གྱིས་ཁེངས་པའི་ཡིག་ཆ་དག་ཕྱི་བསློགས་ནང་བསློགས་བྱས་ནས་ཤོག་ལྷེབ་དག་ཀྱང་ཐོར་ལ་ཁད་བྱས་པ་དང་།   འགའ་རེས་ཁ་ནས་མ་ཎི་མུར་ཀྱང་གདོང་ལ་ཁྲོ་གཉེར་བསྡུས་ནས་ཤ་སྐྱི་?ད་བྲེང་ངེར་བྱེད་ཅིང་།   ལ་ལས་གདོང་ལ་སྒམ་ཚུགས་ཀྱི་ལྷོད་ཤ་མངོན་ནའང་རང་གནས་སུ་ཡང་ནས་བསྐྱར་དུ་ཕར་འགྲོ་ཚུར་འོང་བྱས་ནས་འཇུར་གྱི་རྟིང་ཀའང་ཟད་ལ་ཁད་དུ་བསྒུགས་ཀྱང་།   མྱུར་སྐྱོབ་ཁང་གི་སྒོ་གླེགས་ད་དུང་གཏན་སེ་བརྒྱབ་ཡོད་པས།   དེ་ལས་མི་ལྟ་ཞོག་མིའི་གྲིབ་གཟུགས་ཤིག་ཀྱང་མ་མངོན།  

 

        ཆུ་ཚོད་གཅིག ཚུ་ཚོད་གཉིས།   ཆུ་ཚོད་དྲུག ཁོ་ཚོས་མིག་མདའ་ཡོད་ཚད་མ་གྲོས་གཅིག་མཐུན་གྱིས་གློག་འོད་མཆེད་པའི་མྱུར་སྐྱོབ་ཁང་དེའི་ཕྱོགས་སུ་འཕེན་པ་དང་།   རེ་སྒུག་དང་སེམས་ངལ་གྱིས་མནར་བའི་ལུས་སེམས་ཟུང་ནི་གྱང་ངོས་སུ་བཀལ་བའི་ཆུ་ཚོད་ཀྱི་མདའ་རྩེའི་གཡས་གཡོན་དུ་འཕག་འཚག་བྱས་ནས།   ཆུ་ཚོད་ཀྱི་མདའ་རྩེ་དེ་མྱུར་བར་བགྲོད་ན་ཅི་མ་རུང་སྙམ་ནའང་།   རེ་སྒུག་དང་སེམས་ཁྲལ་གྱི་བར་དུ"ཚག་ཚག"ཅེས་འཕར་བཞིན་པའི་ཆུ་ཚོད་ཀྱི་མདའ་རྩེ་དེ་སྔར་བས་དལ་སྣང་ཤར།   ཁོ་ཚོས་ཆུ་ཚོད་དྲུག་ལ་བསྒུགས་ཀྱང་མྱུར་སྐྱོབ་ཁང་གི་སྒོའི་ཕྱོགས་ནས་གྲག་འགུལ་ཅི་ཡང་མ་བྱུང་།   སྐབས་དེར།   ཨར་ལས་འཛུགས་སྐྲུན་གྱི་སྦྱིན་བདག་ཀྲང་གིས་ཁུག་མ་ལས་དཀར་ཞིང་ནེམ་པའི་གཙང་ཤོག་ཡུག་གཅིག་བླངས་ནས་རང་གི་ཐོད་པ་ནས་བ?ལ་བའི་རྔུལ་ཆུ་དག་ཕྱིས་རྗེས།   དབུགས་རིང་ནར་ནར་འབྱིན་བཞིན་བསམ་ལ་མ་བསམ་པའི་ངང་ནས་སྟོད་ཐུང་གི་ཁུག་མ་གཡོན་མ་ལས་མཐོང་མྱོང་མེད་པའི་དུ་སྒམ་ཞིག་ལས་རྐང་གཅིག་འཐེན་ཏེ་ཁ་ཁུག་ཏུ་བཙིར་རྗེས།   མེ་ཆ་བླངས་ནས་དེའི་སྣེ་ལ་མེ་སྦར་བར་རྩོམ་ཚེ།   གློ་བུར་དུ་དུ་རྐང་དེར་ལྟ་ཡག་ཅིག་བྱས་པ་ན་གདོང་ལ་སྔངས་འདར་གྱི་མདངས་ཤིག་འཁྱུགས་ནས།   དུ་རྐང་དེ་སླར་ཡང་ཁུག་མ་གཡོན་མའི་དུ་སྒམ་ཕྱིར་བཅུག དེའི་འཕྲོར་ཁོས་རང་གི་སྟོད་ཐུང་གི་ཁུག་མ་གཡས་མའི་སྦྲིག་ཏུ་ལག་སྙོབ་བྱས་ནས་ཀྲུང་ཧྭ་རྟགས་ཅན་གྱི་དུ་སྒམ་དམར་པོ་ཞིག་ལས་རྐང་གཅིག་བླངས་རྗེས་མེ་སྦར་ནས་རྔམ་འཐེན་བྱས་པས།   སེ་གོལ་གཏོགས་ཙམ་གྱི་ཡུན་ལ་ཁོའི་བཅོས་འཛུམ་གྱིས་ཁེངས་པའི་ངོ་གདོང་གི་གཡས་གཡོན་དུ་དུ་བ་སྔོ་ལྷོག་ལྷོག་གིས་འཕྱུར་འོངས།   ཁོས་མྱུར་སྐྱོབ་ཁང་གི་ཕྱོགས་སུ་ལྟ་ཙམ་བྱས་ཤིང་།   རང་དབང་མེད་པར་རང་ཉིད་དང་རྫོང་དཔོན་བསམ་གྲུབ་བར་གྱི་གསང་བའི་འདས་དོན་མང་པོ་ཞིག་ཡིད་ལ་འཁོར་འོངས། 

 

        ཡིན་ནའང་།   གློ་བུར་དུ་སྨན་ཁང་གི་བར་ཁྱམས་སུ་ཐོལ་གྱིས་གྲགས་པའི་བུད་མེད་ན་ལོན་དེའི་སྡིགས་དམོད་ཀྱིས།   ཕྱིར་དྲན་གྱི་ཀློང་དུ་འཐིམ་པའི་སྦྱིན་བདག་ཀྲང་ཧར་གྱིས་སད་པར་བྱས།   ཁོས་དེ་མ་ཐག་སྐེ་གཅུས་ནས་ཕར་བལྟས་ཚེ།   རྫོང་དཔོན་བསམ་གྲུབ་ཀྱི་དྲུང་ཡིག་བློ་གྲོས་ཀྱིས་རྫོང་དཔོན་གྱི་ཆུང་མ་བདེ་སྐྱིད་མཆན་འོག་ནས་གཡས་སྐྱོར་གཡོན་སྐྱོར་བྱེད་བཞིན་མྱུར་སྐྱོབ་ཁང་གི་བར་ཁྱམས་སུ་ཐོན་པ་ན།   གམ་གྱི་བུད་མེད་གདོང་སྨེ་ཅན་དེས་པང་དུ་བཟུང་བའི་བྱིས་པ་ལོ་ཁ་གང་བ་དེ་བདེ་སྐྱིད་ཀྱི་བྲང་ལ་བརྡབས་ནས།   "ངོ་ཚ་མེད་པའི་ཁོས་དུས་ད་ལྟ་ངེད་མ་བུ་གཉིས་གང་ལ་བསྐྱུག་རྒྱུ།" "ངེད་གཉིས་དུས་ད་ལྟའང་འདྲེ་མོ་ཁྱོད་ཀྱི་ཐུབ་ཚོད་མྱོང་དགོས་ཨེ་རེད"བུད་མེད་དེས་བདེ་སྐྱིད་ལ་ཕུད་རྒྱག་བཞིན་དེ་ལྟར་བསྡིགས་ཀྱང་།   མོས་ཅི་དང་གང་ཡང་མ་ཐོས་པ་ལྟར་མཁྲིག་མ་རུ་གཡུ་ལ་གསེར་གྱི་མཐའ་རྒྱན་ཡོད་པའི་ལག་གདུབ་ཅན་གྱི་ལག་པ་སྙིང་ཁ་སྦྱར་ནས་མྱུར་སྐྱོབ་ཁང་གི་ཕྱོགས་ལ་འབུར་ཚུགས་སུ་ལྟ་བ་ལས་མོ་ལ་ཁ་ཡ་མ་བྱས།   ཡིན་ནའང་།   དྲུང་ཡིག་བློ་གྲོས་ཀྱིས་ལག་གཡོན་མས་བདེ་སྐྱིད་ཀྱི་མཆན་འོག་ནས་སྐྱོར་བཞིན།   གཡས་པས་བུད་མེད་དེའི་ཕྲག་མགོར་ཡང་མོར་རྡེབ་བཞིན"དེ་དག་རྗེས་ནས་བཤད་ན་མི་འཕྱི།   མི་མང་ཚོགས་སར་དེ་ལྟར་མ་བྱེད"ཅེས་མ་ཎི་ཟློ་ཟློ་བྱས།   སྐབས་དེར།   ཟང་ཟིང་དུ་གྱུར་པའི་མི་ཚོགས་འདི་རེ་ཞིག་ཁུ་སིམ་མེར་གྱུར་པ་དང་།   ཁོ་ཚོའི་མིག་ཟུང་ལས་ཡ་མཚར་བའི་མདངས་ཤིག་ཕྱུང་ནས་བུད་མེད་དེར་བལྟས་པར་བརྟགས་ན།   ཁོ་ཚོས་བུད་མེད་སྨྱོན་པ་འདྲ་པོ་དེའི་ངོ་མི་ཆོད་པ་འདྲ།   ཡིན་ནའང་།   སྦྱིན་བདག་ཀྲང་གིས་བུད་མེད་དེས་བདེ་སྐྱིད་དང་དྲུང་ཡིག་བློ་གྲོས་གཉིས་ཀྱི་རྗེས་འདེད་བཞིན་རང་གི་ཉེ་སར་བཅར་བཞིན་པ་མཐོང་ཚེ།   གདོང་ཡོངས་དམར་ལམ་ལམ་དུ་གྱུར་བ་དང་འཕྲལ་མར་ཁུག་མ་ལས་ཉི་ཤེལ་ནག་པོ་དེ་བླངས་ནས་སྣ་མགོར་བསྐོན་རྗེས་མི་ཚོགས་ཀྱི་རྒྱབ་ཏུ་ཡིབས་སོང་།  

 

        བྱིས་པ་བྲང་ལ་གླན་པའི་བུད་མེད་དེའི་མིང་ལ་སྒྲོལ་མ་ཟེར།   མོའི་ཕ་ཡུལ་ནི་དར་རྒྱས་རྫོང་གི་ལུང་ཁུག་ཅིག་ཏུ་ཡིན་ལ་ཆུང་དུས་སུ་ཕ་མ་གཉིས་ཀ་འཕྲོ་རིམ་འཕྲོར་ཚེ་ལས་འདས་པས་སྒྲོལ་མ་དང་མོའི་ཨ་ཅེ་གཡང་མོ་འཚོ་གཉིས་ཤུལ་དུ་ལུས།   ཡིན་ནའང་།   སྒྲོལ་མ་དང་གཡང་མོ་འཚོ་གཉིས་ཆུང་དུས་ནས་ལག་ལས་ཀ་ལ་བྱང་བས།   སྡེ་བའི་མི་མང་གིས་མཐོང་ཆུང་གིས་མ་ཐུབ་པར་ལང་ཚོའི་མེ་ཏོག་དལ་གྱིས་བཞད་དེ་གསར་བུ་སྟོང་གི་སེམས་པ་ཕྲོགས་མྱོང་།   བར་སྐབས་ཤིག་ལ་གཡང་མོ་འཚོ་དང་རྒྱ་རིགས་ཁ་ལོ་བ་གཉིས་ཕན་ཚུན་འདྲིས་ཏེ་ཁོ་གཉིས་བར་ལ་རྗོད་དུ་མེད་པའི་བརྩེ་དུང་ཆགས་པ་དང་།   ཁ་ལོ་བ་དེས་མོའི་ནུ་མོ་སྒྲོལ་མ་ལའང་ལྟོ་གོས་གང་ཐད་ནས་ལྟ་སྐྱོང་བྱས་ཏེ་ཚང་མ་ཁ་མཐུན་སྣ་མཐུན་དུ་བྱུང་ནའང་།   ལོ་ཞིག་གི་དགུན་ཁར།   གཡང་མོ་འཚོ་དང་རྒྱ་རིགས་ཁ་ལོ་བ་དེ་གཉིས་ནང་སར་ཚོང་ཟོག་འདྲེན་པར་སོང་རྗེས།   ཁོ་གཉིས་ནམ་ཡང་ཕྱིར་ལྡོག་རྒྱུ་མེད་པས་ཤུལ་དུ་སྒྲོལ་མ་གཅིག་པུ་ལུས།   སྐབས་དེར་སྒྲོལ་མ་མོ་ལོ་ཉེར་བཞིར་བུད་མ་ཐག་ཡིན།   མོས་ཉིན་དང་མཚན་ལ་འཇིག་རྟེན་འདི་རུ་རང་ལ་ཐུགས་བརྩེ་ཆེ་བའི་ཨ་ཅེ་གཡང་མོ་འཚོའི་ཕྱིར་ལྡོག་གི་གོམ་སྒྲར་སྒུག་ནས་ཡུན་རིང་སོང་ཡང་།   ཨ་ཅེའི་གྲིབ་མ་ཙམ་ཡང་མིག་ལམ་དུ་མ་མཐོང་བ་དང་།  གར་སོང་གར་འགྲོའི་གཏམ་ཞིག་ཀྱང་མ་ཐོས།   དུས་དེ་ནས་བཟུང་།   སྒྲོལ་མས་ཁྱིམ་འདིའི་ལས་དབང་ལ་ཡི་ཆད་ནས་ཁྱིམ་གྱི་རྒྱུ་ནོར་ལྟ་སོ་ཡོད་པ་དག་བཙོང་ཞིང་།   མེད་པ་དག་ཁྱིམ་མཚེས་ཚང་ལ་སྤྲད་རྗེས།  ལ་དང་ལུང་པ་བརྒལ་ཏེ་གྲོང་ངེས་མེད་དུ་ལྡོམ།   མཐར་དར་རྒྱས་རྫོང་གི་ནང་མ་ཁང་ཞིག་ཏུ་བསླེབས་རྗེས་དེའི་ནང་ཞབས་ཞུ་མའི་ལས་ཀ་བསྒྲུབས་ནས་བསྡད།   དེའི་སྐབས་སུ་སྒྲོལ་མའི་ལག་ན་དངུལ་མེད་ཀྱང་མོ་ལ་ཕོ་བརྒྱའི་སེམས་པ་འགུགས་པའི་ལུས་ཀྱི་སྒེག་ཉམས་དང་ཡག་པའི་མོ་སྒོ་ཞིག་གཟུགས་དང་གྲིབ་མ་བཞིན་འབྲངས་ཡོད་པས།   རྫོང་མཁར་དེའི་ཕོ་རྐྱང་མང་པོ་ཞིག་གིས་མོ་ལ་གཏན་གྱི་འདུན་མ་གཏོད་རྒྱུའི་རེ་བ་མང་དུ་བཅོལ་ནའང་།   སྒྲོལ་མས་སྟོང་གི་ནང་ནས་བརྒྱ་དང་བརྒྱའི་ནང་ནས་བཅུ།   བཅུའི་ནང་གི་གཅིག་བདམས་པ་སྟེ།   རང་དང་ལས་དབང་གཅིག་པའི་ཕོ་འཁྱམ་བློ་བཟང་ལ་ཉིན་འགྲོགས་མཚན་འགྲོགས་བྱས།   ཁོ་གཉིས་ཀྱིས་སྐྱིད་པའི་དགོད་སྒྲ་མཉམ་སྒྲོག་དང་སྡུག་གི་ཁུར་པོ་མཉམ་འཁུར་བྱས་ནས།   རང་རང་གི་ལས་ལ་འབད་དེ་བསགས་པའི་ཡོང་སྒོ་དེས་རྫོང་མཁར་དེའི་ཁུག་སོ་ཞིག་ཏུ་ཁང་པ་གོག་པོ་ཞིག་ཉོས་ནས་འཚོ་བ་སྐྱེལ་བཞིན་ཡོད།   ཡིན་ནའང་།   ཡུན་རིང་མ་འགོར་བར་སྒྲོལ་མ་དང་རྫོང་དཔོན་བསམ་གྲུབ་བར་ལ་རྒྱུན་ཆད་མེད་པའི་འགྲོ་འོང་བྱུང་སོང་།   དེའི་སྐབས་སུ་རྫོང་དཔོན་བསམ་གྲུབ་ནི་དར་རྒྱས་རྫོང་འཛུགས་སྐྲུན་ཅུས་ཀྱི་མགོ་བ་ཡིན་པས།   རྫོང་གི་ལས་བྱེད་པ་དང་ལས་ཁུངས་གཞན་གྱི་མགོ་བ་ཚོས་ཁོ་ལ་རྒྱུ་བདག་བསམ་གྲུབ་ཅེས་འབོད་དེ་གུས་གུས་ཞུམ་ཞུམ་བྱེད་པ་དང་།   ནམ་རྒྱུན་སྲང་ལམ་དུ་འགྲོ་བའི་སྐྱེ་བོ་ཕོ་མོ་ཀུན་ལ་ཐུབ་ཚོད་བྱེད་པར་ལོབས་པའི་ར་བཟི་?་རྗེ་སྨྱོན་པས་ཀྱང་།   རྗོང་མཁར་གྱི་སྲང་ལམ་དུ་རྒྱུ་བདག་བསམ་གྲུབ་འགྲོ་བའི་རྒྱབ་གཟུགས་རིག་ཚེ།   ཁོ་ལ་སྙད་རྐོ་རྒྱུ་ཕར་ཞོག་ཐ་ན་ཁོའི་མདུན་དུའང་གཤར་མི་ཕོད་པར་གཟུར་ནས་འགྲོ་སྲིད།   ལྷག་པར་དུ་རྫོང་ཕྱི་ནང་གི་མི་སྲོག་འབེན་ལ་བཞག་པའི་ཕྲ་མ་དང་།   རང་སྲོག་གྲི་རྩེར་བཏེགས་པའི་བུ་རྒོད་དག་ཀྱང་རྒྱུ་བདག་བསམ་གྲུབ་ཀྱི་ཤ་ཆང་གི་གྲོགས་པོ་ཡིན་ལ།   ཤི་གསོན་གྱི་སྡོང་གྲོགས་ཀྱང་ཡིན་པས།   ཁོ་ལ་སྙིང་ནད་ཡོད་པའི་བུ་ཅི་འདྲ་ཞིག་ཡིན་ཀྱང་།   ཁོས་མ་མཐོང་ས་ནས་ངན་སྔགས་འདྲ་འདོན་པ་མ་གཏོགས་མདུན་དུ་མཆོངས་ནས་ཁ་ཕོ་སྒྲོག་ཕོད་པ་ཞིག་ཡེ་ནས་མེད།   དེར་བརྟེན།   ཁོ་དང་སྒྲོལ་མའི་བར་དུ་ལུས་སེམས་ཀྱི་འབྲེལ་བ་ཅི་ཞིག་བྱུང་ནའང་།   བློ་བཟང་གིས་ལྐོག་ནས་སྡིགས་དམོད་དང་སྒྲོལ་མར་གཅར་རྡུང་བྱས་པ་ལས་ཁོ་དང་དངོས་སུ་འཛིང་རེས་བྱས་ཏེ་སྒྲོལ་མ་རྩོད་ག་ལ་ཕོད།   ནམ་རྒྱུན་སྲང་ལམ་གྱི་ཁུག་སོ་ནས་རྒྱུ་བདག་བསམ་གྲུབ་ཀྱིས་སྒྲོལ་མ་མཆིན་ཏུ་བཙིར་ནས་འཁྲིད་འགྲོ་བ་མཐོང་ཚེ།   བློ་བཟང་གི་སྙིང་ལ་བཟོད་པར་དཀའ་བའི་ན་ཟུག་དང་ཁོག་ལ་བསྲན་ཐབས་མེད་པའི་སྡུག་བསྔལ་བྱུང་ནའང་།   ཁོ་ལ་མཚོན་ན་སྐྱིད་བྱུང་དུས་སྙིང་གཏམ་ཤོད་སའི་ཆང་གྲོགས་མེད་ལ།   སྡུག་ཐུག་དུས་བློ་འདྲི་སའི་སྙིང་གྲོགས་ཤིག་མེད་པས།   ན་ཟུག་དེ་དག་ཁ་ནང་གི་མཆི་མ་མིད་མིད་བྱས་ཏེ་རེ་ཞིག་སོང་མོད།   སྒྲོལ་མ་དང་བསམ་གྲུབ་གཉིས་ཀྱི་འབྲེལ་བ་དེ་སྔར་བས་ཇེ་བཟང་དུ་གྱུར་བས།   མཐར་སྒྲོལ་མ་དང་བཟའ་འཐོར་བྱས་པ་ལས་ཐབས་གཞན་ཞིག་འཚོལ་ཡང་མ་ཕོད།  ཁོ་གཉིས་བཟའ་འཐོར་བྱེད་སྐབས།   སྒྲོལ་མས་བསམ་གྲུབ་ཀྱི་གོ་གནས་ལ་བརྟེན་ནས་ཁང་གོག་དེ་ཡང་རང་ལ་ཐོབ་པས།   བློ་བཟང་ལག་སྟོང་མཆིན་ཁུང་ཁུང་འོག་ཏུ་བཙིར་ཏེ་འགྲོ་རྒྱུ་ལས་བྱ་ཐབས་ཟད།   དུས་དེ་ནས་བཟུང་།   སྲོད་ཁའི་ཉི་མ་རྒྱབ་རིའི་ཕག་ཏུ་ཡིབ་ལ་ཁད་དུ་དར་རྒྱས་རྫོང་གི་ལས་གནས་ཁག་དང་སློབ་གྲྭ་ཆུང་འབྲིང་།   དེ་བཞིན་ལས་ཁུངས་ཀྱི་སྒོ་བྱང་བཀལ་བའི་ཚན་པ་ཆེ་ཆུང་ཁག་གི་རྒྱལ་སྒོ་ལས།   ཉིན་གཅིག་ལས་ལ་བྲེལ་བའི་ལས་ཁུངས་ཀྱི་མི་དག་སྔ་གཞུག་འགྲན་པ་ལྟར་འོངས་ནས་རང་རང་གི་ཁྱིམ་དུ་བུད་པ་དང་།   སྲང་ལམ་དུ་མཁོ་དངོས་ཙག་ཙིག་འཚོང་བའི་ཚོང་པ་ཕོ་མོ་ཡོངས་ཀྱིས་ཀྱང་།   རང་རང་གི་ཚོང་རར་བསྡུ་རུབ་བྱེད་པའི་གྲབས་གཤོམ་ལ་བྲེལ་བཞིན་པའི་སྐབས་སུ།   བསམ་གྲུབ་ཀྱིས་སྔོན་ལྟ་དང་འགབ་ལྟ་བྱེད་བཞིན་ཐད་ཀར་ཁྲོམ་གྱི་སྲང་ལམ་གྱ་གྱུ་དག་བརྒྱུད་ནས་སྒྲོལ་མའི་ཁང་གོག་ཏུ་འཛུལ་འགྲོ།   སྐབས་རེར་རང་གི་ཆུང་མ་བདེ་སྐྱིད་འཁྲིས་སུ་ཡོད་དུས།   ཁོ་གཉིས་ཀྱི་སློབ་ཆུང་འགྲིམ་བཞིན་པའི་བུ་མོ་བསུ་རྒྱུ་ལ་ཁ་གཡར་ཏེ་བྲེལ་འཚུབ་ཀྱིས་སྒྲོལ་མའི་གམ་དུ་འབྱོར་བར་བྱས།   བར་སྐབས་ཤིག་ལ།   བདེ་སྐྱིད་ཀྱིས་མི་མང་གི་ཁ་ནས་བསམ་གྲུབ་ཀྱིས་ཕྱི་རུ་ཆུང་མ་ཞིག་གསོས་ཚུལ་གོ་ཡང་།   སྐབས་ཤིག་རིང་བསམ་གྲུབ་ཀྱི་མདུན་ནས་སྣང་དོགས་ཅི་ཡང་མེད་པར་ལྟར་གསང་མོད།   ཡུན་རིང་མ་འགོར་བར་དོན་དེ་བསམ་གྲུབ་ཀྱིས་རྟོགས་པས་ཁོས་བདེ་སྐྱིད་ཀྱིས་མ་མཐོང་ས་ནས་ཐབས་དང་བཀོད་པ་ཅི་རིགས་འཐེན་ཏེ་སྒྲོལ་མའི་གནས་དེ་གཞན་དུ་སྤོར་རྒྱུ་བྱས།

  

        སྐབས་དེར།   གོང་རིམ་ནས་དར་རྒྱས་རྫོང་དུ་འབྲུ་རིགས་ལས་སྣོན་བྱེད་སའི་ཁང་པ་ཞིག་འཛུགས་དགོས་པའི་བཀའ་ཕབ།   དེར་འཛུགས་སྐྲུན་ཅུས་ཀྱི་མགོ་བ་བསམ་གྲུབ་དང་ས་ཆ་དོ་དམ་ཅུས་ཀྱི་མགོ་བ་རྒྱ་རིགས་གཉིས་ཀྱིས་དུ་བ་འཐེན་བཞིན་རྫོང་མཁར་དེའི་ཁུག་པ་ཀུན་ལ་བརྟགས་ནས་ཁང་པ་དེ་ས་ཆ་གང་དུ་ལས་དགོས་མིན་སྐོར་གྲོས་བྱས།   བསམ་གྲུབ་ཀྱིས་དུ་བ་རྔམ་འཐེན་ཞིག་བྱས་ནས་སྒྲོལ་མའི་ཁང་གོག་གི་ཕྱོགས་སུ་མཛུབ་མོ་གཏད་དེ"དེ་རུ་ལས་ན་བཟང་།   ཡང་གཅིག་བཤད་ན་འགྲིམ་འགྲུལ་སྟབས་བདེ་རེད"ཅེས་ཟེར་བ་ན།   རྒྱ་རིགས་དེས"དེ་མི་བཟང་།   དེའི་ཁུལ་གྱི་ས་ཆ་ལ་རློན་ཆེ་བས་འབྲུ་རིགས་ཀྱི་ལས་སྣོན་ལ་བར་ཆད་འབྱུང་ངེས"ཞེས་ལན་བཏབ་ནའང་།   བསམ་གྲུབ་ཀྱིས་ལག་པ་བཀྱགས་ནས་ཁོའི་ཕྲག་མགོར་ཡང་མོར་རྡེབ་བཞིན་དུ་སྒམ་ལས་དུ་རྐང་གཅིག་བཏོན་ནས་ཁོ་ལ་སྤྲད་པ་དང་།   རྒྱ་རིགས་དེས་བསམ་ལ་མ་བསམ་པའི་ངང་དུ་རྐང་དེ་ཁ་ཁུག་ཏུ་འཁྱེར་བ་ན།   བསམ་གྲུབ་ཀྱིས་བྲེལ་སྟབས་སྒོས་རང་གི་ཁུག་མ་ལས་མེ་ཆ་བླངས་ནས་ཁོའི་དུ་སྣེ་ལ་ལག་པ་བཀབ་སྟེ་མེ་སྦར།   རྒྱ་རིགས་དེས་དུ་བ་རྔམ་འཐེན་བྱེད་བཞིན་ཐོད་པར་གཉེར་མ་བསྡུས་ནས་བསམ་མནོ་ཡུད་ཙམ་བཏང་མཐར།   གདོང་ལ་བཅོས་འཛུམ་ཞིག་ངང་གིས་ལངས་ཏེ"འོ།   དེ་ལྟར་བྱོས།   ཁྱེད་ཀྱིས་བཤད་པ་དེའང་བདེན་པ་རེད"ཅེས་མཐའ་ཚིག་བསྒྲགས་པ་ན།   གློ་བུར་དུ་བསམ་གྲུབ་ཀྱི་གདོང་ལ་རླུང་གིས་དེད་པའི་མཚོ་རླབས་ལྟར་གྱི་འཛུམ་རླབས་ཤིག་ངང་གིས་འཕྱུར་འོངས།   ཁོས་སླར་ཡང་རྒྱ་རིགས་མགོ་བ་དེའི་ཕྲག་མགོར་ལག་པས་ཡང་མོར་རྡེབ་བཞིན་ཁོ་གཉིས་གོམ་འགྲོས་གཅིག་གིས་ཕྱིར་ལས་ཁུངས་སུ་བུད། 

 

        ཉིན་དེའི་དགོང་མོར།   བསམ་གྲུབ་སླར་ཡང་རྐང་འཇབ་ལག་འཇབ་ཀྱིས་སྒྲོལ་མའི་རུམ་ཕུང་དྲོན་མོར་འཛུལ་བ་དང་།   མོ་ལ"ཁྱེད་རང་དེ་ལྟའི་ཁང་བ་གོག་ཏོ་ཞིག་ཏུ་བསྡད་ན་མི་བཟང་བས།   ངས་ཞིང་འབྲོག་ཅུས་ཀྱི་ཐོག་ཁང་དེ་རུ་ཁང་མིག་སྟོང་པ་ཞིག་ཡོད་པ་དེ་ཁྱོད་ལ་སྤྲོད་ཆོག"ཅེས་བདེན་གཏམ་བྱས་པ་ན།   སྒྲོལ་མས་ཀྱང་འཐད་པའི་མགོ་ལྕོག་ལྡེམ་བཞིན་ཁོའི་འགྲམ་པར་མཆུ་སྦྱོར་ཡང་ཡང་བྱས།   ཉིན་འགའ་འགོར་རྗེས་བསམ་གྲུབ་ཀྱི་རྗེས་ན་རྔ་མ་འབྲང་འབྲང་བྱེད་པའི་རྒྱ་རིགས་ཚོ་ཞིག་འདུག དེ་དག་ནི་རྫོང་དེའི་ཨར་ལས་འགན་ལེན་བྱེད་མཁན་གྱི་སྦྱིན་བདག་དག་རེད།   དེ་དག་གི་ཁྲོད་དུ་ཟི་ཁྲོན་གྱི་ཡུལ་སྐད་གར་བའི་སྦྱིན་བདག་ཡོད་ལ།   ཞྭ་མོ་དཀར་པོ་གྱོན་པའི་ཧེ་རིགས་ཡོད།   དེ་བཞིན་མཚོ་སྔོན་དང་ཡུན་ནན་སོགས་ནས་ཡིན་པའི་སྦྱིན་བདག་ཀྱང་ཡོད།   དེ་དག་གིས་ཉིན་ལྟར་བསམ་གྲུབ་ཀྱི་གཞུང་སྒྲུབ་ཁང་བརྩད་པའམ།   ཁོའི་ཁ་པར་ཨང་གྲངས་འདྲི་བ།   ཡང་ན་ཁོའི་ཆུང་མའི་ལས་གནས་སོགས་དྲིས་ཏེ་མངོན་ལྐོག་གང་རུང་ནས་ཁོའི་ལག་ཏུ་རིན་གོང་མཐོ་བའི་རྒྱ་ནག་གི་ཨ་རག་དང་ཤ་རིགས་སྣ་ཚོགས།   དེ་བཞིན་དུ་བ་དང་ས་ཁོངས་ཀྱི་ཁྱད་ལྡན་ཐོན་རྫས་སོགས་ཀྱི་འབུལ་རྟེན་བརྫང་ཅི་ཐུབ་བྱས། 

 

        སྦྱིན་བདག་དེ་ཚོས་མངོན་ལྐོག་གང་རུང་ནས་གོ་སྐབས་བཙལ་ཏེ་བསམ་གྲུབ་ལ་འགྲོགས་ཅི་ཐུབ་བྱས་པ་དང་།   ཁོ་ལ་ལྐོག་རྔན་གྱ་ནོམ་པ་ཕུལ་ཏེ་འབྲུ་རིགས་ལས་སྣོན་བྱེད་སའི་ཁང་པ་དེའི་འཛུགས་སྐྲུན་ལས་གཞི་དེ་རང་ལ་འཐོབ་ཐབས་བྱས།   ཐོག་མར་ཁོ་ཚོས་འབུལ་རྟེན་ཁྱེར་ནས་བསམ་གྲུབ་ཀྱི་ཁྱིམ་དུ་ཡོང་སྐབས་བདེ་སྐྱིད་ཀྱིས་ཆེད་དུ་འོ་ཇ་སྲུབས་ཏེ་སྣེ་ལེན་གང་བཟང་བྱས།   ཡིན་ནའང་།   རྗེས་སུ་སྦྱིན་བདག་དེ་དག་བསམ་གྲུབ་ཚང་ལ་ཡོང་གྲངས་ཇེ་མང་ནས་ཇེ་མང་དུ་གྱུར་བས།   བདེ་སྐྱིད་ལའང་འགྱུར་བ་བྱུང་སྟེ་རྒྱ་ལུགས་ལྟར་ཤེལ་ཕོར་སྐེ་རིང་དུ་ཇ་ལོ་བཏབ་སྟེ་ཆུ་ཁོལ་བླུགས་པ་དང་།   རིམ་བཞིན་ཆུ་ཁོལ་བླུགས་ཀྱང་ཇ་ལོ་མི་འདེབས་པ་དང་།   རྗེས་སུ་ཁོ་ཚོར་ཆུ་ཁོལ་ཡང་མ་བླུགས་ཀྱང་བདེ་སྐྱིད་ལ་སུན་སྣང་ཞིག་ངང་གིས་སྐྱེས་འོངས།   ཁོ་ཚོས་ཉིན་ལྟར་བསམ་གྲུབ་ལ་ཁ་ཡག་བཤད་དེ་འབྲུ་རིགས་ལས་སྣོན་ཁང་གི་འཛུགས་སྐྲུན་གྱི་ལས་གཞི་དེ་གནང་རོགས་ཞེས་ཞུས་པར།   བསམ་གྲུབ་ཀྱིས་ཁོ་ཚོའི་མདུན་ནས་ཡ་ཡ་ཡོ་ཡོའི་འཐད་པའི་མགོ་ལྕོག་ལྡེམ་ཡང་དོན་དུ་སུ་ལའང་མ་སྤྲད།   སྐབས་དེར།   ཡུན་ནན་ནས་འོངས་བའི་སྦྱིན་བདག་ཀྲང་གིས་ཁོ་དང་ཉེ་བར་བཅར་བའི་གོ་སྐབས་ཤིག་བཙལ་ཏེ་ཁོ་ཚོའི་ནང་དུ་ཡོང་།   བདེ་སྐྱིད་ཀྱིས་སྔར་སྲོལ་ལྟར་ཁོ་ལ་ཆུ་ཁོལ་ཕོར་པ་གང་ཡང་མ་བླུགས་ཀྱང་།   ཁོས་ཁུག་མ་ལས་དུ་སྒམ་ཁྱད་མཚར་ཅན་ཞིག་ལས་རྐང་གཅིག་བླངས་ཏེ་བསམ་གྲུབ་ལ་སྤྲད་པ་དང་།   ཁང་པའི་ནང་རླུང་གི་རྒྱུ་འོངས་མེད་ནའང་བསམ་གྲུབ་ཀྱི་ཁ་ཁུག་ཏུ་བཙིར་བའི་དུ་སྣེ་ལ་ལག་པས་བཀབ་སྟེ་མེ་སྦར། 

 

        "ཡཱ།   དུ་བ་དེར་བྲོ་བ་ཁྱད་པར་བ་ཞིག་འདུག གང་གི་རེད"བསམ་གྲུབ་ཀྱིས་ཁ་སྣ་ཟུང་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་བཏང་མཐར་དེ་ལྟར་ཟེར།  

 

        "ཕྱི་རྒྱལ་གྱི་རེད།   ཕྱི་རྒྱལ་དུ་ཡོད་པའི་གྲོགས་པོ་འདང་ཅན་ཞིག་གིས་སྔོན་མ་ནས་ང་ལ་མང་པོ་ཞིག་ཁྱེར་འདུག འོན་ཀྱང་།   སྤྲོད་ས་འོས་འཚམ་ཞིག་མ་རྙེད་པར་ད་ལྟའི་བར་ཉར་བ་ཡིན།   འདི་བསམ་གྲུབ་ཅུས་ཀྲང་ཁྱེད་ཀྱིས་འཐེན་རོགས"ཞེས་ཟེར་ནས་སྒམ་གཅིག་བསམ་གྲུབ་ཀྱི་ལག་ན་བཞག

 

        "མི་དགོས།   མི་དགོས།   ངེད་གཉིས་ཀྱིས་མཉམ་དུ་འཐེན་ན་ཆོག ཧེ་ཧེ"

 

"……"

 

        བདེ་སྐྱིད་རང་གནས་སུ་བསྡད་དེ་རྒྱང་འཛིན་བཟུང་ནས་བརྙན་འཕྲིན་ལ་ལྟ་བ་ལས།   ཁོ་གཉིས་ཀྱི་ལབ་གླེང་ལ་ཁ་ཡ་ཡེ་ནས་མི་བྱེད་པ་དང་།   སྔར་སྲོལ་ལྟར་སྦྱིན་བདག་ཀྲང་ལ་ཆུ་ཁོལ་ཕོར་གང་ཡང་མ་བླུགས།   ཡིན་ནའང་།   བསམ་གྲུབ་ཀྱིས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་ཡར་ལངས་ནས་ཐབ་ཚང་དུ་བུད།   ཁོས་དེ་སྔོན་རྒྱ་རིགས་སྦྱིན་བདག་ཅིག་གིས་སྤྲད་པའི་ཇ་ལོ་སྤུས་དག་དེ་འཁྱེར་འོངས་ནས་ཤེལ་ཕོར་སྐེད་རིང་དུ་བཏབ་པ་དང་།   དེ་ནས་ཚ་དེམ་བླངས་ཏེ་རླངས་པ་ཐོལ་ཐོལ་གྱི་ཆུ་ཁོལ་བླུགས།   དེ་མུར་འཇམ་ནེམ་ནེམ་གྱི་ཧྲ་ཧྥ་རུ་བསྡད་དེ་སྦྱིན་བདག་ཀྲང་ལ་བྲེལ་འཚབ་བྱེད་མི་དགོས་ཞེས་ཡང་ནས་ཡང་དུ་ཟེར།   དེར་བརྟེན།   སྦྱིན་བདག་ཀྲང་གི་གདོང་ལའང་ལྷོད་ཤ་ཞིག་ངང་གིས་འཁྱིལ་དེ་བསམ་གྲུབ་དང་ཕྱོགས་ཡར་མར་གྱི་ཁ་བརྡ་བྱས།   དེ་ལྟར་སྦྱིན་བདག་ཀྲང་གིས་སྐབས་སྐབས་སུ་བསམ་གྲུབ་ལ་ཁོ་བཟའ་ཚང་གཉིས་ཀྱི་བུ་མོ་ཆུང་ཆུང་དེས་ཁོ་གཉིས་ཀྱི་ཁ་ལ་ཉན་མིན་དང་སློབ་སྦྱོང་གི་ཆུ་ཚད་ཡག་མིན་སོགས་འདྲི་འོངས་ལ།   མཚམས་རེར་བརྗོད་བྱ་བསྒྱུར་ཏེ་ཁོའི་ཕྱི་རྒྱལ་དུ་ཡོད་པའི་གྲོགས་པོའི་ལས་གནས་དང་།   འཚོ་བའི་གོམས་གཤིས་སོགས་བཤད་ནས་དུས་འདའ་བར་བྱས།   ཁོ་གཉིས་ཀྱིས་ཁ་བརྡ་བྱས་པའི་རིང་ལ་སྦྱིན་བདག་ཀྲང་གིས་ཇ་ལོ་སྦངས་པའི་ཆུ་ཁོལ་ཕོར་གང་དེ་སྔ་ས་ནས་བཏུང་ཚར་བས།   བསམ་གྲུབ་ཡར་ལངས་ནས་སླར་ཡང་ཚ་དེམ་ཁྱེར་ཏེ་ཆུ་ཁོལ་མེར་མེར་བླུགས་རྗེས་ཁོའི་འགྲམ་དུ་བསྡད།   ཁོ་གཉིས་ཀྱིས་ཁ་བརྡ་བྱས་པའི་རིང་ལ་དགུང་གི་ཉི་མ་སེར་པོར་ཉོག་མདངས་མཆེད་དེ་རྫོང་མཁར་གྱི་མཐའ་རུ་ཀྲོང་ངེར་འགྱིང་བའི་རྒྱབ་རིའི་ཕྲག་རྩེ་ནས་གཟུར་བཞིན་གདའ།   སྐབས་དེར།   ཁོ་གཉིས་ཀྱིས་ཐུན་མོང་གི་བརྗོད་བྱ་གང་ཞིག་མ་རྙེད་པ་ལྟར་རེ་ཞིག་ཁུ་སིམ་མེར་ལུས་པས།   སྦྱིན་བདག་ཀྲང་གིས་གདོང་ལ་དོགས་མི་བདེ་བའི་མདངས་ཤིག་མངོན་པ་དང་།   མགོ་བོ་བདེ་སྐྱིད་ཀྱིས་ལྟ་བཞིན་པའི་མུ་འབྲེལ་བརྙན་འཕྲིན་གྱི་ཕྱོགས་སུ་གཅུས་ཏེ་ཆུ་ཁོལ་ཁམ་གང་འཐུངས་ཀྱང་།   ཆུ་ཁོལ་སྔ་ས་ནས་གྲང་མོར་གྱུར་ཟིན་པས་མིད་མི་བདེ་ནའང་བཙན་གྱིས་མིད་པར་བྱས།   དེའི་རྗེས་སུ་དཀར་འོད་མཆེད་པའི་དཀར་ཡོལ་གྱི་སྒྲོག་ཙེའི་སྟེང་གི་དུ་སྒམ་ཡ་མཚར་ཅན་དེ་ལས་རྐང་གཅིག་བླངས་ཏེ་བསམ་གྲུབ་ལ་སྤྲད།   ཁོས་ད་དུང་བྱང་ཆ་ལྡན་པའི་ལག་མགོ་གུག་གུག་བྱས་ཏེ་དུ་སྣེ་ལ་མེ་སྦར། 

 

        "འོ།   ལའོ་ཀྲང་།  ཐུགས་རྗེ་ཆེ།   ཐུགས་རྗེ་ཆེ"

 

        "ཁྱེད་ཀྱིས་ཀྱང་རྐང་གཅིག་འཐེན"

 

        "ད་ངས་མི་འཐེན།   དུ་བ་འདི་བྲོ་བ་ཆེ་ནའང་འཐེན་མང་སོང་ན་མགོ་ན་གི ཧ་ཧ"

 

        "ནང་འདྲེན་བྱས་པའི་དངོས་རྫས་ཡོད་ཅོག་ནི་ངོ་མ་གཡང་ཟོག་རེད།   འུ་ཚོའི་སྤུས་ཞན་དེ་དག་གིས་སྡུར་ཐབས་ཤིག་ག་ལ་ཡོད"བསམ་གྲུབ་ཀྱིས་དུ་བ་རྔམ་འཐེན་བྱེད་བཞིན་དེ་ལྟར་ཟེར།  

 

        བདེ་སྐྱིད་ཀྱིས་བརྙན་འཕྲིན་གྱི་ཁ་བརྒྱབ་རྗེས་རྒྱང་འཛིན་ཧྲ་ཧྥའི་ཁུད་དུ་གཡུགས་ཤིང་།   གླལ་སྒྱིང་བྱེད་བཞིན་ཡར་ལངས་ཏེ་སྒེའུ་ཁུང་གི་ཕྱི་རོལ་ལ་ལྟ་ཙམ་བྱས་པ་ན།   གདོང་ལ་གློ་བུར་བའི་དངངས་འཚབ་ཅིག་ལངས་ནས།   "དགའ་པོ།   འུ་གཉིས་ཀྱིས་བུ་མོ་ཡང་བསུ་རྒྱུ་བརྗེད་འདུག"ཅེས་བསམ་གྲུབ་ལ་དྲན་སྐུལ་བྱས་པ་ན།   "འོ་རེད།   འོ་རེད"ཁོས་ངག་ནས་དེ་ལྟར་བཟླས་པ་ན།   ཡིད་ལ་གློ་བུར་དུ་སྒྲོལ་མ་དྲན་འོངས།   ནམ་རྒྱུན་ཉི་མ་ནུབ་ཅིང་ལས་ཚོགས་གྲོལ་བའི་དུས་སུ་ཁོས་བུ་མོ་བསུ་བའི་ལས་ལ་ཁ་གཡར་ཏེ་སྒྲོལ་མའི་རུམ་དུ་འཛུལ་ཐབས་བྱས་ནའང་།   ད་ལྟ་ཁོས་ཁ་སྣ་ཟུང་ལས་དུ་བ་སྔོ་ལྷོག་ལྷོག་ཏུ་གཏོང་བཞིན་སྒམ་ཚུགས་བསྟན་ནས་སྦྱིན་བདག་ཀྲང་གིས་ཅི་བཤད་ལ་སྒུག་བཞིན་འདུག

 

        "ཡཱ།   ཅུས་ཀྲང་ལགས།   ད་ང་འགྲོ་རྒྱུ་ཡིན།   བདེ་བར་བཞུགས"སྦྱིན་བདག་ཀྲང་ལངས་ནས་འགྲོ་རྩིས་བྱས།   "འདི་འཁྱེར།   ལའོ་ཀྲང"བསམ་གྲུབ་ཀྱིས་སྒྲོག་ཙེའི་སྟེང་གི་དུ་སྒམ་དེ་བླངས་ནས་ཁོ་ལ་སྤྲད་པ་ན།   "ཅུས་ཀྲང་ལགས།   འདིས་ཁྱེད་ཀྱི་དུ་རྔམ་བསྐངས་ཐུབ་ན་ཁྱེད་ཀྱིས་འཐེན་ན་ཆོག རྗེས་མ་ངས་མང་ཙམ་འཁྱེར་ཡོང"ཞེས་ཟེར་བཞིན་དུ་སྒམ་དེ་བསམ་གྲུབ་ཀྱི་ཁུག་མར་བརྫངས་པ་དང་ཁོ་ལ་གྱེས་བརྡ་བཏང་ནས་སྒོར་བུད།  

 

        ཞིང་འབྲོག་ཅུས་ཀྱི་མགོ་བ་རྒྱགས་པ་དེ་ནི་བསམ་གྲུབ་ཀྱིས་ཟོས་ན་མཉམ་ཟ་དང་འཐུངས་ན་མཉམ་འཐུང་བྱེད་པའི་གྲོགས་པོའི་ནང་གི་གཅིག་ཡིན།   ཁོས་མགོ་བ་ཤ་རྒྱགས་དེར་ཁོ་ཚོའི་ལས་ཁུངས་ཀྱི་ཁང་པ་སྟོང་པ་དེ་སྒྲོལ་མར་སྟེར་དགོས་པའི་རེ་བ་ཞུས་ནས།   སྒྲོལ་མའི་གཞིས་ཆུང་དེ་རྫོང་མཁར་དེའི་ཕུ་རུ་ཆགས་པའི་ཞིང་འབྲོག་ཅུས་སུ་སྤོས་པ་དང་།   ངོ་ཤེས་བརྒྱུད་དེ་མོ་རང་ལས་ཁུངས་དེའི་གད་ཕྱིས་པ་ཞིག་ཏུ་བཞག སྒྲོལ་མ་གནས་དེར་སྤོས་རྗེས་དེ་སྔོན་ཁྲོམ་པའི་མི་ཁས་བསླངས་པའི་བདེ་སྐྱིད་ཀྱི་ཞེ་འཁོན་དེ་རིམ་གྱིས་ཞི་ཞིང་།   ནམ་རྒྱུན་མོའི་རྣ་ལམ་དུ་བྲག་ཅ་བཞིན་འཁོར་བའི"བསམ་གྲུབ་ཀྱིས་སྲང་ལམ་གྱི་ཁུག་པ་ཞིག་ཏུ་ཆུང་མ་ཞིག་གསོས་འདུག……"ཅེས་པའི་གཏམ་རྒྱུད་དེའི་རྒྱུན་ཆད།   སྒྲོལ་མ་ཞིང་འབྲོག་ཅུས་ཀྱི་གད་ཕྱིས་པར་གྱུར་བ་ནས་བཟུང་།   མོས་ལས་ཁུངས་དེའི་འབྲེལ་ཡོད་མི་སྣས་བཀོད་སྒྲིག་བྱས་པ་ལྟར་སྔ་ལངས་འཕྱི་ཉལ་བྱས་ནས་ལས་ཁུངས་ཀྱི་མེ་ཏོག་ལ་ཆུ་རྒྱག་པ་དང་།   ཁྱམས་རའི་ནང་གི་གད་སྙིགས་ཕྱགས་ཤིང་ཤེལ་སྒོ་ཕྱིས་པ་སོགས་གང་ཐུབ་ཅི་ནུས་ཀྱིས་བྱས་ནའང་།   མོ་ལ་ཟླ་ཕོགས་སྒོར་ལྔ་བརྒྱ་ལས་མེད་པས་དེ་རུ་གཞིས་ཆགས་རྒྱུ་ལྟ་ཞོག་ཐ་ན་ལྟོ་གོས་ཐད་ལའང་དཀའ་ངལ་གཅིག་རྗེས་གཉིས་མཐུད་ཀྱིས་ཕྲད།   དེར་བརྟེན།   སྐབས་ཤིག་ལ་མོས་བསམ་གྲུབ་ལ་ལས་ཀ་དེ་བསྐྱུར་ནས་སྔར་ལྟར་ནང་མ་ཁང་དུ་ཞབས་ཞུ་མ་བྱས་ན་ཟླ་གཅིག་ལ་ཉུང་མཐར་ཡང་སྒོར་ཉིས་སྟོང་ཐོབ་ཚུལ་བཤད་པ་ན།   བསམ་གྲུབ་ཀྱིས་མགོ་བོ་འཕྲེད་དུ་གཡུག་བཞིན།   དེ་ལྟར་བྱས་ན་ཁོའི་མདུན་གྱི་ལམ་དང་རྒྱབ་ཀྱི་ངོ་སོ་ལ་གནོད་པ་ཡོད་ཅེས་ཟེར་བས་སྒྲོལ་མས་མུ་མཐུད་ཁོ་ལ་ཨུ་ཚུགས་བྱེད་མ་ཕོད།   ཡིན་ནའང་།   སྒྲོལ་མས་ཉིན་ལྟར་བསམ་གྲུབ་ལ་དེ་སྔོན་ཁང་གོག་དེའི་རིན་པ་དང་ས་རིན་རྩོད་དུས།   ཁོས་ཉིན་ལྟར་སྒྲོལ་མ་ལ"ཁྱེད་ཚོས་མི་ཤེས།   རྒྱལ་ཁབ་ཀྱི་ལས་ཀ་ལ་བརྒྱུད་རིམ་ཞིག་ཡོད།   བརྒྱུད་རིམ་དེར་དུས་ཚོད་ངེས་ཅན་ཞིག་དགོས།   དཔེར་ན།   ང་ཚོ་ལྷ་སར་འགྲོ་བ་ལྟ་བུ་རེད།   རི་ཆུ་ལུང་གསུམ་མ་བརྒལ་ན་ལྷ་སར་སླེབས་ཐུབ་བམ།   དེ་ལྟར་ཁྱེད་ཀྱི་ཁང་རིན་དང་ས་རིན་དེའང་བརྒྱུད་རིམ་དེ་དག་བརྒྱུད་རྗེས་ཁྱེད་ཀྱི་ལག་ཏུ་ལོངས་ངེས"ཞེས་ཡང་ནས་ཡང་དུ་བཤད། 

 

        སླར་ཡང་ཉིན་ཞིག་གི་ཕྱི་དྲོར།   རྒྱབ་རིའི་ལ་ཐོད་དུ་མཚམས་སྤྲིན་དམར་སེར་གྱི་འདུ་འགོད་འཕྱུར་བ་དང་།   གསེར་འོད་ལམ་མེར་མཆེད་པའི་དགུང་གི་ཉི་མ་སྒོར་མོ་དེ་རྒྱབ་རི་དང་ཐག་རྒྱང་དོའི་མཚམས་སུ་གྱར་བ་ན།   དར་རྒྱས་རྫོང་གི་ལྷོ་བྱང་མཚམས་སུ་ཐང་མར་གདལ་བའི་རྣང་ཞིང་དུ་གྲོའི་སྙེ་མ་དག་གཅིག་ལ་གཅིག་གིས་བསྒུལ་ནས་རྒྱ་མཚོ་ཆེན་མོའི་རླབས་ལྟར་ཡོམ་ཡོམ་བྱས་པ་དེས།   ཉིན་གཅིག་ལས་ལ་བྲེལ་བའི་མི་རྣམས་ལ་རླུང་བུ་བསིལ་མ་ཞིག་གཡོ་བའི་སྔོན་བརྡ་བཏང་བ་མ་ཡིན་ནམ།   རེད་ལགས།   ཕ་གིའི་རི་རྐེད་ནས་རྫི་བོ་ཁ་བདེ་ཅན་ཚོས་ནོར་ལུག་ཤོད་དུ་དེད་ཤུལ་གྱི་ཐལ་བ་ལང་ལོང་དུ་འཚུབ་པ་དེས་ཀྱང་།   བྱང་རླུང་འུར་གྱིས་ལྡང་ཡོད་པ་ར་སྤྲོད་བྱེད་ཐུབ།   འཁྱག་རླུང་གི་རྒྱུ་བ་དྲག་པོའི་ཀློང་དུ་སྲང་ལམ་གྱི་མགོ་རྔ་ཀུན་ནས་འགྱིག་ཤོག་ཁྲ་ཆིལ་དགུ་ཆིལ་དག་བར་སྣང་དབྱིངས་སུ་འཕུར་ནའང་།   ཉིན་གཅིག་ལ་སྨྱོ་རྒྱུག་བྱེད་པའི་གླ་གཏོང་རླངས་འཁོར་དག་ད་དུང་ཡར་རྒྱུག་མར་རྒྱུག་བྱས་པར་གཞིགས་ན།   བར་སྐབས་དེ་ནི་རྫོང་དེའི་ལས་ཁུངས་ཡོད་ཚད་ཀྱི་ལས་ཀ་གྲོལ་བའི་དུས་ལ་འཁེལ་ཡོད་པ་རྟོགས་ཐུབ།  

 

        ལས་བྱེད་པ་ལ་ལས་ཀོ་བའི་ཁུག་མ་ཆུང་ཆུང་རེ་ཐོགས་ཏེ་སྒོར་བུད་པ་དང་།   ལ་ལས་སྐེ་དཀྲིས་དང་ཁ་རལ་སྲབ་མོ་རེ་གོན་ནས་སྒོར་ཐོན་རྗེས་གླ་གཏོང་རླངས་འཁོར་བསྒགས་ཏེ་ཐད་ཀར་རང་ཁྱིམ་དུ་ལོག་འགྲོ།   ཁ་ཤས་ནི་ལས་ཁུངས་ཀྱི་སྒོ་ནས་ཐོན་རྗེས་མཁྲིག་མའི་ཆུ་ཚོད་ལ་ལྟ་ཙམ་བྱས་ཤིང་མྱུར་བར་མྱུར་མོར་རྫོང་སློབ་ཆུང་གི་ཕྱོགས་སུ་?ག་ཁ་གཏད་དེ་རང་གི་བུ་དང་བུ་མོ་བསུ་བར་ཆས་འགྲོ།   བསམ་གྲུབ་སྒོར་བུད་རྗེས་ཁ་ལོ་བས་སྔ་ས་ནས་ཁོ་ལ་བསྒུགས་འདུག ཁོ་རང་རླངས་འཁོར་གྱི་འདུག་སྟེགས་སུ་ཙོག་རྗེས་ཁ་ལོ་བས་སྒོ་བརྒྱབ་སྟེ་གུས་གུས་ཞུམ་ཞུམ་གྱིས་རླངས་འཁོར་བསྐོར་ནས་ཁོའི་ཁྱིམ་གྱི་ཕྱོགས་སུ་ཆས།  

 

        སྲང་ལམ་གྱི་ཁུག་པ་ཁ་ཤས་བརྒྱུད་རྗེས་བསམ་གྲུབ་སྡོད་སའི་རླངས་འཁོར་དེ་རྡུལ་བྲེང་ངེར་ཁོ་ཚང་གི་ར་བའི་འགྲམ་དུ་བསླེབས།   བསམ་གྲུབ་རླངས་འཁོར་ལས་བབས་རྗེས་རང་གི་ཁུག་མ་ལས་ཁ་རས་སྲབ་མོ་དེ་བླངས་ནས་གྱོན་པ་དང་།   ཕྱིར་ཁ་ལོ་བ་ལ་ལག་བརྡ་ཙམ་ཡང་མི་བཏང་བར་ཐད་ཀར་རང་ཁྱིམ་གྱི་སྒོའི་ཕྱོགས་སུ་བུད།   ཁ་ལོ་བ་དེས་སྔ་ལྟ་དང་ཕྱི་ལྟ་བྱེད་བཞིན་རླངས་འཁོར་གྱི་ཁ་ཕྱོགས་ཕྱིར་ལས་ཁུངས་སུ་བསྐོར་ཏེ་བྱ་འཕུར་བ་ལྟར་སོང་།   བསམ་གྲུབ་ཀྱིས་ཕར་ལྟ་དང་ཚུར་ལྟ་ཙམ་ཡང་མེད་པར་ཅི་ཞིག་ལ་འདང་རྒྱག་བཞིན་འགྲོ་སྟེ་རང་ཁྱིམ་གྱི་?་སྐས་མཚམས་སུ་བསླེབས་པ་ན།   "ཅུས་ཀྲང་བསམ་གྲུབ།   ཅི་ཞིག་དྲན་བཞིན་ཡོད"ཅེས་རྒྱུས་ཡོད་ཀྱི་སྐད་གདངས་དེས་ཁོའི་དྲན་པའི་མེ་ལོང་གཏོར་ཅིང་?ག་སྣེ་བཀག་སོང་།   ཁོས་དེ་མ་ཐག་དངངས་སད་ལྟ་བུ་ཞིག་བྱས་ཏེ་མགོ་བོ་བཏེགས་ནས་བལྟས་པ་ན།   དེ་ནི་སྦྱིན་བདག་ཀྲང་རེད།   སྦྱིན་བདག་ཀྲང་གིས་ཁུག་མ་དམར་པོ་ཞིག་ཏུ་ཤོག་སྒམ་གྲུ་བཞི་བཅུག་པ་ཞིག་འཁྱེར་ནས་?་སྐས་ཀྱི་མཚམས་སུ་ལངས་འདུག བསམ་གྲུབ་དེ་མ་ཐག་དོགས་མི་བདེ་བར་གྱུར་ཏེ་རེམ་མར་ཁ་རལ་ལེན་པ་དང་ཞོར་ནས"སྒུག་ཡུན་རིང་སོང་།   སྒུག་ཡུན་རིང་སོང་།   ལའོ་ཀྲང"ཞེས་ཟེར།   "ད་སོ་མ་ཐོན་པ་ཡིན།   ཉིན་འདི་དག་ཏུ་གནམ་གཤིས་ཇེ་འཁྱག་ཏུ་སོང་འདུག……"ཅེས་ཟེར་བཞིན་ཁོ་གཉིས་དཔུང་བ་མཉམ་གཤིབ་ཀྱིས་?་སྐས་ལ་འཛེགས་ནས་ཁྱིམ་དུ་ཐོན།

  

        "བདེ་སྐྱིད།   རེམ་མར་སོང་ལ་ཇ་ལྡུད"བསམ་གྲུབ་ཀྱིས་སྒོ་ཁ་ནས་ཀོ་ལྷམ་ཕུད་ནས་དྲུད་ལྷམ་ཞིག་རྐང་མགོས་དྲུད་བཞིན་དེ་ལྟར་ཟེར་བ་དང་སླར་ཡང་།   གཅིག་ནས་སྦྱིན་བདག་ཀྲང་ལ"འཛེམ་མ་བྱེད།   ནང་དུ་ཕེབས།   ནང་དུ་ཕེབས"ཞེས་ལག་བརྡ་བྱས།   བདེ་སྐྱིད་ཀྱིས་སྒྲོག་ཙེའི་འགྲམ་དུ་བཞག་པའི་ལག་རས་དེ་བླངས་ནས་ལག་གི་ཕྱི་ནང་ཡོད་ཚད་རྟེན་འབྲེལ་ཙམ་ཞིག་ཕྱིས་རྗེས་ཐབ་ཚང་དུ་བུད་ནས་ཇ་སྲུབས།   བསམ་གྲུབ་དང་སྦྱིན་བདག་ཀྲང་གཉིས་ཚོམས་ཆེན་གྱི་ཧྲ་ཧྥ་རུ་ཙོག་པ་དང་ལྷན་དུ།   བདེ་སྐྱིད་ཀྱིས་སྦྱིན་བདག་ཀྲང་གི་མདུན་ཐད་དུ་དཀར་ཡོལ་འབྲུག་རིས་མ་ཞིག་བཞག་པ་དང་།   བསམ་གྲུབ་ལ་འཐེན་སྒམ་ནང་དུ་རང་གི་དངུལ་ཕོར་ལེན་དགོས་པའི་བརྡ་བསྟན།   མོས་གུས་གུས་ཞུམ་ཞུམ་གྱིས་འཛུམ་ཙམ་བྱེད་བཞིན་སྔོན་ལ་སྦྱིན་བདག་ཀྲང་གི་དཀར་ཡོལ་འབྲུག་རིས་དང་།   དེ་ནས་བསམ་གྲུབ་ཀྱི་དངུལ་ཕོར་བཀྲ་ཤིས་རྟགས་རིས་ནང་ཇ་མེར་མེར་བླུགས།   ཁོ་གཉིས་ཀྱིས་རླངས་པ་ཐོལ་ཐོལ་གྱི་འོ་ཇ་འཐུང་བཞིན་སླར་ཡང་ཕྱོགས་ཡར་མར་ལ་ཁ་བརྡ་བྱེད་མགོ་བརྩམས།   "བསམ་གྲུབ་ཅུས་ཀྲང་ལགས།   ང་ཚོའི་རྫོང་གི་འབྲུ་རིགས་ལས་སྣོན་ཐོག་ཁང་དེ་སུས་ལས་རྩིས་བྱས་པ་རེད"སྦྱིན་བདག་ཀྲང་གིས་དེ་ལྟར་ཟེར་ཞོར་ཁུག་མ་ལས་དུ་སྒམ་ཡ་མཚར་ཅན་དེ་བླངས་ཤིང་།   དལ་བར་དལ་བུར་དེ་ལས་རྐང་གཉིས་བཏོན་ཏེ་ཐོག་མར་བསམ་གྲུབ་ལ་གཅིག་སྤྲད་པ་དང་།   དེ་ནས་རང་གི་ཁ་ཁུག་ཏུ་རྐང་གཅིག་བཙངས་ནས་མེ་ཆ་ལེན་རྩིས་བྱས་ནའང་།   བསམ་གྲུབ་ཀྱིས་དེ་མ་ཐག་དུ་རྐང་གཅིག་པུ་དེ་ཡ་མཆུ་དང་སྣ་ཁུང་གི་མཚམས་སུ་འཕྲེད་དུ་སྦྱར་རྗེས་མིག་གཉིས་བཙུམ་སྟེ"ཤུ"དང་བཅས་ཏེ་སྣུམ་པ་ལས།   སྦྱིན་བདག་ཀྲང་གི་སྐད་ཆ་དེ་ཡེ་ནས་མ་གོ་བ་ལྟར་སྣང་།   སྐབས་དེར་སྦྱིན་བདག་ཀྲང་གིས་མེ་ཆ་ཐག་སྒྲ་དང་བཅས་ཏེ་སྦར་བ་ན།   བསམ་གྲུབ་ལ་དངངས་སད་ལྟ་བུ་ཞིག་བྱུང་སྟེ་དུ་རྐང་དེ་ཁ་རུ་བཙངས་ནས་དེའི་སྣེ་ལ་མེ་སྦར་དུ་འཇུག

 

        "བསམ་གྲུབ་ཅུས་ཀྲང་ལགས།   ང་ཚོའི་རྫོང་གི་འབྲུ་རིགས་ལས་སྣོན་ཐོག་ཁང་དེ་སུས་ལས་རྩིས་བྱས་པ་རེད"ཀྲང་གིས་དུ་བ་འཐེན་བཞིན་དེ་ལྟར་ཟེར།  

 

        "འོ།   དེ་འུ་གཉིས་ཀྱིས་མཉམ་ལས་བྱས་ཀྱང་མི་འཕྱི"

 

        "བཀའ་དྲིན་ཆེ།   ནམ་ཞིག་ལ་ལས་མགོ་འཛུགས་རྒྱུ་ཡིན"

 

        བསམ་གྲུབ་ཀྱིས་ཀྲང་གི་འཁྲིས་སུ་ཡོད་པའི་རས་ཐུམ་དམར་པོའི་ནང་གི་ཤོག་སྒམ་དེར་བལྟས་ཙམ་བྱས་རྗེས།   "ལའོ་ཀྲང་།   ཨར་སྐྲུན་གྱི་ལས་གཞི་འདི་ཁྱོད་ཀྱིས་འགན་ལེན་བྱོས།   ཉེ་ཆར་ང་ལ་ལས་ཀ་མང་བ་དང་།   ལྷག་པར་དུ་མི་རིང་བར་གྲོང་ཁྱེར་དུ་ཕྱིན་ནས་ཚོགས་འདུར་ཞུགས་དགོས།   དེར་བརྟེན……"ཅེས་བཤད་པ་ན།   ཀྲང་གི་གདོང་ལ་དམར་མདངས་ཤིག་རིམ་གྱིས་རྒྱས་ཤིང་།   ཁ་ཁུག་ནས་འཛུམ་ཆུང་ཞིག་དལ་གྱིས་ལངས་ཏེ།   "ལགས་སོ།   །ཅུས་ཀྲང་།   བཀའ་དྲིན་ཆེ།   ཁྱེད་ཐུགས་བདེ་མོའི་ངང་ཚོགས་འདུར་ཕེབས་ན་ཆོག བྱ་བ་ཡོད་ཚད་ལ་ངས་སྐེ་དང་ཕྲག་པ་བཟེད་ཆོག" ཅེས་མངོན་ཆུང་གིས་ཞུས་ཤིང་ད་དུང་ཅི་ཞིག་བཤད་རྩིས་བྱེད་པ་ན།   ཁོའི་གློ་ཁུག་ནས་གྲགས་པའི་ཁ་པར་གྱི་སྐད་སྒྲ་དེས་མགྲིན་པར་ལུད་པའི་སྐད་ཆ་དག་དབུགས་ཐེངས་གཅིག་གིས་ཁོག་ཏུ་བརྫངས་ཏེ་ཁ་པར་བླངས།   ཡུད་ཙམ་ལ་ཀྲང་གིས་ཁ་པར་གྱི་ཁ་བརྒྱབ་རྗེས་འཚུབ་ཆ་ལངས་ཏེ"ཅུས་ཀྲང་ལགས།   ཕྱི་ཕྱོགས་ན་དོན་དག་ཅིག་འདུག་ཟེར།   ང་རེམ་མར་འགྲོ་དགོས།   རྗེས་མར་མཇལ"ཅེས་ཟེར་བཞིན་ཡར་ལངས་ནས་འགྲོ་གྲབས་བྱས་པ་ན།   བསམ་གྲུབ་ཀྱང་ཧྲ་ཧྥ་ལས་ཡར་ལངས་ཏེ་ཀྲང་ལ་ལག་པ་བཏང་བ་དང་།   དེ་མུར་ཁོས་སྒྲོག་ཙེའི་འཁྲིས་སུ་ཡོད་པའི་རས་ཁུག་དམར་པོ་དེ་མཐོང་ནའང་མ་མཐོང་བའི་ཚུལ་གྱིས།   སྦྱིན་བདག་ཀྲང་ལགས་སྒོ་རྩར་བསྐྱལ་ཏེ་ཧ་ཧ་ཧུ་ཧུའི་ངང་ཁོ་ལ་གྱེས་བརྡ་བཏང་།  

 

        སྦྱིན་བདག་ཀྲང་གིས་རྒྱབ་ལག་བྱས་ནས་བསམ་གྲུབ་དང་ཁ་ཐག་ཇེ་རིང་དུ་སོང་ཡང་།   ཁོས་ཁྱིམ་གྱི་སྒྲོག་ཙེའི་འགྲམ་དུ་བཞག་པའི་རས་ཁུག་དམར་པོའི་ནང་གི་དངོས་པོ་དེ་ཅི་ཞིག་ཡིན་མིན་བསམ་གྲུབ་གཅིག་པུ་ལས་ཁོའི་ཆུང་མ་བདེ་སྐྱིད་ཀྱིས་ཀྱང་མི་ཤེས།   དེ་ནི་ཁོའི་སྣང་བ་སྐྱིད་ལ་བཀོད་པའི་དུ་བ་མཚར་པོ་དེ་ཡིན།   བསམ་གྲུབ་ཕྱིར་རང་ཁྱིམ་དུ་ལོག་ནས་རས་ཁུག་དམར་པོའི་ཁ་ཕྱེས་ཏེ་བལྟས་པ་ན།   དེ་རུ་དུ་སྒམ་བཅུ་ཡོད་པ་མཐོང་བས།   ཁོས་སྣ་གླུ་ཤབ་ཤུབ་ཅིག་ལེན་བཞིན་དེ་ལས་སྒམ་ཆེན་པོ་ཞིག་གི་ནང་ནས་སྒམ་ཆུང་ཞིག་བླངས་རྗེས།   ཧྲ་ཧྥ་རུ་གློ་ཉལ་བྱས་ཏེ་དུ་རྐང་གཅིག་ལ་མེ་སྦར་ནས་རྔམ་འཐེན་བྱས།  

 

        སྔོན་ཆད་བསམ་གྲུབ་ཀྱི་ཕ་རྒན་གྱིས་བཤད་པ་ལྟར་ན།   བསམ་གྲུབ་ལོ་ལྔ་ལ་སོན་མ་ཐག་ཉིན་ལྟར་ཁོས་སྔས་མགོར་བཞག་པའི་དུ་བ་དག་བརྐུས་ནས་ལྐོག་འཐེན་བྱས་པ་དང་།   དེར་ཕ་མ་གཉིས་པོས་སེམས་ཀྱིས་མ་བཟོད་པར་ཁོ་ལ་གཅར་རྡུང་དང་ཁ་ཏ་ཇི་ལྟར་བྱས་ཀྱང་།   བསམ་གྲུབ་ལ་འགྱུར་བ་སྤུ་ཙམ་ཡང་མེད་པར་ད་དུང་ཕ་རྒན་གྱི་དུ་བ་བརྐུས་པ་དང་།   སྡེ་བའི་ཕོ་གཞོན་དག་ལ་དུ་བ་བསླངས་ནས་ཉིན་འཐེན་མཚན་འཐེན་བྱས་པ་རེད་ཟེར།   ད་ལོ་ནི་བསམ་གྲུབ་ཕོ་ལོ་ཞེ་བདུན་ལ་སོན་པའི་འཛུགས་སྐྲུན་ཅུས་ཀྱི་མགོ་བ་ངོ་སོ་ཅན་ཞིག་ཡིན།   ཁོས་བྱིས་པ་ལོ་ལྔ་ལ་སོན་པ་ནས་ད་ལ་ཐུག་གི་བར་དུ་མི་ལོ་ཞེ་གཉིས་རིང་ལ་དུ་བ་འཐེན་པས།   ལོ་གསུམ་གྱི་སྔོན་ལ་ཁོའི་ཟས་ཀྱི་ཡི་ག་ཉམས་ཤིང་།   ལུས་ཀྱི་ཟུངས་ཟད་དེ་སྐམ་རིད་དུ་གྱུར་བ་དང་།   གདོང་པ་ཡང་ཇེ་ནག་ནས་ཇེ་ནག་ཏུ་སོང་སྟེ་ཁོའི་ཆུང་མ་བདེ་སྐྱིད་དང་དེ་བཞིན་ཁོ་ལ་འདང་བརྩེ་ཆེ་བའི་གཉེན་ཉེ་དུ་ཀུན་ལ་སེམས་ཁྲལ་བསླངས།

   ལྷག་པར་དུ་སྐབས་སྐབས་སུ་ཁོ་ལ་གློ་བུར་བའི་ལུ་བ་དྲག་པོ་བྱུང་བ་དང་།   དེའི་རྗེས་ནས་དབུགས་ཀྱང་འབྱིན་རྔུབ་དཀའ་བའི་ནད་གཞི་དེས་བདེ་སྐྱིད་ཀྱི་ཉིན་མོའི་སྣང་བ་དང་མཚན་མོའི་གཉིད་ཀྱང་གཅོག་པས།   ཁོ་བཟའ་ཚང་གཉིས་ཀྱིས་བུ་མོ་གཞན་ལ་བཅོལ་རྗེས་ནང་སའི་སྨན་ཁང་ཆེ་ས་ཞིག་ཏུ་ཕྱིན་ནས་ནད་བརྟགས་པ་རེད།   སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་ནས་བསམ་གྲུབ་ལ་གློ་ནད་ཚབས་ཆེན་བྱུང་ཡོད་ཚུལ་དང་།   གང་མགྱོགས་དུ་བ་དང་ཆང་རག་གཅོད་དགོས་རབས།   སྔར་ལྟར་ནུས་ཤུགས་དྲག་པོ་འདོན་དགོས་པའི་ལས་ཀ་ལས་མི་རུང་བ་སོགས་ནད་ཀྱི་འཛེམ་བྱ་དག་ཡང་ནས་ཡང་དུ་བཤད་པ་དང་།   གལ་ཏེ་དེ་ལྟར་མ་བྱས་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་ཚུལ་སོགས་བདེན་ཅོག་ཅོག་གིས་ཟེར་ནས་སྨན་ཐུམ་གྱ་ནོམ་པ་བྱིན་ཏེ་ཕྱིར་མངགས།

  

        བསམ་གྲུབ་ལ་སྔར་ས་ནས་གློ་ནད་ཚབས་ཆེན་ཞིག་ཕོག་ཡོད།   ཡིན་ནའང་།   དེ་ནི་ཁོའི་གཉེན་ཉེ་དང་ཆུང་མ་སོགས་ཀྱིས་ཤེས་པ་ལས།   རང་གི་ལས་གྲོགས་དང་ལྷག་པར་དུ་རང་ལས་མཐོ་བའི་དཔོན་པོ་དག་གི་མདུན་ནས་སྦ་གསང་བྱེད་དགོས་པའི་དོན་ཞིག་ཡིན་ཏེ།   རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་ལྟར་ན།   དམིགས་བསལ་གཟིགས་སྐྱོང་ཡོད་པ་ཕུད་གཟུགས་གཞི་མི་བདེ་བ་དང་།   ལྷག་པར་དུ་དོན་སྣོད་ལ་སྐྱོན་ཆ་ཡོད་མཁན་ཚོའི་ལས་གནས་སྤར་རྒྱུ་མེད་པས།   གལ་ཏེ་བསམ་གྲུབ་ལ་གློ་ནད་ཕོག་ཡོད་པ་དེ་གོང་རིམ་གྱི་དཔོན་པོ་དང་རང་མཉམ་གྱི་ལས་རོགས་དག་གིས་ཤེས་པར་གྱུར་ན།   ཁོ་རང་སྔར་བཞིན་ལས་གནས་དེ་རུ་སྡོད་པ་ལས་མི་གཞན་ལྟར་གོ་ས་ཆེན་པོ་ཐོབ་སྟེ།   གཞན་གྱི་མདུན་དུ་འགྲོ་ན་ཁ་ངོ་ཡོད་པ་དང་།   རང་གི་སྦ་ཁུག་བསམས་ན་ལྗིད་ཏིག་ཏིག་ཡིན་པ་ཞིག་ཏུ་འགྱུར་ཐབས་མེད།   ལྷག་པར་དུ་བསམ་གྲུབ་ལྟ་བུར་མཚོན་ན།   ཁོའི་ཟླ་ཕོགས་ཉུང་རྒྱུ་མེད་པ་དང་ལས་ཞོར་དུ་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཉོ་འཚོང་ལ་འཇུག་སྟེ་ཡོང་སྒོ་བསགས་པས།   གཞན་གྱིས་ཁོ་ལ་བསྟོད་བསྔགས་དང་འཕྱ་དགོད་གང་ཡིན་མ་ངེས་པའི"རྒྱུ་བདག་བསམ་གྲུབ"ཅེས་འབོད་ནའང་།   དོན་དུ་ཡི་གེ་ཀ་ཙམ་ཡང་མི་ཤེས་པའི་ཆུང་མ་བདེ་སྐྱིད་དང་།   སློབ་ཆུང་འགྲིམ་བཞིན་པའི་བུ་མོ།   དེ་བཞིན་ཐག་རིང་གྲོང་གསེབ་ཏུ་ཡོད་པའི་ཕུ་ནུ་སྤུན་མཆེད་དག་གི་བལྟ་ས་རེ་ས་ནི་ཁོ་གཅིག་ལས་མེད་པས།   ཁོས་ཀྱང་སྐབས་རེར་རང་གི་ཁུག་མ་བསྔོགས་ན་ཨེ་དགའ་དང་སྐབས་རེར་གཞུང་གི་རྒྱུ་ལ་ལག་པ་འཆང་ན་ཨེ་བདེར་བལྟས་ནས་ཁོ་ཚོའི་འཚོ་བའི་ཐད་ལ་རོགས་བྱེད་བཞིན་ཡོད་པས།   རྒྱུ་དང་ཐོབ་ཐང་གང་ཅིའི་ཐད་ལ་རང་མཉམ་གྱི་དཔོན་པོ་དག་དང་བསྡུར་ན་རང་ཉིད་ནི་ཤིན་ཏུ་ཉམས་ཆུང་བར་སྣང་།   དེར་བརྟེན།   ཁོ་རང་ཅིས་ཀྱང་དཔོན་གནས་མཐོ་པོ་ཞིག་ཏུ་འཕར་བའི་ཆེད།   ཁོས་མི་གཞན་ལྟར་ཟ་མཁས་འཐུང་མཁས་བྱས་ནས་གོང་རིམ་གྱི་དཔོན་པོ་དག་ལ་འབུལ་རྟེན་ཕུལ་བ་དང་།   ཡི་གེ་ཀ་ཙམ་ཡང་མི་ཤེས་པའི་ཆུང་མ་བདེ་སྐྱིད་ཀྱིས་ཀྱང་ཁོའི་གོ་གནས་འཕར་རྒྱུའི་ཆེད་དུ་ཞོགས་ཡར་ལངས་བླ་མ་ལ་མཆོད་པ་དང་།   དགོང་མར་ཉལ་སངས་རྒྱས་ལ་གུས་ཕྱག་འཚལ་བ་སོགས་གསོལ་བ་སྨོན་ལམ་རྒྱག་བཞིན་ཡོད།  

 

        ནམ་རྒྱུན་བསམ་གྲུབ་ཀྱིས་ཁ་ཁུག་ཏུ་དུ་རྐང་གཅིག་བཙིར་ཏེ་དུས་ལྟར་གཞུང་སྒྲུབ་ཁང་དུ་བྱ་བ་བསྒྲུབ་པར་ཆས་འགྲོ།   ཁྱིམ་དུ་བདེ་སྐྱིད་གཅིག་པུས་ཁྱིམ་ལས་ཙག་ཙིག་དག་ལ་བྲེལ་བ་དང་།   ཞོགས་པ་རེ་རེར་བུ་མོ་སློབ་ཆུང་དུ་བསྐྱལ་རྗེས་དགོན་པར་ཕྱག་བསྐོར་དུ་ཕྱིན་ནས་བསམ་གྲུབ་ཀྱི་གོ་གནས་འཕར་རྒྱུ་ལ་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད།   སྐབས་སྐབས་སུ་གོ་སྐབས་རེ་བྱུང་ཚེ་ཆེད་དུ་དམ་འཛིན་བྱས་ནས་དགོན་པའི་གྲྭ་མང་ལ་མང་ཇ་ཡང་དྲངས་པ་རེད།   ཡིན་ནའང་།   མོས་ལྷ་ཚོགས་ཀྱི་མདུན་ནས་པུས་མོ་བཙུགས་ནས་གསོལ་སྨོན་འདེབས་ཚེ།   ཡིད་ལ་རང་དབང་མེད་པར་དེ་སྔོན་སྨན་པས་བསམ་གྲུབ་ལ་གློ་ནད་ཚབས་ཆེན་ཕོག་ཡོད་ཚུལ་བཤད་པ་དེ་དྲན་འོངས་བས།   ལོ་འདི་དག་གི་རིང་ལ་བདེ་སྐྱིད་ཀྱི་ཡིད་ལ་རྗོད་མི་ནུས་པའི་སྡུག་བསྔལ་གསར་པ་ཞིག་ལྷུང་ཡོད།   ནམ་རྒྱུན་སྨན་པས་བཤད་པའི་སྐད་ཆ་དེ་དག་དྲན་ཐེངས་རེར།   ཁང་པའི་སྦྲིག་ནས་བསམ་གྲུབ་ཀྱིས་ལུ་བ་བརྒྱབ་པའི་སྐད་སྒྲ་འཛེར་པོ་དེ་གྲི་དང་ཚེར་མ་ཇི་བཞིན་མོའི་སྙིང་ཁར་ཟུག་འོངས་པ་དང་།   མོས་བསམ་གྲུབ་ཀྱིས་ཉིན་ལྟར་ཁ་ཁུག་ཏུའམ་ཡང་ན་མཛུབ་མོའི་བར་ལ་འབྲལ་མེད་དུ་བཙིར་བའི་དུ་རྐང་དག་མཐོང་ཐེངས་རེར།   ཡིད་ལ་བཟོད་བསྲན་བྲལ་བའི་སྡུག་བསྔལ་གྱིས་མནར་ནའང་།   བསམ་གྲུབ་ཀྱིས་དེ་སྔོན་མོ་ལ་དུ་བ་འཐེན་ཚེ་ཕྱི་ནང་གི་དཀའ་སྡུག་དག་རེ་ཞིག་སངས་འགྲོ་ཞེས་བཤད་པ་དེ་དྲན་པས།   ཁྱིམ་ཕྱི་ནང་གི་ལས་ཀ་ཡོད་ཚད་ཁོ་གཅིག་པུའི་ཕྲག་ཏུ་བཀལ་ཡོད་པས་ཁོ་ལའང་ཁག་མི་འདུག་སྙམ་ནས།  "ཉུང་ཙམ་འཐེན།   ཉུང་ཙམ་འཐེན"ཞེས་ཟེར་བ་ལས་ཚིག་དེའི་རྒྱབ་ཏུ་ཡོད་པའི་སྡུག་བསྔལ་མཐའ་དག་རང་གིས་མྱངས་པ་ལས་བྱ་ཐབས་གཞན་ཞིག་མ་རྙེད།  

 

        ཡིན་ནའང་།   བསམ་གྲུབ་ཀྱིས་སྦྱིན་བདག་ཀྲང་གིས་འཁྱེར་ཡོང་བའི་དུ་བ་མཚར་པོ་དེ་དག་འཐེན་པ་ནས་བཟུང་།   ཁོའི་དུ་རྔམ་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ།   སྐབས་སྐབས་སུ་གཉིད་མི་ཁུག་པའི་མཚན་ཐུན་རིང་མོའང་དུ་བ་འཐེན་ནས་བསྐྱལ་བ་དང་།   མཚམས་མཚམས་སུ་ཟ་མ་ཟ་དུས་ཀྱང་དུ་བ་འཐེན་པ་རེད།   བསམ་གྲུབ་ཀྱིས་དེ་ལྟར་ཉིན་མཚན་དབྱེར་མེད་དུ་དུ་བ་མཚར་པོ་དེ་འཐེན་ནའང་།   ཁོས་སྔར་ལྟར་བདེ་སྐྱིད་ཀྱི་སྙིང་ལ་གཟན་པའི་ལུ་བ་རྒྱག་རྒྱུ་དེ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ་དང་།   ལྷག་པར་དུ་དེ་སྔོན་སོལ་བ་ལྟར་གནག་ཅིང་སྐམ་རིད་དུ་གྱུར་པའི་གདོང་པའང་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཏེ་དཀར་ལ་དམར་མདངས་རྒྱས་པར་བྱས།   སྐབས་དེ་དག་ཏུ་ཁོ་རང་ཉིན་གྱི་ཟས་ལ་ཡི་ག་འཕེལ་བ་དང་མཚན་གྱི་གཉིད་ཀྱང་སྐྱིད་པོར་ཁུགས་ནས་སྣང་བ་སྐྱིད་པའི་མི་ཞིག་ཏུ་གྱུར།   བསམ་གྲུབ་ཁོ་རང་ལ་མཚོན་ནའང་སྦྱིན་བདག་ཀྲང་གིས་སྤྲད་པའི་དུ་བ་དེ་འཐེན་པ་ནས་བཟུང་།   ཁོ་རང་དེ་སྔོན་སྒྲོལ་མའི་བྲང་ཁར་ཉལ་བ་ལས་སྐྱིད་པའི་ཚོར་སྣང་ཞིག་གིས་ལུས་སེམས་ཟུང་སྐྱིད་ལ་བཀོད་པས།   སྔར་ལྟར་ལས་ཚོགས་གྲོལ་རྗེས་རྐང་འཇབ་ལག་འཇབ་ཀྱིས་སྒྲོལ་མའི་སར་སོང་བ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་མ་ཡིན་ནམ། 

 

        ཟླ་བཞི་འགོར་སོང་།   སྦྱིན་བདག་ཀྲང་གིས་ཨར་སྐྲུན་རུ་ཚོགས་ཁྲིད་ནས་དར་རྒྱས་རྫོང་གི་ནུབ་བྱང་གི་མཚམས་སུ་ཡོད་པའི་སྒྲོལ་མའི་ཁང་པ་རྙིང་ཧྲུལ་དེ་རྡུལ་འཚུབ་བེར་བཤིག་རྗེས།   ཨར་འདམ་དང་རྣོ་ལྕགས་ལས་གྲུབ་པའི་ཐོག་ཁང་ཞིག་གསར་དུ་བཙུགས།   དེ་ནི་དར་རྒྱས་རྫོང་གི་འབྲུ་རིགས་ལས་སྣོན་བཟོ་གྲྭའི་ཐོག་ཁང་རེད།   ནམ་རྒྱུན་སྒྲོལ་མ་དེ་སྔོན་རང་གི་ཁང་ཆུང་ཆགས་སའི་སྲང་ལམ་གྱི་ཁུག་པ་དེར་ཐོན་ཐེངས་རེར།   མོའི་ཡིད་ལ་རང་དབང་མེད་པར་བློ་བཟང་དྲན་ཞིང་ཁོ་གཉིས་ཀྱི་དགོད་སྒྲ་ཤིག་ཤིག་དེ་རང་མདངས་མ་ཡལ་བར་རྣ་ལམ་དུ་འཁོར་འོངས།   ཡིན་ནའང་།   ཁོ་མོས་མིག་ཆུ་འབྱིད་ཞོར་དུ་རང་ཉིད་ཕྱིར་དྲན་ལས་བཙན་གྱིས་ཕུད་ཅིང་བློ་བཟང་དང་བཟའ་འཐོར་བྱས་པ་དེ་ཐོད་པར་བརྐོས་པའི་རི་མོར་བསམས་ཏེ་རང་སེམས་རང་གིས་གསོས་ནས་དུས་འདའ་བར་བྱས།   མོས་ཞིང་འབྲོག་ཅུས་ཀྱི་ཕྱི་ནང་གི་གད་ཕྱགས་ཀྱི་ལས་ལ་སྡུག་རུས་བསྐྱེད་ནའང་།   ཁོ་ཚོའི་ལས་ཁུངས་ཀྱི་དེ་སྔོན་བམམ་གྲུབ་ཀྱི་གྲོགས་པོ་ཡིན་པའི་མགོ་བ་དེ་བརྗེས་ནས་ད་ལྟ་གོང་རིམ་ནས་རྒྱ་རིགས་ཤིག་བསྐོས་པ་དེས།   རང་གི་ངོ་ཤེས་ཡིན་པའི་རྒྱ་མོ་ན་ལོན་ཞིག་ཁོ་ཚོའི་ལས་ཁུངས་ཀྱི་ལས་བཟོ་བའི་མ་བྱན་དང་གད་ཕྱིས་པ་རུ་འཐེན་པའི་དུས་དེ་ནས་བཟུང་།   ཁོས་སྒྲོལ་མས་ཅི་བྱས་ལ་མིག་ལོག་བསྟན་ཅིང་ལྷག་པར་དུ"རོང་མོ་བླུན་རྒན"ཞེས་འཕྱ་སྟེ་མོའི་གོམ་གསུམ་འགྲོ་ལུགས་ལའང་མཛུབ་མོ་ཀེར་ཀེར་དང་ཚིག་ངན་གཙགས་གཙགས་བྱས་པ་དང་།   རྒྱ་མོ་ན་ལོན་དེ་ཁོ་ཚོའི་ལས་ཁུངས་སུ་ཐོན་པ་ནས་བཟུང་།   ཁོས་སྒྲོལ་མའི་ཟླ་ཕོགས་དེ་སྔར་བས་ཇེ་ཉུང་དུ་འཕྲི་བ་རེད།   སྐབས་དེར།   མོའི་སེམས་སུ་ཐབས་ཤེས་སྣ་གཅིག་ཡོད་པ་ནི་ཐབས་བརྒྱ་ཇུས་སྟོང་གིས་དེ་སྔོན་རང་གི་ཁང་པའི་ས་རིན་དེ་ལག་ཏུ་ཡོང་ཐབས་བྱ་རྒྱུ་དེ་ཡིན།   ཡིན་ནའང་།   རང་ལ་མཚོན་ན་རྫོང་འདི་རུ་དཀའ་ཁག་ཕྲད་དུས་རྒྱབ་རྟེན་བཅོལ་སའི་མགོ་ཁྲིད་ཆུང་ཆུང་ཞིག་ཀྱང་མེད་པས།   བསམ་གྲུབ་ཀྱིས་ཅི་ཟེར་ལ་སྒུག་རྒྱུ་ལས་བྱ་ཐབས་གཞན་ཞིག་མ་རྙེད། 

    

        དར་རྒྱས་རྫོང་གི་འབྲུ་རིགས་ལས་སྣོན་བྱེད་སའི་ཐོག་ཁང་ལེགས་གྲུབ་བྱུང་རྗེས།   ཨར་སྐྲུན་རུ་ཁག་གི་སྦྱིན་བདག་ཀྲང་དང་ཁོངས་མི་ཚོས་སྔར་སྲོལ་ལྟར།   ཨར་སྐྲུན་ལས་ཡུལ་གྱི་རྒྱབ་མདུན་ཀུན་ཏུ་ཕར་འགྱེལ་ཚུར་ལོག་ཏུ་ཡོད་པའི་ཤིང་ཆ་ལྷག་མ་དང་?་རིལ་ཆེ་ཆུང་།   དེ་བཞིན་ལག་ཆ་ཐེད་པོ་དག་གཙང་སེལ་བྱེད་པའི་ཉེ་འཁོར་གྱི་གླ་པ་དག་ལ།   ཤིང་ཆ་ལྷག་མ་དང་ཨར་འདམ་ལྷག་མ་དོ་པོ་རེ་གཉིས་ཡོད་པ་དག་སྤྲད་ནས།   འཚབ་བེ་འཚུབ་བེའི་ངང་རང་རང་གི་མཁོ་ཆས་དག་རླངས་འཁོར་སྒལ་རིང་ཞིག་ཏུ་བཅུག་ནས་ཐག་རིང་ཡུན་ནན་གྱི་ཕྱོགས་སུ་ལོག་སོང་།   སྦྱིན་བདག་ཀྲང་གིས་བཤད་པར་ལྟར་ན།   ཉེ་ལམ་ཁོས་ཡུན་ནན་དུའང་ཨར་སྐྲུན་གྱི་ལས་གཞི་ཆེན་པོ་ཞིག་ལ་འགན་ལེན་བྱེད་པའི་གན་རྒྱ་བཞག་ཚར་བས།   རེམ་མར་ཡུལ་དེར་ལོག་ནས་ལས་མགོ་མ་བཙུགས་ཚེ།   མི་རིང་བར་དགུན་གྱི་ནམ་ཟླ་ཤར་ཚེ་ཨར་འདམ་གྱི་ལས་ཀ་དེ་ལས་མི་བདེ་ཟེར་ནས།   ཁོས་སྔོན་མར་བསམ་གྲུབ་ལ་ལས་གཞི་འདི་ལེགས་གྲུབ་བྱུང་རྗེས་ཉིན་ཤས་ལ་ས་ཆ་སྐྱིད་པོ་ཞིག་འདེམས་ཏེ་ཟ་འཐུང་དགྱེས་དགུར་བཤམ་རྒྱུའི་ཁས་བླངས་པ་དེའང་བརྗེད་པ་ལྟར།   རླངས་འཁོར་ལ་བསྡད་ནས་བྱ་འཕུར་བ་ལྟར་བུད་སོང་།   སྦྱིན་བདག་ཀྲང་འཚབ་འཚུབ་ཀྱིས་སོང་ཤུལ་དུ་ཟླ་ཧྲིལ་པོ་ཞིག་ཀྱང་ཁོའི་རྒྱབ་གཟུགས་ལྟར་ཤར་རེར་བུད་ཐལ།   ཁོ་རང་སོང་ཤུལ་དུ་བསམ་གྲུབ་ཀྱི་ཉེ་འཁོར་དུ་སྔར་བས་ལྷག་པའི་ལྕེ་ནར་ནར་དང་དབུ་ཕུར་ཕུར་བྱེད་མཁན་མང་དུ་ཡོད་པས།   ཁོ་ལ་མཚོན་ན་སྦྱིན་བདག་ཀྲང་ལྟ་བུ་ཞིག་གི་འགྲོ་འོངས་ནི་ཁོས་མགོ་ཐོག་ཏུ་ལྡིང་བསྐོར་བྱེད་པའི་སྦྲང་མ་ཞིག་ཚད་དུའང་མི་འཛིན།   ཡིན་ནའང་།   སྦྱིན་བདག་ཀྲང་སོང་ནས་ཟླ་གཅིག་ཙམ་འགོར་བའི་རྗེས།   ཁོས་ཆ་སྒམ་གྱི་འཐེན་སྒམ་དུ་ཅི་ཞིག་ཡོད་མེད་ལ་མིག་རིག་རིག་གིས་འཚོས་ཤིང་།   རང་གི་ཁུག་མ་རུ་གང་ཞིག་ལྷག་མིན་ལ་སྦར་ཉུལ་བྱས་ནའང་།   གང་དེའི་གྲིབ་མ་ཙམ་ཡང་ལྷག་མེད་པ་མཐོང་ཚེ།   ཁོས་རང་དབང་མེད་པར་དབུགས་རིང་ཕྱུང་ཞིང་།   དེའི་རྗེས་ནས་སྔར་གྱི་གློ་ལུད་དྲག་པོ་དེ་འདས་ལོག་བྱུང་བ་ལྟར་ཁོའི་ལུས་ཀྱི་སྟོད་སྨད་ཡོད་ཚད་དཀྲུགས་པ་དང་།   ཁྱིམ་གྱི་ཕྱི་ནང་ཀུན་ཏུ་ཐུ་ལུད་ཀྱིས་ཁེངས་ནས་ཆུང་མ་བདེ་སྐྱིད་ཞེ་མེར་བ་བྱས།   བསམ་གྲུབ་ལ་སྦྱིན་བདག་ཀྲང་གིས་ལྐོག་ངན་དུ་སྤྲད་པའི་དུ་བ་མཚར་པོ་དེ་རྫོགས་པ་ནས་བཟུང་།   ཁོའི་ལུས་ལ་སྔར་གྱི་གློ་ནད་ཚབས་ཆེན་དེ་ཐོལ་གྱིས་ལངས་ནས་སྔར་བཞིན་ཉིན་གྱི་ཟས་ལ་ཡི་ག་མེད་པ་དང་།   མཚན་གྱི་གཉིད་ལ་བདེ་བ་མེད་པར་གྱུར་ནས།   ཁོའི་འབུར་དུ་ཐོན་པའི་ལྟོ་བ་དེ་དབུགས་ལྒང་ལ་ཁབ་གཙགས་པ་ལྟར་ཇེ་འཁུམས་ནས་ཇེ་འཁུམས་དང་།   དཔོན་ཉམས་ཀྱིས་ཁེངས་པའི་གདོང་པ་དེའང་སྔར་བས་ལྷག་པའི་ནག་རིད་དུ་སོང་།   ལྷག་པར་དུ་ཉིན་དེ་ནས་བཟུང་།   ཁོའི་རྣམ་ཤེས་གདོན་གྱིས་བཟུང་བ་ལྟར་ཉིན་ལྟར་ཁོང་ཁྲོ་འབར་ཏེ་བདེ་སྐྱིད་ལ་རྒྱག་རེས་ཤོར་ཞིང་།   བྱིས་པ་བསམ་མེད་དག་གིས་གད་སྙིགས་སུ་ནོར་བུ་འཚོལ་བ་ལྟར།   ཁྱིམ་ཕྱི་ནང་ཀུན་ཏུ་དམིགས་ཡུལ་ཅི་ཡང་མེད་པར་ཡར་འགྲོ་མར་འགྲོ་བྱས་ནས་ན་གཟེར་གཟེར་བྱས།   སྐབས་དེ་དག་ཏུ།   ཆུང་མ་བདེ་སྐྱིད་ཀྱིས་བསམ་གྲུབ་ལ་དུ་བ་རྫོགས་པ་ཤེས་ནས་མོས་ཁྲོམ་ནས་ཀྲུང་ཧྭ་རྟགས་ཅན་གྱི་དུ་སྒམ་འགའ་ཤས་ཉོས་ཏེ་ཁོ་ལ་སྤྲད་ནས་ཁ་ཡག་ཡག་དང་་འཛུམ་ལྷུག་ལྷུག་བྱས་ནའང་།   ཁོས་དེ་སྔར་འཐེན་པར་དགའ་བའི་ཀྲུང་ཧྭ་རྟགས་ཅན་གྱི་དུ་རྐང་གཅིག་ཀྱང་འཐེན་པའི་ཡི་ག་མེད་པ་དང་།   ད་དུང་གང་ཞིག་བསྲན་མ་ནུས་པ་ལྟར་ཡར་འགྲོ་མར་འགྲོ་བྱས་ཤིང་སྐབས་རེར་ཉིན་དཀར་གྱི་དུས་སུའང་ཁྲོམ་ལམ་གཤགས་ནས་སྒྲོལ་མ་འཚོལ་དུ་སོང་།   ཁོས་སྒྲོལ་མ་རིག་རྗེས་བཙན་གྱིས་ཁང་པའི་ནང་འཁྲིད་ནས་སྐོམ་པས་ཆུ་འདོད་ལྟར་མོ་ལ་འཐམས་ནས་མཆུ་སྦྱོར་བྱས་པ་དང་།   བཙན་ཚུགས་ཀྱིས་མོ་རང་དམར་རྗེན་དུ་ཕུད་རྗེས་རང་གི་འོག་ཏུ་མནན་ནས་དུག་སྦྲུལ་ནག་པོས་བྱི་བ་མིད་མིད་བྱས། 

 

        སྒྲོལ་མས་བསམ་གྲུབ་ལ"བསམ་གྲུབ་དགའ་བོ།   བཀོད་པ་ཞིག་འཐེན་ཏེ་དེ་སྔོན་གྱི་ས་རིན་དེ་ལོན་ཐབས་བྱེད་རོགས"ཞེས་ཞུ་བ་ཡང་ཡང་བྱས་མཐར།   བསམ་གྲུབ་ཀྱིས་རང་གི་དངུལ་ཁུག་ལས་སྒོར་ཆིག་སྟོང་ཐམ་པ་བཏོན་ནས་ཁོ་མོའི་ལག་ཏུ་བཞག་སྟེ"སྐབས་འཕྲལ་རིང་དེས་ཟ་འཐུང་འདང་བར་བྱོས།"ཞེས་ཟེར་རྗེས"བྱིངས་རྣམས་མི་རིང་བར་ལག་ཏུ་འཐོབ་ངེས།   རྒྱལ་ཁབ་ཀྱི་ལས་ཀ་དེར་བརྒྱུད་རིམ་ཞིག་ཡོད"ཅེས་ཟེར།   དོན་དུ་དར་རྒྱས་རྫོང་གི་འབྲུ་རིགས་ལས་སྣོན་བྱེད་སའི་ཐོག་ཁང་དེས་བདག་གིར་འཛིན་པའི་ས་ཚིགས་དེར་གོང་རིམ་གྱིས་སྔ་ས་ནས་དམངས་སྒོར་ཁྲི་ཉི་ཤུ་གནང་ཡོད།   དངུལ་སྒོར་དེ་བསམ་གྲུབ་ཀྱི་ལག་ཏུ་སོན་རྗེས་ཁོས་རང་གི་ཆུང་མ་བདེ་སྐྱིད་ལ་གསང་ནས་གོས་སྒམ་གྱི་མཐིལ་དུ་སྦས་པ་རེད།   བདེ་སྐྱིད་ཀྱིས་ཁོ་ལ་ཉོས་པའི་ཀྲུང་ཧྭ་རྟགས་ཅན་གྱི་དུ་སྒམ་དེ་དག་ཁྱིམ་གྱི་ཆ་སྒམ་དང་སྒྲོག་ཙེ།   དེ་བཞིན་ཁོ་གཉིས་ཉལ་སའི་སྔས་མགོ་རུ་བཞག་ནའང་།   བསམ་གྲུབ་ཀྱིས་དེ་དག་འཐེན་ནས་ཟད་པའི་ཕྲུག་ལྷག་གཅིག་ཀྱང་མོའི་མཐོང་སྣང་དུ་མ་བྱུང་།   དེའི་ཁར་ཁོ་གཉིས་བར་ལ་བྱ་བ་ཆེ་ཆུང་ཅི་ཞིག་བྱུང་ནའང་བསམ་གྲུབ་ནི་ཉིན་རེ་ནས་ཉིན་རེ་བཞིན་འཚུབ་ཆ་ཆེ་ཞིང་ངང་ཐུང་ཅན་དུ་གྱུར་ནས་ཁ་རྩོད་བར་མེད་ཤོར།   ཉིན་དེའི་ཕྱི་དྲོར།   བསམ་གྲུབ་ཀྱིས་བདེ་སྐྱིད་ཀྱིས་ཁོ་ལ་ཉོས་པའི་དུ་བ་གོང་ཆེན་དག་གད་སྙིགས་སུ་གཡུགས་རྗེས།   དུ་རྔམ་འགོག་མ་ཐུབ་པར་བྱ་འཕུར་བ་ལྟར་ཁྲོམ་ལ་སོང་ནས་སྒམ་རེར་སྒོར་མོ་གསུམ་ཅན་གྱི་དུ་སྒམ་གཉིས་ཉོས་ཏེ་ཁྱིམ་དུ་ལོག ཁོ་རང་ཁྱིམ་དུ་བསླེབས་རྗེས།   སྤྱང་ལྟོགས་ཤ་ལ་རྔམ་པ་ལྟར་ཧྲ་ཧྥ་རུ་གློ་ཉལ་བྱས་ཏེ་ལུ་བ་རྒྱག་བཞིན་དུ་བ་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་འཐེན་པ་དེ།   ཐབ་ཚང་དུ་གཡོས་སྦྱོར་ལ་བྲེལ་བའི་ཆུང་མ་བདེ་སྐྱིད་ཀྱིས་མཐོང་བས།   མོས་སེམས་ཀྱིས་མ་བཟོད་པར"སྔོན་མ་སྨན་པས་བཤད་པ་དག་བརྗེད་པ་ཨེ་རེད།   ཁྱོད་ཤི་སོང་ན་རང་ཕམ་རེད།   ངེད་མ་སྨད་གཉིས་སྡུག་སར་མི་འགྲོ"ཞེས་མེ་འབར་འབར་བྱས་པ་དང་།   སླར་ཡང་།  "ངས་ཁྱོད་ལ་གཞན་གྱི་མདུན་ན་ངོ་ཞིག་ཨེ་འཐོབ་དང་།   རང་གི་གློ་ནད་ཇེ་ཆེར་མི་འགྲོ་བའི་ཆེད་དུ་བུ་མོའི་རྩེད་ཆས་ཉོ་བྱེད་ཀྱི་དངུལ་དག་སྤྱད་ནས་དུ་བ་གོང་ཅན་དེ་འདྲ་ཉོས།   ཡིན་ནའང་།   ཁྱོད་ཀྱིས་དེ་དག……" "ད་ཁྱོད་ལྟ་བུར་བཤད་ན་མི་འདོད།   'བཟང་པོ་བྱེད་པ་ངན་ལ་སྒོམ།   ཐག་པ་ཁྲ་ཁྲ་སྦྲུལ་ལ་བལྟ'ཟེར་བ་དེ་ཁྱོད་འདྲ་རེད"ཅེས་ཁ་ནས་ལྦུ་བ་སོབ་སོབ་ཀྱིས་བཟླས་པ་ན།   གམ་དུ་ལས་བྱ་འབྲི་བཞིན་པའི་བུ་མོ་ཆུང་ཆུང་གི་གློ་བུར་བའི་ངུ་སྒྲ་དེས་བདེ་སྐྱིད་ཀྱི་གཏམ་མགོ་མནན་སོང་།   བདེ་སྐྱིད་ཀྱི་གཏམ་དེ་དག་ཚེར་མ་བཞིན་བསམ་གྲུབ་ཀྱི་སྙིང་གི་ཕྱི་ནང་ཀུན་ལ་གཙགས་པས།   ཁོས་མ་ཁོག་གཏིང་ནས་ལངས་པའི་ཁོང་ཁྲོ་ནོན་མ་ཐུབ་པར་བདེ་སྐྱིད་ལ་ཅི་ཞིག་ཟེར་གྲབས་བྱས་པ་ན།   གམ་གྱི་རང་གི་བུ་མོ་ཆུང་ཆུང་གི་གདོང་ཡོངས་མཆི་མས་བརླན་པའི་རྣམ་པ་དེ་མཐོང་བ་ན།   སྡིགས་དམོད་ཡོད་ཚད་སླར་ཡང་མིད་པ་ནས་ཤུགས་ཀྱིས་མིད་རྒྱུ་ལས་བྱ་ཐབས་ཟད། 

 

        བསམ་གྲུབ་ཀྱིས་དུ་བ་འཐེན་བཞིན་སྒོར་བུད་ནས་མེ་ཏོག་ལྡུམ་རར་སོང་།   ཁོ་གཅིག་པུ་སད་ཀྱིས་བཅོམ་པའི་མེ་ཏོག་ལྡུམ་རའི་ནང་དུ་ཡར་འགྲོ་མར་མྱུལ་བྱེད་སྐབས།   བསྲན་ཐབས་མེད་པའི་ལུ་བ་དྲག་པོ་འགའ་བསྟུད་མར་བརྒྱབ་སྟེ་རྒྱ་ལམ་དུ་སྐྱོད་བཞིན་པའི་མི་ཚོགས་ཀྱི་མིག་མདའ་དག་མ་གྲོས་གཅིག་མཐུན་གྱིས་ཁོའི་ཕྱོགས་སུ་འཕངས་འོངས།   ཁོས་ལག་གིས་བྲང་ག་མནན་ཞོར་ཤུགས་ཀྱིས་ལུད་རྒྱག་པ་དང་།   དེ་རྗེས་དུ་བ་སྔོག་ལྷོག་ལྷོག་ཏུ་འཕྱུར་བའི་ངག་སྒོ་ལས་ཐུ་ལུད་གནག་ལ་གར་བ་རེ་འགའ་ཡང་ཤུགས་ཀྱིས་ས་ལ་འཕེན།   སྐབས་དེར།   ཁོས་རང་གི་མགོ་ལ་ན་ཟུག་བརྒྱབ་པ་དང་གློ་བར་ཙག་ཤད་རྒྱུག་པ་ཚོར་བས།   ཡིད་ལ་རང་དབང་མེད་པར་དེ་དག་འཇོམས་པར་བྱེད་པའི་སྦྱིན་བདག་ཀྲང་གི་དུ་བ་མཚར་པོ་དེ་དྲན་ནའང་།   སྦྱིན་བདག་ཀྲང་ཐག་རིང་ཡུན་ནན་དུ་བུད་རྗེས་ཁོ་ལ་ཁ་པར་ཐེངས་གཅིག་ཀྱང་མ་ཡོང་བས།   ཁོས་ཆེད་དུ་ལག་པ་སྟོང་པས་ཀྲང་ལ་ཁ་པར་བརྒྱབ་སྟེ་དུ་བ་དེ་ད་དུང་ཡོད་མེད་སོགས་འདྲི་མི་བདེ་སྙམ།   ཡིན་ནའང་།   གློ་བུར་དུ་གོས་སྒམ་གྱི་གཏིང་དུ་སྦས་པའི་སྒྲོལ་མའི་ས་རིན་སྒོར་ཁྲི་ཉི་ཤུ་དེ་མིག་ལམ་དུ་འཁོར་བ་ན།   ཁུག་མ་ལས་ལག་འཁྱེར་ཁ་པར་བླངས་ནས་སྦྱིན་བདག་ཀྲང་ལ་ཁ་པར་བཏང་། 

 

        "ལའོ་ཀྲང་།   ཉེ་ལམ་བདེའམ"མཚམས་དེར་ཁོས་སླར་ཡང་རྫོགས་རྒྱུ་མེད་པའི་ལུ་བ་བརྒྱབ་སྟེ་སྐད་ཆ་འགག་སོང་། 

 

        "ང་བདེ་མོ་ཡིན།   ས་འདིར་ལས་གཞི་ཆེན་པོ་ཞིག་འགན་ལེན་བྱས་ཡོད་པས་ཁོམ་པ་ཆེར་མི་འདུག  རྗེས་སུ་ཁོམ་པ་འདྲ་བྱུང་སོང་ན་ང་ཅུས་ཀྲང་ལགས་འཚོལ་དུ་ཡོང་ངེས།"  "འོ།   ཅུས་ཀྲང་བསམ་གྲུབ་ལགས།   ཉེ་ཆར་སྐུ་གཟུགས་བདེ་མོ་ཡིན་ནམ"ཞེས་ཀྲང་གིས་ལྡོག་འདྲི་བྱས། 

 

        "ང་བདེ་མོ་ཡིན།   སྔོན་མ་དང་བསྡུར་ན་ད་ལྟ་ལུས་པོ་ཐང་པོ་ཡིན།   འོ།   ཁྱོད་ཀྱི་ཕྱི་རྒྱལ་དུ་ཡོད་པའི་གྲོགས་པོ་དེ་ད་དུང་དེ་རུ་ཡོད་དམ"

 

        "འོ།   རེད་རེད།   ཅུས་ཀྲང་ལགས།   ངས་གཅིག་འདྲི་ཆོག"

 

        "དེ་ལྟར་ཡིན་ན་ཁྱོད་ལ་དཀའ་ལས་བཟོ་དགོས་ཐུག་སོང་།   ལའོ་ཀྲང་།   ང་ལ་རོགས་བྱས་ཏེ་སྔོན་མའི་དུ་བ་དེ་ཁ་ཤས་ཉོ་རོགས།   དྲིན་མི་བརྗེད"བསམ་གྲུབ་ཀྱིས་དེ་ལྟར་ལུ་བ་ཤུགས་ཀྱིས་བསྲན་ནས་ངག་འཇམ་པོས་བཤད།  

 

        "ངས་གཅིག་འདྲི་ཆོག ཅུས་ཀྲང་ལགས།   དེ་ལྟར་མ་ཤོད"

 

        "ཡོད་ན་ཁྱེད་ཀྱིས་ང་ལ་རོགས་བྱས་ཏེ་སྒོར་མོ་ཁྲི་ཉི་ཤུས་དུ་བ་དེ་ཉོས་ཡོང་རོགས"

 

        "ལགས་སོ།  ལགས་སོ།  ཅུས་ཀྲང་ལགས"

 

        "ངས་ཁྱེད་ལ་དངུལ་བསྐུར་ཡོང་"

 

        "……"

 

        ཕྱི་ཉིན་ཞོགས་པར།   བསམ་གྲུབ་ཀྱིས་བདེ་སྐྱིད་ཀྱིས་མ་མཐོང་ས་ནས་རྐང་འཇབ་ལག་འཇབ་ཀྱིས་གོས་སྒམ་མཐིལ་གྱི་སྒོར་མོ་ཁྲི་ཉི་ཤུ་དེ་ཀོ་ཁུག་ཏུ་བླུགས་རྗེས་གཞུང་སྒྲུབ་ཁང་དུ་བུད།   "ཅུས་ཀྲང་བསམ་གྲུབ་ལགས།   ཞོགས་བདེ"ཞེས་ཁོའི་གཞུང་སྒྲུབ་ཁང་གི་གམ་དུ་ཡོད་པའི་རྩིས་གཉེར་ཁང་གི་བུད་མེད་རྩིས་པ་དེས་བསམ་གྲུབ་མཐོང་མ་ཐག་དེ་ལྟར་ཟེར།   བསམ་གྲུབ་ཀྱིས་ཀྱང་ཁོ་མོ་མཐོང་མ་ཉིད་དུ་འཛུམ་ཙམ་བྱས་ཤིང་།  "བདེ་མོ"ཞེས་ལན་སློག   སྐབས་དེར།   མོས་བསམ་གྲུབ་ཀྱི་ལུས་ཡོངས་ལ་མིག་མྱུལ་ཞིག་བྱས་ཏེ།   "ཅུས་ཀྲང་ལགས།   ཉེ་ལམ་སྐུ་གཟུགས་བདེའམ།   ཁྱེད་ཀྱི་ངོ་མདངས་གྱུར་འདུག ང་ཚོ་ལས་ཀ་ལ་ཅི་ཙམ་བྲེལ་ཡང་རང་གི་གཟུགས་པོ་ལ་བདག་གཅེས་ཡག་པོ་བྱེད་དགོས་འདུག"ཅེས་གདོང་ལ་ཕངས་སེམས་ཀྱི་མདངས་ཤིག་ཤར་ནས་ཟེར་བ་ན།   "འོ་རེད།   འབྲུག་མོ།   ཁྱོད་ཀྱིས་བཤད་པ་ངོ་མ་བདེན་པ་རེད"ཅེས་བསམ་གྲུབ་ཀྱིས་བསམ་ལ་མ་བསམ་པའི་ངང་མོ་ལ་ལན་བཏབ།   སྐབས་དེར་ཁོའི་ཁོག་ནས་ལུ་བ་དྲག་པོ་ཞིག་ལངས་ཀྱང་ཤུགས་ཀྱིས་བསྲན་ནས"འབྲུག་མོ།   ཁྱོད་ལ་ཁོམ་ལོང་ཡོད་ན།   ང་ལ་རོགས་བྱས་ཏེ་དངུལ་འདི་འདིའི་ནང་དུ་བསྐུར་རོགས"ཞེས་ཟེར་བཞིན་རང་གི་ཀོ་ཁུག་ནག་པོ་ལས་ཤོག་ལྷེབ་གཅིག་དང་བརྒྱ་ལོ་ཆག་པ་བཅུག་པའི་རས་ཁུག་སྲབ་མོ་དེ་བླངས་ནས་མོ་ལ་སྤྲད།   "འོ།   ཡ་ཡ།   ཅུས་ཀྲང་།   ལུ་བ་རྒྱག་ཚེ་ཆུ་ཁོལ་མང་ཙམ་ཐུངས"ཞེས་ཟེར་རྗེས།   མོས་རང་གི་སྣ་མདོར་གཟེད་པའི་མིག་ཤེལ་མཐའ་ཤན་ཅན་དེ་ཡར་ལ་འདེད་ཙམ་བྱེད་པ་དང་།    འདུག་སྟེགས་འཁོར་ལོ་ཅན་ལས་ལངས་ཏེ་རྫོང་མི་དམངས་དངུལ་ཁང་གི་ཕྱོགས་སུ་གོམ་པ་རིང་ལེན་གྱིས་སོང་།  

 

        "ལའོ་ཀྲང་གི་ཕྱི་རྒྱལ་དུ་ཡོད་པའི་གྲོགས་པོ་དེ་ཡང་སྙིང་ས་ཐག་ཅི་ཙམ་གྱི་མཐའ་རུ་ཡོད་དམ།   ཁོའི་ཕྱི་རྒྱལ་གྱི་གྲོགས་པོ་དེ་རང་རྒྱལ་གྱི་རྒྱལ་མཚམས་བརྒལ་མ་ཐག་པའི་ཡུལ་དེར་ཡོད་ན་ཅི་མ་རུང་།   གལ་ཏེ་རང་གི་གམ་དུ་ཡོད་ན་དེ་བས་ཅི་ལ་མི་དགའ"བསམ་གྲུབ་ཀྱིས་དུ་སྒམ་རེར་སྒོར་མོ་གསུམ་རེ་ཡིན་པའི་ཁ་ཚ་སྣ་སྦྲིད་ཀྱི་དུ་བ་དག་འཐེན་ནས་ཉིན་མཚན་ཀུན་ཏུ་དེ་ལྟར་དྲན་པ་དང་།   ཉིན་འགའ་འགོར་རྗེས་ཁོས་དུ་བ་དེ་དག་ཅི་ཙམ་འཐེན་ཡང་དུ་རྔམ་སངས་མ་ཐུབ་པར་ལུས་ཡོངས་འདར་ཞིང་དྲན་ཤེས་ཉམས་པ་དང་།   ལྷག་པར་དུ་ཁོག་གི་གློ་རྒྱུའང་ཁ་ནས་སྐྱུག་ལ་ཁད་པའི་ལུ་བ་དྲག་པོ་བརྒྱབ་སྟེ།   དུད་དྲེག་གོང་བུར་ཆགས་པའི་ཐུ་ལུད་ཁྲག་རྣག་ཅན་དག་རྒྱུན་ཆད་མེད་པར་འདེབས་པ་མཐོང་ཚེ།   ཡི་གེ་ཚིག་གཅིག་ཀྱང་མི་ཤེས་པའི་ཆུང་མ་བདེ་སྐྱིད་ཀྱི་སེམས་སུ་སླར་ཡང་དེ་སྔར་སྨན་པས་བཤད་པའི་སྐད་ཆ་དག་དྲན་ཞིང་།   མོ་རང་སྡོད་མ་ཚུགས་པར་བསམ་གྲུབ་ཀྱི་གཡས་གཡོན་དུ་ལུ་གུ་ལྡིང་ལྡིང་བྱས་ཀྱང་ཐབས་ཤིག་མ་རྙེད་པས།   མོས་སྔར་བཞིན་དགོན་པར་སོང་ནས་ལྷ་བླ་མ་ཆོས་སྐྱོང་གི་འཁོར་དང་བཅས་པར་མཆོད་ཡོན་བཤམས་ཤིང་།   གཞན་ཡང་རྒྱ་ལམ་འགྲམ་གྱི་སྤྲང་པོ་དག་ལ་སྦྱིན་པ་བཏང་བ་དང་།   ཕྱོགས་བཞིའི་གནས་རི་ཀུན་ལ་འཛེགས་ཏེ་དཀར་གསུར་དམར་གསུར་བྱས་ནས་གཅིག་ནས་བསམ་གྲུབ་ནད་ལས་ཐར་བ་དང་།   གཉིས་ནས་ལོ་རེའི་གོ་གནས་བསྐོ་བཞག་གི་ལས་ཀའི་ནང་།   ཁོ་ལ་སྔར་བས་ལྷག་པའི་གོ་གནས་ཤིག་འཐོབ་པའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད།   འོན་ཀྱང་།   བསམ་གྲུབ་ལ་དྲག་སྐྱེད་ཡོང་རྒྱུ་ལྟ་ཞོག་སྔར་ལས་ཇེ་སྡུག་ཏུ་སོང་སྟེ།   ཁོས་སྔར་བཞིན་ལའོ་ཀྲང་གི་གྲོགས་པོ་དེ་རང་གི་གམ་དུ་ཡོད་ན་ཅི་མ་རུང་སྙམ་ནས།   ཁོས་བསྐུར་བའི་དུ་བ་མཚར་པོ་དེར་ཉིན་སྒུག་མཚན་སྒུག་བྱས།  

 

        སྦྱིན་བདག་ཀྲང་གིས"ཁོའི་གྲོགས་པོ་ཕྱི་རྒྱལ་དུ་ཡོད"ཅེས་ཟེར་བ་ནང་བཞིན།   ཁོའི་གྲོགས་པོ་ཞའོ་ལིང་དང་ཁོ།   དེ་བཞིན་བསམ་གྲུབ་གསུམ་ནི་འཇིག་རྟེན་མི་འདྲ་བ་གཉིས་སུ་འཚོ་ཞིང་།   ཐོབ་ཐང་དང་འཚོ་བཞེས་བྱེད་ཐབས་ཀྱང་གཏན་ནས་མི་འདྲ་སྟེ།   ཁོ་གཉིས་དང་བསྡུར་ན་ཞའོ་ལིང་ནི་མི་སྲོག་གཅོད་པའི་ལག་དམར་ཞིག་ཡིན།   ཡིན་ནའང་།   སྦྱིན་བདག་ཀྲང་གིས་ཁོ"ཕྱི་རྒྱལ"དུ་ཡོད་ཅེས་པ་ནི་དོན་དུ་བསམ་གྲུབ་ཀྱིས་འདོད་པ་ལྟར་ཁོ་དང་ཐག་མི་རིང་བའི་ཡུལ་ཞིག་ཏུ་ཡོད།  

 

        དེ་ཡང་།   མི་ལོ་བཅུ་གཉིས་ཀྱི་ཡར་སྔོན་དུ་ཞའོ་ལིང་གིས་རང་གི་ཆུང་མས་མ་ཤེས་ས་ནས་དགའ་རོགས་ཤིག་བཙལ།   ཁོས་དགའ་རོགས་དེ་དང་འགྲོགས་ཡུན་རིང་བས་རིམ་བཞིན་ཁོ་གཉིས་ཀྱི་འདོད་པའི་ས་ལ་བརྩེ་དུང་གི་མྱུ་གུ་འབུས་པ་དང་།   མི་རིང་བར་ཤ་ཁྲག་ལུས་ཀྱི་འབྲེལ་བ་བྱུང་སྟེ།   ཉིན་ལྟར་ལྐོག་ལྐོག་སུད་སུད་དུ་གཙང་ཆུའི་ངོགས་ཀྱི་མེ་ཏོག་ར་བ་དེར་དུས་བཏབ་སྟེ་འཛོམས།   ཉིན་ཞིག་གི་དགོང་མོར་ཁོ་གཉིས་གཙང་ཆུའི་ངོགས་ཀྱི་ལྡུམ་ར་དེར་ཐང་ཉལ་བྱེད་པའི་རྣམ་པ་རྗེན་པ་དེ་བུད་མེད་དེའི་ཁྱོ་གས་མཐོང་བས།   དེ་མ་ཉིད་དུ་ཁོ་གཉིས་ཀྱི་མདུན་དུ་མཆོངས་ནས་རང་གི་ཆུང་མ་ལ་འགྲམ་ལྕག་གཞུས་ཤིང་།   ཞའོ་ལིང་དང་ཤི་གསོན་གྱི་དམར་འཛིང་བྱས།   མཐའ་མར་ཞའོ་ལིང་གིས་སྐྱེས་པ་དེ་སར་མནན་ནས་གམ་གྱི་སོ་ཕག་གིས་གང་དེའི་མགོ་ལ་ལན་འགའ་གཞུས་པ་ན།   སྐྱེས་པ་དེའི་ལྟག་པ་ནས་ཁྲག་ཉིལ་ལེར་འཛག་ཅིང་དབུགས་ཆད་དེ་འདས་ལམ་དུ་སོང་།   སྐབས་དེར།   ཁོས་འཚབ་འཚུབ་ངང་སྐྱེས་པ་དེའི་ཕུང་པོ་དྲུད་དེ་གཙང་པོར་འཕངས་རྗེས་ཡུན་ནན་གྱི་གྲོང་ཁྱེར་གཞན་ཞིག་ཏུ་གབ་ནས་ཡུན་རིང་མ་འགོར་བར།   ཉེན་རྟོག་པས་བཟུར་ནས་བཙོན་འཇུག་བྱས་པ་དང་།   ཁོས་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་བཙོང་ནས་ཕ་རོལ་པོར་མི་སྟོང་འཇལ་བས།   ལོ་བཅུའི་རྗེས་སུ་ཁོ་ལ་བཙོན་གྲོལ་ཐོབ་རྗེས་རང་གི་ཆུང་མ་ཡང་གར་སོང་ཆ་མེད་དུ་གྱུར།   ཞའོ་ལིང་ལ་ལག་ན་རྒྱུ་ཞིག་དང་སེམས་ན་མི་ཞིག་མེད་པའི་དུས་དེར།   ཁོའི་ཡིད་ལ་དེ་སྔོན་བཙོན་ཁང་དུ་སྡོད་དུས་བཙོན་གྲོགས་ལའེ་ཅེས་ཁོ་ལ་བཤད་པའི་གཏམ་རྒྱུད་དེ་དྲན་འོངས།  

 

        བཙོན་གྲོགས་ལའེ་ཅེས་བཙོན་ཁང་ནག་སྦྲིག་གི་ཟུར་ཁུག་ཏུ་སྤུངས་པའི་གད་སྙིགས་ལས་ཕྱེད་ཀ་འཚིགས་ཟིན་པའི་དུ་རྐང་ཞིག་བསྒྲུགས་ནས།   ཐོག་མར་ཐལ་སྐྱ་འགོས་པའི་སྟོད་ཐུང་གི་ཐུ་ལྕེའི་ཁུད་དུ་ཕྱིས་ཙམ་བྱས་པ་དང་དེ་ནས་ཕུ་ཞིག་བཏབ་རྗེས་ཁ་ཁུག་ཏུ་བཙངས་ཏེ་མེ་སྦར་ནས་རྔམ་འཐེན་བྱས།   ཁོས་དེ་མུར་སྣ་དགོད་ཕིར་ཕིར་གྱིས"ཉེན་རྟོག་པས་ང་རང་བཙོན་དུ་བཀག་པ་དེས་དོན་གོ་མི་ཆོད།   ནམ་ཞིག་ཁོ་ཚོས་ང་རང་གློད་པའི་ཚེ་ན།   ངས་ད་དུང་ལས་ཀ་དེའི་རིགས་བྱ་སྲིད""ཧ་ཧ།   མི་དེ་ཚོ་ངོ་མ་གླེན་པ་ལ་ཨང"ཁོས་དེ་ལྟར་ཆིག་ལབ་ལྟ་བུ་ཞིག་བྱས་པ་ན།   ང་རང་ཡ་མཚར་ནས"སུ།   སུ"ཞེས་ཁོ་ལ་དྲིས།   ཁོས་དབུགས་རིང་ཞིག་ལེན་བཞིན།   "སྔོན་མ་ང་རང་ཉལ་ཐའི་ཉོ་འཚོང་གི་ལས་སུ་ཞུགས་པ་ཡིན།   དེ་ནི་སྤྱིར་བཏང་བའི་ལས་ཤིག་ག་ནས་ཡིན་ཏེ།   ཉལ་ཐའི་རྒྱུ་ཆ་ལ་ཤས་རང་རྒྱལ་ལྷོ་ཕྱོགས་ཀྱི་ས་ཆ་ག་གེ་མོའི་སོ་ནམ་པའི་ལག་ནས་ཉོ་བ་དང་།   གཞན་ནུས་ཤུགས་ཆེ་བའི་རྒྱུ་ཆ་དག་ནི་ཕྱི་རྒྱལ་ནས་ནང་འདྲེན་བྱས་པ་རེད།   རྒྱལ་ཁབ་ཀྱི་ཁྲིམས་ནང་ཉལ་ཐའི་རིགས་སོགས་གཏན་ནས་ནང་འདྲེན་བྱེད་མི་ཆོག""དེ་ལྟར་ཡིན་ནམ""རེད།   ཉལ་ཐ་འདྲེན་མཁན་གྱི་མི་དེ་ཚོ་ངོ་མ་སྙིང་རེ་རྗེ།   ཁོ་ཚོས་ཕྱི་རྒྱལ་གྱི་ས་ཆ་ག་གེ་མོ་ནས་ཉལ་ཐའི་རྒྱུ་ཆ་དེ་འགྱིག་སོགས་དངོས་པོ་གཞན་གྱི་ཁུད་དུ་བསྒྲིལ་རྗེས་ཁོག་ཏུ་མིད་ནས་འཁྱེར་ཡོང་བ་རེད།   ལ་ཤས་རང་གི་བཤང་ལམ་བརྒྱུད་ནས་ཁོག་ཏུ་བརྫངས་རྗེས།   ཉིན་མཚན་བདུན་བརྒྱད་ཙམ་ལ་ཟས་ཁམ་གང་ཡང་མི་བཟའ་བར་ཉོ་འཚོང་གི་ཡུལ་དུ་འདྲེན་པ་རེད""དེ་ལྟར་ཡིན་ནམ""རེད།   དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཡིན།   ཉལ་ཐ་ཁོག་ཏུ་བླུགས་རྗེས་ཉོ་འཚོང་གི་ཡུལ་དངོས་སུ་མ་བསླེབ་བར་ཟ་ཁམ་གང་ཟ་མི་ཆོག གལ་ཏེ་དེ་ལྟར་མ་བྱེད་པར་ཟས་ཟ་བའམ་ཆུ་འཐུང་ཚེ།   ཉལ་ཐ་དེ་རང་གི་ཁོག་ལ་འཐིམ་ནས་ཤི་རྒྱུ་ལས་ཐབས་མེད།   དེ་ནི་ངོ་མ་འཇིགས་སུ་རུང་བ་ཞིག་རེད""ཡིན་ནའང་།   ཉལ་ཐ་འདྲེན་མཁན་གྱི་མི་དེ་དག་ལ་གླ་ཆ་སྒོར་ཁྲི་ལྔ་དྲུག་ཙམ་ལས་མེད།   མི་དེ་ཚོའི་གླེན་རྟགས་ལ་ཨང་།   སྒོར་མོ་འདི་ཙམ་གྱི་དོན་དུའང་རང་སྲོག་འབེན་ལ་བཙུགས་པ་དེ་ངོ་མ་སྨྱོས་པ་རེད"ཁོས་དེ་ལྟར་བཤད་མཚམས་སུ།   ངས་སླར་ཡང་།   "ཉལ་ཐ་འདྲེན་མཁན་དག་ལ་གླ་ཆ་སྒོར་མོ་མང་པོ་དེ་འདྲ་སྤྲད་རྗེས།   ཁྱོད་ཚོས་ལག་སྟོང་མཆིན་ཏུ་བཙིར་བ་ཡིན་ནམ"ཞེས་མཚར་སྣང་གིས་དྲིས།  "ཧ་ཧ།   ཁྱོད་ཀྱིས་ཉལ་ཐའི་རིན་ཐང་དེ་ཤེས་མི་འདུག  ང་ཚོས་ཉལ་ཐ་དེ་དག་སྒེར་གྱི་སྨན་ཁང་དང་།   ཟ་ཁང་དང་ཨར་ཁང་ཆེ་གྲས།   དེ་བཞིན་རྒྱུ་ཡོད་དབང་ཡོད་ཀྱི་དཔོན་པོ་མཐོ་པོ་དག་ལ་ལྐོག་འཚོང་བྱས་ཚེ།   ལག་ཡོང་དེ་ཁྱོད་ཀྱིས་ཡིད་ལ་དྲན་མི་ཕོད།   ཧ་ཧ"ཁོས་སླར་ཡང"ང་ད་ལྟ་འདི་ལྟ་བུའི་བཙོན་ཁང་ནག་སྦྲིག་ཅིག་ཏུ་བཀག་ཀྱང་ཅི་ལ་ཕངས།   ནམ་ཉི་མ་ཞིག་ལ་བཙོན་གྲོལ་ཐོབ་ཚེ།   ངས་སྔོན་མ་གཞི་རིམ་དུ་ཡོད་པའི་གྲོགས་པོ་བློས་ཐུབ་ཅིག་གི་ལག་ན་སྒོར་ཁྲི་ཉིས་བརྒྱ་ཐམ་པ་དེ་བླངས་རྗེས་ཉལ་ནས་ཟོས་ཆོག"ཁོས་དེ་ལྟར་ཟེར་ཞོར་གདོང་ལ་ཡིད་ཚིམ་པའི་འཛུམ་རེ་ལངས་ཤིང་མཛུབ་མོ་གཉིས་དུས་ད་ལྟའང་བདག་གི་མིག་མདུན་དུ་ཀེར་ཀེར་བྱེད་སྣང་ཤར།  

 

        ལོ་འགའི་རིང་།   ཞའོ་ལིང་གྲོགས་མེད་ཁེར་རྐྱང་ངང་གྲོང་དང་གྲོང་ཁྱེར་ངེས་མེད་དུ་ལྡོམ་པ་དང་ལྷན་དུ།   བཙོན་གྲོགས་ལའེ་ཅེས་བཤད་པ་ལྟར་ཉལ་ནས་བཟའ་རྒྱུ་ཡོད་པའི་ཉོ་འཚོང་གི་ལས་དེ་རིགས་བཙལ།   མཐར་ཡུན་ནན་གྱི་གྲོང་ཁུལ་ཞིག་ཏུ་ཉལ་ཐའི་ཉོ་འཚོང་གི་ཡུལ་ཞིག་ཏུ་བསླེབས་པ་དང་།   ཁོས་ཐབས་བརྒྱ་ཇུས་སྟོང་གིས་མིག་ཤེལ་ནག་པོ་གོན་པའི་སྦྱིན་བདག་དེ་དག་དང་འགྲོགས་ཅི་ཐུབ་བྱས།   ཡིན་ནའང་།   ཁོའི་ལག་ན་མ་རྩ་སྤུ་ཙམ་ཡང་མེད་པས་ཐོག་མར་ཁོ་ཚོའི་ལག་གཡོག་ཏུ་རྒྱུག་ནས་རིམ་གྱིས་སྦྱིན་བདག་དེ་དག་དང་འདྲེས།   རྗེས་སུ་སྦྱིན་བདག་དེ་དག་ཀྱང་ཕན་ཚུན་རྒྱག་རེས་ཤོར་བས་ཁོ་རང་སྡོད་སའི་གནས་ཤིག་ཀྱང་ངང་གིས་ཐོབ་པ་རེད།   དུས་དེ་ནས་བཟུང་།   ཁོ་ཡང་མིག་ཤེལ་ནག་པོ་གོན་པའི་སྦྱིན་བདག་དེ་དག་དང་འདྲ་བར་ཕྱོགས་གཅིག་ནས་ཉལ་ཐའི་རྒྱུ་ཆ་དག་གཞན་ལ་བཙོང་པ་དང་།   ཕྱོགས་གཞན་ཞིག་ནས་ཁོ་ཚོས་གྲོང་ཁྱེར་ནས་ཉོས་པའི་སྤྱིར་བཏང་གི་དུ་བ་དག་གྲོང་གསེབ་ཏུ་འཁྱེར་བ་དང་།   དུ་བ་དེ་དག་གི་ཁུད་དུ་ཉལ་ཐ་བླུགས་ཤིང་ལས་སྣོན་བྱས་རྗེས།   ཕྱི་རྒྱལ་ནས་འདྲེན་པའི་དུ་བའི་མིང་ཁྱེར་ཏེ་ལྐོག་འཚོང་བྱས།   སྦྱིན་བདག་ཀྲང་ནི་ཁོས་སྐབས་དེར་ངོ་ཤེས་པ་ཞིག་ཡིན།   ཞའོ་ལིང་དང་འདྲ་བའི་ཉལ་ཐ་འཚོང་མཁན་དག་ལ་ཁོ་ཚོ་དང་བསྡུར་ན་སྦྱིན་བདག་ཀྲང་ལྟ་བུའི་ལས་ཀ་བདེན་པ་བདེན་ཐུག་བྱས་ནས་ཡོང་སྒོ་ཆེན་པོ་གསོག་པའི་གྲོགས་པོ་རེ་གཉིས་ཡོད་པ་དང་།   ཁོ་ཚོས་ཀྱང་སྦྱིན་བདག་ཀྲང་ལྟ་བུར་དངུལ་སྒོར་དང"ཕྱི་རྒྱལ་ནས་འདྲེན་པའི་དུ་བ"དེ་དག་རིན་མེད་དུ་སྤྲོད་བཞིན་ཡོད།   དེ་ནི་སྦྱིན་བདག་ཀྲང་ལྟ་བུའི་ཨར་སྐྲུན་ལས་གཞིའི་སྦྱིན་བདག་དང་།   ཨར་ཁང་ཆེན་མོའམ་ཁེ་ལས་ཀུང་སི་ཆེན་མོའི་སྦྱིན་བདག་དག་གིས་ཉལ་ཐ་འཚོང་མཁན་གྱི་སྦྱིན་བདག་དེའི་རིགས་རྣམས་ཁོ་ཚོའི་ཚན་པའི་ཁོངས་མིའམ་མགོ་བའི་མིང་ཙམ་སྤྲད་པ་རེད།   དྲང་མོར་བཤད་ན་ཉལ་ཐའི་སྦྱིན་བདག་དེ་དག་གིས་ཀྲང་ལྟ་བུའི་སྦྱིན་བདག་དག་གི་ལས་ཁུངས་སམ་རུ་ཚོགས་ཀྱི་ཁོངས་མིའི་མིང་ཙམ་འཛིན་པ་ལས་ལག་ཡོང་སྦར་གང་མེད།   ཡིན་ནའང་།   ཁོ་ཚོས་གྲོགས་པོ་དེ་དག་ལ་དངུལ་སྒོར་དང་ཉལ་ཐ་སོགས་འབུལ་རྟེན་མང་པོ་ཕུལ་བ་དེས།   གལ་ཏེ་ནམ་ཉི་མ་ཞིག་ལ་ཁོ་ཚོ་ཉེན་རྟོག་པས་བཟུང་དུས།   སྦྱིན་བདག་ཀྲང་ལྟ་བུའི་གྲོགས་པོ་དེ་དག་གིས་ནུས་པ་ཆེན་པོ་འདོན་ཐུབ་ཟེར།  

 

        ཉིན་ཞིག་གི་ཕྱིར་དྲོར།   བསམ་གྲུབ་ཀྱིས་ཉིན་སྒུག་མཚན་སྒུག་བྱས་པའི"ཕྱི་རྒྱལ"ནས་བསྐུར་ཡོང་བའི་དུ་བ་མཚར་པོ་དེ་ཁོའི་ལག་ཏུ་སོན།   དུས་དེ་ནས་བཟུང་།   ཁྱིམ་གྱི་ཚོམས་ཆེན་དང་ཉལ་ཁང་སོགས་སུ་དུད་རླངས་ཀྱིས་ཁེངས་ནའང་།   ནམ་རྒྱུན་བདེ་སྐྱིད་དང་ཁ་རྩོད་བྱེད་པའི་སྡིགས་སྒྲ་དེ་ཆར་རྗེས་ཀྱི་སྨུག་པ་ལྟར་རིམ་གྱིས་མེད་པར་གྱུར་བ་དང་།   ཆུང་མ་བདེ་སྐྱིད་ཀྱི་སྙིང་ལ་གཟན་པའི་སྔར་གྱི་གློ་ལུད་དྲག་པོ་དེའང་ཞི་བར་འཇགས་པས།   མོས་ཉིན་ལྟར་གྱི་ཁ་ཏོན་ཆག་རོ་དེར་བར་ཆད་གཏོང་མཁན་མེད་པར་བློ་སེམས་རྩེ་གཅིག་གིས་འདོན་ཞིང་།   ཞོགས་ཡར་ལངས་དང་དགོང་མར་ཉལ་ལ་བསམ་གྲུབ་ཀྱི་གོ་གནས་འཕར་རྒྱུར་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད།   རེད་ཨང་།   བསམ་གྲུབ་ཀྱིས་སྒོར་ཁྲི་ཉི་ཤུར་བརྗེས་པའི་དུ་སྒམ་ཉི་ཤུ་དེ་རེ་རེ་བཞིན་ཁ་ཕྱེས་ཏེ་འཐེན་པའི་སྐབས།   ཁོའི་སེམས་པ་ལྷོད་ལ་བབས་ཤིང་སྔར་དང་བསྡུར་ན་ངང་རྒྱུད་ཀྱང་ཇེ་རིང་དུ་སོང་ནས་བུད་མེད་ཅིག་དང་འདྲ་པོར་ཆགས།   ཁོས་སྒྲོལ་མའི་ས་རིན་གྱིས་ཉོས་པའི་དུ་བ་དེ་དག་ཉིན་ལྟར་འཐེན་ནའང་།   སྔར་བཞིན་ཆེད་དུ་གོ་སྐབས་བཙལ་ཏེ་སྒྲོལ་མའི་ནང་དུ་འཛུལ་རྒྱུ་ལྟ་ཞོག ད་ནི་མོ་རང་གཏིང་བརྗེད་དུ་གྱུར་བ་ལྟར།   ཉིན་ལྟར་ལས་ཚོགས་གྲོལ་རྗེས་སྒྲོལ་མའི་ཕྱོགས་ལ་ཕྱིར་ལྟ་ཙམ་ཡང་མི་བྱེད་པར་རང་ཁྱིམ་དུ་ལོག་རྐྱང་བྱས།   དེར་བརྟེན།   ཁོ་རང་ལས་ཁུངས་སུ་འགྲོ་ན་ཀུན་གྱིས་གུས་ཤིང་བཀུར་བའི་ཅུས་ཀྲང་བཟང་པོ་ཞིག་ཡིན་ལ།   ནང་དུ་བུད་ན་ཆུང་མ་དང་བུ་མོ་གཉིས་ཀྱིས་དགའ་དགའ་བྱེད་སའི་ཞི་ལི་ཁྲ་ཁྲ་དེ་དང་གཉིས་སུ་མ་མཆིས།  

 

        དུས་ཚོད་ནི་བསམ་གྲུབ་ཀྱིས་ཉིན་ལྟར་ཁ་ཁུག་ཏུ་བཙིར་བའི་དུ་རྐང་ལྟར།   བལྟས་བལྟས་རིག་རིག་ངང་ལ་མེས་འཚིགས་ཏེ་རིང་པོ་ནས་ཐུང་ངུ་དང་།   ཐུང་ངུ་ནས་མེད་པར་ཆགས་འགྲོ།   དེ་ལྟར་ཟླ་དྲུག་གི་དུས་ཚོད་ནི་ཁོས་ཁ་སྣ་ཟུང་ལས་ལྷོག་ལྷོག་ཏུ་བཏང་བའི་དུད་རླངས་ལྟར་སྟོང་བའི་དབྱིངས་ནས་ཐོལ་གྱིས་ཡལ་སོང་།   ཕྱི་ལོའི་ཟླ་བཞི་པ་ནི་ལོ་རེ་བཞིན་དཔོན་པོ་བསྐོ་བཞག་གི་དུས་ཚོད་ཡིན་པས།   དུས་དེར་དར་རྒྱས་རྫོང་གི་རྫོང་དཔོན་རྒྱ་རིགས་དེ་གོང་རིམ་གྱིས་བཀོད་སྒྲིག་བྱས་པ་ལྟར།   ས་ཁུལ་གྱི་དཔོན་གནས་ཆེ་གེ་མོ་ཞིག་ཏུ་འཕར་བ་དང་།   དེ་བཞིན་དར་རྒྱས་རྫོང་གི་ལས་ཁུངས་ལ་ཤས་ཀྱི་ཅུས་ཀྲང་རྒན་གཞོན་དག་ལའང་འགྱུར་བ་ཆེན་པོ་བྱུང་།   ལས་ཁུངས་ཁག་གི་ཅུས་ཀྲང་བརྗེ་སྤོར་བྱས་པ་ནི་རྫོང་དེའི་ལས་བྱེད་པ་དང་མང་ཚོགས་ཚོས་ལོ་ལྟར་མཐོང་མྱོང་བས་དོ་སྣང་ཆེར་མ་བྱས།   ཡིན་ནའང་།   ད་ལོར་ལོ་བདུན་རིང་དར་རྒྱས་རྫོང་གི་རྫོན་དཔོན་གྱི་གོ་གནས་བདག་གིར་འཛིན་པའི་རྒྱ་རིགས་རྒན་པོ་དེ་ས་ཁུལ་དུ་གོ་གནས་འཕར་རྗེས།   རྫོང་དཔོན་གསར་པ་དེ་སུ་ཡིན་མིན་ནི་རྫོང་དེའི་བྱིས་པ་བསམ་མེད་ཡན་ནས་རྒན་པོ་སོ་མེད་མན་ཆད་ཀྱི་སེམས་ཀྱི་ཁུར་པོ་དང་གཏམ་གྱི་མགོ་མར་སོན་པས།   རྫོང་དེའི་སྲང་ལམ་གྱི་མགོ་མཇུག་བར་གསུམ་དང་།   ལས་ཁུངས་སོ་སོའི་ལས་བྱེད་རྒན་གཞོན་ཀུན་གྱི་ཁ་ན་རླུང་ལྟར་གྲགས་བཞིན་ཡོད།

  

        "བསམ་གྲུབ་རྫོང་དཔོན་དུ་བསྐོས་འདུག""ཁོ་ཡིན་མི་སྲིད།   ཕལ་ཆེར་རྒྱ་རིགས་ཤིག་བསྐོ་རྒྱུ་རེད" "རེད་རེད།   ཁྱོད་སོང་ལ་བརྡ་ཁྱབ་དེར་ལྟོས" "ང་ཚོའི་རྫོང་དཔོན་བསམ་གྲུབ་རེད་འདུག" "དེ་ལྟར་ཨེ་ཡིན་ནམ"དེ་ལྟར་རྫོང་མི་དམངས་སྲིད་གཞུང་གི་གཡས་གཡོན་དང་སྲང་ལམ་གྱི་མགོ་རྔ་ཀུན་ནས་མི་མང་སྟོང་གིས་སྐད་ཆ་འདྲ་མིན་ཁྲི་ཕྲག་བཤད་ཀྱིན་གདའ།   ལྷག་པར་དུ་རྫོང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་ཡོད་པའི་བརྡ་ཁྱབ་འགྲེམ་སྒྲོམ་དེར་མི་མང་ཞིག་སྦྲང་ནག་སྐྱག་པར་རུབ་རུབ་ཀྱིས།   ཁ་ཤས་ཀྱིས་རྐང་པའི་ཕྱི་རྟིང་བཀྱགས་ཤིང་སྐེ་བསྲིངས་ཏེ་ལྟ་བ་དང་།   འགའ་ཤས་ཀྱིས་སྣ་མདོར་གཟེད་པའི་མིག་ཤེལ་དེ་འདེད་ཙམ་འདེད་ཙམ་བྱས་ནས་ལྟ་བཞིན་འདུག  "རྫོང་དཔོན་བསམ་གྲུབ་རེད་འདུག" "ཁོ་ངོ་མ་མི་བསོད་ནམས་ཅན་ཞིག་རེད" "ཧ་ཧ།   དེ་ལྟར་ཡིན་ན་བདེ་སྐྱིད་ཀྱང་ཧྲུའུ་ཅི་ལ་བསྐོས་པ་དང་ཁྱད་ཅི་ཡོད"མི་མང་གི་བཤད་ཡམས་དེ་དག་གིས་ས་ཁུལ་སྒྲིག་འཛུགས་པུའུ་ཡི་ཐམ་ག་ཅན་གྱི་བརྡ་ཁྱབ་དེའི་ཐོག་གི་བསམ་གྲུབ་ཅེས་པའི་རྒྱ་ཡིག་གི་ཡིག་འབྲུ་གཉིས་པོ་དེ་བསུབ་ཐབས་མེད་པ་མ་ཟད།   ཁོ་ཚོས་ཡར་བཤད་མར་བཤད་བྱས་ཏེ་བརྡ་ཁྱབ་དེའི་ཐོག་ཏུ་བདེ་སྐྱིད་ཅེས་པའི་ཡིག་འབྲུ་གཉིས་པོ་ཡང་གསར་དུ་སྣོན་ཐབས་ག་ལ་ཡོད།  

 

        བསམ་གྲུབ་རྫོང་དཔོན་ལ་བསྐོས་ཀྱང་།   ཁོས་སྔར་བཞིན་ཁོ་རང་ཅུས་ཀྲང་ཡིན་སྐབས་གྱོན་རྒྱུར་དགའ་བའི་སྟོད་ཐུང་ཁོག་རིང་དེ་དང་གོས་ཐུང་ནག་པོ་དེ་གྱོན་རྐྱང་བྱས་པ་མ་ཟད།   དཔོན་པོའི་རྫིག་ཉམས་མེད་པར་སྐྱེ་བོ་མཐོ་དམན་སུ་དང་འཕྲད་ནའང་སྔར་བཞིན་འཛུམ་ལྷུག་ལྷུག་བྱེད་པ་སོགས་ལ་འགྱུར་ཆེར་མེད་ཀྱང་།   ཁོ་རང་རྫོང་དཔོན་དུ་གྱུར་རྗེས་མི་སུས་བལྟས་ཀྱང་ཁོས་ཉིན་ལྟར་ཁ་ཁུག་ཏུ་དུ་རྐང་གཅིག་བཙིར་ནས་འགྲོ་བ་དང་།   ལྷག་པར་དུ་སྐབས་སྐབས་སུ་ཚོགས་འདུ་འཚོགས་དུས་ཀྱང་དུ་བ་འཐེན་པ་དེ་འགྱུར་ལྡོག་ཆེན་པོ་གཅིག་རེད་ཟེར།   ད་དུང་གཞན་ཞིག་ཡོད་པ་ནི་ཁོ་རྫོང་དཔོན་ལ་བསྐོས་རྗེས།   ཁོ་བཟའ་ཚང་གཉིས་ཀྱིས་སློབ་ཆུང་འགྲིམ་བཞིན་པའི་བུ་མོར་སྐྱེལ་བསུ་བྱེད་པ་དང་ནང་ལས་ཙག་ཙིག་དག་ལས་མཁན་གྱི་གྲོང་གསེབ་ཀྱི་བུ་མོ་ཞིག་བུ་རྫིའམ་གཡོག་མོ་རུ་ཉར་བས།   སྔར་དང་བསྡུར་ན་བདེ་སྐྱིད་ལ་ཅི་ཡང་ལས་རྒྱུ་མེད་ཀྱང་།   མོ་རང་སྔར་བཞིན་དགོན་པར་སོང་ནས་ཕྱག་བསྐོར་བྱེད་པ་དང་གྲྭ་པར་མང་ཇ་བཏང་བ།   དེ་བཞིན་སྟོང་མཆོད་འབུལ་བ་སོགས་ཀྱི་ལས་རྣམས་ཇེ་ཉུང་ནས་ཇེ་ཉུང་དུ་སོང་སྟེ།   ད་ལྟ་དགོན་པའི་སྐོར་ལམ་དུ་རྒན་མོ་ཁ་བདེ་རྣམས་ཀྱིས"མ་བདེ་སྐྱིད།   བདེ་སྐྱིད"ཅེས་མོའི་སྐོར་ལ་ལྐོག་གཏམ་མ་ཎི་བགྲང་བགྲང་བྱས་ཀྱང་།   དོན་དུ་དགོན་པའི་ཕྱི་ནང་གི་སྐོར་ལམ་དུ་བདེ་སྐྱིད་ལྟ་ཞོག་མོའི་གྲིབ་གཟུགས་ཤིག་ཀྱང་མངོན་རྒྱུ་མེད། 

 

        ཡིན་ནའང་།   བསམ་གྲུབ་རྫོང་དཔོན་དུ་བསྐོས་རྗེས།   ཀུན་གྱིས་མ་རྟོགས་པའི་འགྱུར་བ་ཆེན་པོ་ཞིག་ནི་ཞིང་འབྲོག་ཅུས་ཀྱི་རྒྱ་རིགས་མགོ་བ་གསར་པ་དེས་སྒྲོལ་མའི་གནས་བབ་ལ་ལྟ་རྟོགས་ཆེར་བྱས་ཏེ།   མོའི་ལས་འགན་ཇེ་ཉུང་དུ་འཕྲི་བ་དང་གླ་ཕོགས་ཇེ་མང་དུ་སྤར་བ་དེ་ཡིན།   ཚུལ་དེ་བསམ་གྲུབ་ཀྱིས་དངོས་སུ་རྟོགས་ཀྱང་།   ཁོ་རང་རྫོང་དཔོན་དུ་གྱུར་རྗེས་ཁོས་ཉིན་ལྟར་དུ་བ་མཚར་པོ་དེ་ཁ་ཁུག་ཏུ་བཙིར་ནས་རང་འཁྲིའི་ལས་ལ་མགོ་འཁོར་ཞིང་།   ཆུང་མ་བདེ་སྐྱིད་ཀྱིས་མ་ཤེས་ས་ནས་ལྐོག་ཏུ་སྒྲོལ་མའི་ནང་ལ་དེངས་བ་ལས།   དེ་སྔོན་སྒྲོལ་མར་མཐོང་ཆུང་བྱེད་པའི་ཁོ་ཚོའི་ལས་ཁུངས་ཀྱི་རྒྱ་རིགས་མགོ་བ་དེར་ཁ་ཡ་ཡེ་ནས་མི་བྱེད།   ཞིང་འབྲོག་ཅུས་ཀྱི་མགོ་བ་དེ་དང་དེ་བཞིན་ལས་ཁུངས་གཞན་པའི་དབུ་ཁྲིད་རྒན་གཞོན་མཐའ་དག་ཉིན་ལྟར་བསམ་གྲུབ་ཀྱི་མགོ་རྔ་ཀུན་ཏུ་ཁྱི་རྒྱུག་རྒྱུག་བྱེད་པ་དང་།   ཁོས་འཛུམ་རེ་སྟོན་ཚེ་ཁོ་ཚོར་སྔ་བས་ལྷག་པའི་དཔའ་གདེང་རྒྱས་ཏེ།   ཐ་ན་ཁོའི་སློབ་ཆུང་འགྲིམ་པའི་བུ་མོ་དེའང་རྫོང་དཔོན་ཞིག་གི་ཚད་དུ་འཛིན་ནས་ཉིན་ལྟར་ཡར་བསུ་མར་བསུ་བྱས་པ་མ་ཡིན་ནམ།   ཡིན་ནའང་།   བསམ་གྲུབ་ཀྱིས་འཛུམ་ཙམ་བྱས་པ་ལས་ཁོ་ཚོའི་རེ་བ་ཡོད་ཚེ་སྣང་མེད་དུ་འཇོག་པས།   ཞིང་འབྲོག་ཅུས་ཀྱི་རྒྱ་རིགས་མགོ་བ་དེ་དང་འདྲ་བ་ཐམས་ཅད་ཀྱིས་ཁོའི་མདུན་ན་མགོ་སྒུར་སྒུར་དང་ལྕེ་ནར་ནར་བྱས་ཏེ་གུས་པའི་ཉམས་སྟོན་ནའང་།   དོན་དུ་ཁོ་ཚོའི་སེམས་ལ་འབར་གས་ཆེན་པོ་ཞིག་སྦྲུམ་ཡོད་པ་སུས་ཤེས།  

 

        བསམ་གྲུབ་རྫོང་དཔོན་ལ་བསྐོས་ནས་ཟླ་བཞི་འགོར་རྗེས།   ཁོས་ཉིན་མཚན་དབྱེར་མེད་དུ་འཐེན་པའི་དུ་བ་མཚར་པོ་དེ་སླར་ཡང་རྫོགས་ལ་ཁད་དུ་སོང་།   དེར་བརྟེན།   ཁོས་བདེ་སྐྱིད་ཀྱི་ལྐོག་ཏུ་སྦས་པའི་དར་རྒྱས་རྫོང་གི་དབུལ་སྐྱོར་རོགས་དངུལ་གྱི་ཆ་ཤས་དེ་སྤྱད་ནས་སྦྱིན་བདག་ཀྲང་ལ་དུ་བ་དེ་དག་ཉོ་རོགས་ཞུ་དགོས་བསམས།   སྐབས་དེ་དག་ཏུ།   ཐག་རིང་ནང་ས་རུ་ཡོད་པའི་སྦྱིན་བདག་ཀྲང་གིས་ཀྱང་བསམ་གྲུབ་རྫོང་དཔོན་ལ་བསྐོས་ཡོད་པ་རྟོགས་པས།   ཁོས་རང་འགུལ་གྱིས་རྫོང་དཔོན་བསམ་གྲུབ་ལ"ཕྱི་རྒྱལ"གྱི་དུ་བ་མཚར་པོ་དེ་སྒམ་བཅུ་བསྐུར་འདུག དུ་བ་སྒམ་བཅུ་པོ་དེ་དལ་མེད་དུ་བསྐྱོད་པའི་དུས་དང་བསྡུར་ན་ཅི་འདྲའི་ཉམས་ཆུང་བ་ཞིག་རེད་ཨང་།   ཟླ་གཉིས་ཀྱི་རྗེས་སུ་བསམ་གྲུབ་ཀྱིས་དུ་བ་དེ་དག་འཐེན་ཚར་བས།   སླར་ཡང་སྦྱིན་བདག་ཀྲང་ལ་ཁ་པར་བཏང་ནས་དུ་བ་དེ་དག་བསྐུར་རོགས་ཞུ་དགོས་སྙམ་སྟེ།   ཁོའི་ཁ་པར་ཅི་ཙམ་བཏང་ནའང་ཉ་མོ་རྒྱ་མཚོར་འཐིམ་པ་ལྟར་ཚུར་ལན་སློག་མཁན་གཅིག་ཀྱང་མ་བྱུང་། 

 

        བསམ་གྲུབ་ཀྱི"ཕྱི་རྒྱལ"གྱི་དུ་བ་མཚར་པོ་དེ་རྫོགས་པ་ནས་བཟུང་།   གཞུང་སྒྲུབ་ཁང་དང་ཁྱིམ་གྱི་ཕྱི་ནང་ཀུན་ཏུ་ཁོའི་གློ་ལུད་དྲག་པོ་དེས་ཟུར་དུ་སྡོད་པའི་དྲུང་ཡིག་བློ་གྲོས་ཀྱིས་བློ་སེམས་གཅིག་ཏུ་ཕབ་སྟེ་ཡིག་ཆ་འབྲི་བའི་སེམས་རྩེ་ཐོར་ཅིང་།   ཁོ་ཚང་གི་སྡོད་ཁང་གཡས་གཡོན་དུ་སྡོད་པའི་ལས་བྱེད་པ་གཞན་དག་གི་མཚན་མོའི་རྨི་ལམ་དཀྲོགས་ནས་ངན་དམོད་སྒྲོག་པའང་ལན་གཅིག་མིན།   སྦྱིན་བདག་ཀྲང་ལ་ཁ་པར་མ་འབྱོར་བས།   ཁོས"ཕྱི་རྒྱལ"གྱི་དུ་བ་མཚར་པོ་དེའི་ཚབ་ཏུ་ལྐོག་ལྐོག་སུད་སུད་དུ་འགྲོ་ནས་སླར་ཡང་སྒམ་གཅིག་ལ་སྒོར་མོ་གསུམ་ཅན་གྱི་དུ་བ་ངན་པ་དེ་དག་ཉོས་ནས་འཐེན་ནའང་།   དུ་བ་དེ་དག་གིས་སྔར་ལྟར་ཁོའི་དུ་རྔམ་སངས་མ་ཐུབ་པས།   ཁོ་རང་གདོན་གྱིས་བསླུས་པ་ལྟར་ཉིན་མཚན་ཀུན་ཏུ་སྡོད་མི་ཚུགས་པར་གྱུར་ནས།   ཆུང་མ་བདེ་སྐྱིད་དང་གཡོག་མོ་གཉིས་ཀྱིས་ཁོ་ལ་ཆེད་དུ་ཟས་རིགས་སྣ་ཚོགས་བཟོས་ནའང་།   དེ་དག་བཟའ་རྒྱུའི་ཡི་ག་ཆད་ཅིང་མཚན་མོར་དབུགས་འགག་སྟེ་གཉིད་ཀྱང་མ་ཁུགས་པས།   ཁོའི་གདོང་པ་དེ་ཉིན་རེ་ནས་ཉིན་རེ་བཞིན་ནག་རིད་དུ་གྱུར་ཅིང་།   འབུར་དུ་ཐོན་པའི་ལྟོ་བའང་དབུགས་ལྒང་གི་དབུགས་ཤོར་བ་ལྟར་ནང་དུ་འཁུམས་སོང་།   དེ་ལྟར་བསམ་གྲུབ་ལ་སྐབས་སྐབས་སུ་ཚ་དྲོད་རྒྱས་ནས་འབར་ལ་ཁད་དང་མཚམས་མཚམས་སུ་དྲོད་ཡལ་ཏེ་རྐང་ལག་ཡོད་ཚད་ཆུ་འཁྱག་ལྟར་གྲང་མོར་གྱུར།   སྐབས་དེར།   ཁྲོམ་པའི་མི་ཁ་ལྟར་ན།   སྒྲོལ་མ་ལ་བུ་ཞིག་སྐྱེས་པའི་གཏམ་ཡན་དེ་དར་རྒྱས་རྫོང་གི་མགོ་རྔ་ཀུན་ཏུ་རླུང་ལྟར་གྲགས་པས།   རྒན་རྒོན་ཁ་ཤས་ཀྱིས་མ་ཎི་འདོན་ཞོར་དུ"ད་ནི་སྒྲོལ་མ་མ་སྨད་གཉིས་ཀྱི་བསོད་ནམས་སྐམ་སོང"ཞེས་གདུང་སེམས་སྐྱེས་ནའང་།   ཞིང་འབྲོག་ཅུས་ཀྱི་རྒྱ་རིགས་ཅུས་ཀྲང་དེས་རྫོང་དཔོན་བསམ་གྲུབ་ནད་ཀྱིས་མནར་ཏེ་ཤི་གསོན་གཉིས་ཀྱི་ལ་ཁར་འཕག་འཚག་བྱེད་བཞིན་པའི་གཏམ་དེ་གོ་དུས།   ཁོའི་ཡིད་ལ་དགའ་སྤྲོ་དཔག་མེད་ལངས་པ་དང་།   དེ་མ་ཉིད་དུ་ལས་ཁུངས་སུ་བུད་དེ་སྒྲོལ་མའི་ཁང་པ་དེ་ལས་ཁུངས་ཀྱི་མཛོད་ཁང་བྱེད་དགོས་ཞེས་ཁ་གཡར་ནས་ཁོ་མ་སྨད་གཉིས་ཀ་ཕྱིར་ཕུད།

  

        བསམ་གྲུབ་དབུགས་འཚང་ནས་མལ་ཁྲིར་ལྷུང་བའི་ཉིན་དེའི་དགོང་མོར།   དྲུང་ཡིག་བློ་གྲོས་དང་ཆུང་མ་བདེ་སྐྱིད།   དེ་བཞིན་ཐག་རིང་དུ་ཡོད་པའི་ཁོའི་ཕུ་ནུ་མིང་སྲིང་དང་ལས་རོགས་བཅས་པས་གོང་རིམ་ལ་གནང་བ་ཞུས་རྗེས།   མཚན་ལམ་རིང་མོ་བརྒྱུད་ནས་དབུས་ཀྱི་ལྷ་སའི་སྨན་ཁང་དུ་འབྱོར་རྗེས་སྐབས་རེར་ཁོས་དབུགས་རྟ་རྔ་ཙམ་རེ་འབྱིན་པའི་སྒྲ་ཙམ་ལས།   ཁ་འགུལ་འགུལ་གྱིས་ཅི་ཞིག་བཤད་པ་ལྟར་སྣང་ཡང་།   ཚིག་འབྲུ་གཅིག་ཀྱང་ཁོའི་ཉེ་འཁོར་དུ་རུབ་པའི་མི་དག་གི་རྣ་གམ་དུ་མ་འོངས།   སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་མགོ་བོ་ལྷབས་སེ་གཡུག་བཞིན།  "འཕྱིས་འདུག ནད་པའི་གློ་བ་ནད་དུག་གིས་མནར་ནས་རུལ་འདུག"ཅེས་ཟེར་བ་ན།   བདེ་སྐྱིད་དང་བསམ་གྲུབ་ཀྱི་ནུ་མོ་གཡང་མཚོའི་མཁུར་ཀོང་ནས་མིག་ཆུའི་?ག་པོ་དག་ཕྲེང་ཐག་ཆད་པའི་ཕྲེང་?ག་ལྟར་ཉིལ་ལེར་འགྲིལ་ནའང་།   ལག་གཡས་པས་རང་རང་གི་ཁ་སྦྱར་ཏེ་ངུ་སྐད་ཡོད་ཚད་བཙན་གྱིས་མིད་པར་བྱས་པས།   སྨན་ཁང་དུ་མི་མང་ཡང་ཁོ་ཚོ་མི་རེ་ངོ་རེར་རེ་ཆད་ཀྱི་མདངས་ཤིག་མངོན་བཞིན་གཅིག་གིས་གཅིག་ལ་ལྟ་བ་ལས་སྒྲ་ཨུམ་ཙམ་ཡང་མེད་པས་རེ་ཞིག་ཁུ་སིམ་མེར་གནས།   སྐབས་དེར།   རྫོང་རྒྱབ་ཀླུ་ཁང་གི་ལྷབ་ལྷབ་སྟོན་ལོའི་འཁུན་སྒྲ་ལས་ལྡང་བའི་གྲང་རླུང་དེ་ཁྲ་མ་བརྟོལ་ཏེ་སྨན་ཁང་ནང་དུ་ལྷགས་པ་ན།   དཀར་ཆ་དོད་པའི་མྱུར་སྐྱོབ་ཁང་དུ་སྔར་བས་ལྷག་པའི་འཁྱག་བསིལ་བསིལ་གྱི་སྣང་བས་ཡོངས་སུ་གཏམས་ནས།   བདེ་སྐྱིད་དང་གཡང་མཚོའི་མཁུར་ངོས་ཀྱི་མིག་ཆུའི་རྒྱུན་ཀྱང་འཁྱག་པས་བསྡམས་པ་ལྟར་ཆད་དེ།   སྐག་རྩི་བྱུགས་པའི་མཁུར་ཀོང་གི་ངོས་སུ་མངོན་པར་གསལ་བའི་རྗེས་ཤུལ་རེའང་ལྷངས་སེ་མངོན་འོངས།   ཡུད་ཙམ་ནས་བདེ་སྐྱིད་ཀྱིས་ནད་ཁྲི་རུ་འཁུན་སྒྲ་སྒྲོག་བཞིན་པའི་རང་གི་ཁྱོ་བོར་ཅེ་རེར་ལྟ་བཞིན།   གློ་བུར་དུ་ཅི་ཞིག་དྲན་པ་ལྟར་སྙིང་ལ་གཟན་པའི་ངུ་སྐད་འཛེར་པོ་ཞིག་བསྒྲོགས་པ་དེས་ཉེ་འཁོར་གྱི་མི་དག་དོགས་མི་བདེ་བར་བཏང་ཞིང་།   ལྷག་པར་དུ་གམ་གྱི་གོས་དཀར་མནབས་པའི་སྨན་པ་དེའི་ཐུགས་ལ་ཕོག་སྟེ། "སྒོ་ལ་སོང་།   ཚང་མ་སོང་།   མཚམས་འདིར་བསླེབས་དུས་ངུས་ནས་ཅི་ཕན།   ང་ཚོས་ཁབ་རྒྱག་དགོས།   སང་ཉིན་ནང་སའི་གསོ་རིག་མཁས་དབང་ཞིག་འདིར་ཡོང་དགོས།   སྐབས་དེར་ཁོང་ལ་ཐབས་ཤིག་ཨེ་འདུག་བལྟ་རྒྱུ་ལ་སྒུགས།   ཚང་མ་སྒོར་སོང……"ཞེས་ཁོ་ཚོར་ཕུད་རྒྱག་བྱས་ཏེ་སྒོར་དེད།   ཡིན་ནའང་།   བདེ་སྐྱིད་ཀྱི་ངུ་སྐད་དེ་མེ་ཐོག་ལ་སྣུམ་བླུགས་པ་ལྟར་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ།   གམ་གྱི་ནད་ཁང་དུ་ཡོད་པའི་ནད་པ་དང་ནད་གཡོག་འགའ་ཤས་ཀྱིས་སྐྱོ་སེམས་འཁོར་བའི་མིག་ཟུར་གྱིས་མོ་ལ་ལྟ་ཙམ་དང་།   འགའ་ཤས་ཀྱིས་ཡ་མཚར་དང་འཁང་རའི་མིག་ལོག་ཁྲ་སྒོར་རེའང་སྟོན་བཞིན་གདའ།   ཁོ་མོའི་རྒྱབ་གཟུགས་དེ་སྨན་ཁང་གི་བར་ཁྱམས་ནས་ཡལ་རྗེས་ཁོར་ཡུག་ཡོད་ཚད་གཞི་ནས་ལྷོད་ལ་བབས་ཤིང་།   སྔར་བཞིན་འཁྱག་བསིལ་བསིལ་གྱི་མཁའ་དབུགས་ཀློང་ནས་ཧོན་ཐོར་བ་ལྟར་རང་གནས་སུ་བསྡད།

  

        ཕྱི་ཉིན་ཞོགས་པར།   ལྗོངས་མི་དམངས་སྨན་ཁང་གི་མདུན་དུ་རླངས་འཁོར་ཆེ་འབྲིང་ཆུང་གསུམ་གྱི་འདུ་འགོད་རྩེན་ཞིང་།   དེ་དག་ལས་ཐག་རིང་ནས་ཡོང་བའི་ལས་ཁུངས་ཁག་གི་ལས་བྱེད་པ།   དེ་བཞིན་དར་རྒྱས་རྫོང་ཁོངས་ཀྱི་ཞིང་པ་མང་པོ་ཞིག་ཐང་ལ་བབས་རྗེས།   ཐད་ཀར་བསམ་གྲུབ་སྡོད་སའི་མྱུར་སྐྱོབ་ཁང་གི་ཕྱོགས་སུ་བྲེལ་སྟབས་ཀྱིས་སོང་ནའང་།   སྒོ་རྩར་བསླེབས་དུས་སྨན་པས་ཁོ་ཚོ་ནང་དུ་མ་བཏང་།   "གལ་ཏེ་རྫོང་དཔོན་ཤི་སོང་ན།   ངེད་ཚང་གི་ས་ཞིང་འགན་ལེན་གྱི་རོགས་དངུལ་དེ་སུས་འགན་འཁུར་དགོས""ངས་ན་ནིང་ནས་བསྒུགས་པ་ཡིན།   རྫོང་དཔོན་གྱིས་ཉིན་ལྟར་སང་ཉིན་ཤོག སང་ཉིན་ཤོག་ཅེས་ཕྱིར་འགྱངས་བྱས་ནས་ད་ལ་ཐུག་སོང་།   ད་ནི་ཅི་བྱ" "ངེད་ཚང་གི་གཟི་མིག་དགུ་པ་དེ་རྫོང་དཔོན་གྱི་ལག་ན་ཡོད།   ཁོ་བུད་སོང་ན་དེ་སུས་འགན་འཁུར་ཐུབ" "རྫོང་དཔོན་བསམ་གྲུབ་ཀྱིས་ངེད་ཚོའི་དབུལ་སྐྱོར་རོགས་དངུལ་དེ་སང་ཉིན་སྤྲད་སང་ཉིན་སྤྲད་ཟེར་ནས་ད་ལྟ་སུས་སྤྲོད་དགོས་རེད"ཚོང་པ་རྒྱ་བོ་དང་ཞིང་པ་རྒན་པོ།   དེ་བཞིན་ལས་འཁྱུར་ངལ་གསོ་བྱེད་པའི་རྒན་པོ་སོགས་ཀྱིས་གཅིག་ཁ་གཅིག་གིས་ཕྲོགས་ནས་བཤད་ཞོར་དུ་མྱུར་སྐྱོབ་ཁང་དང་ཇེ་ཉེ་ནས་ཇེ་ཉེར་སོང་ནའང་།   རས་ལྭ་དཀར་པོ་གྱོན་པའི་སྨན་པ་བུད་མེད་གཉིས་ཀྱིས་ཁོ་ཚོར་ཕུད་རྒྱག་བཞིན"མར་སོང་།   མར་སོང་།   ཁྱོད་ཚོས་འདི་ལྟར་འུར་བརྒྱབ་སྟེ་སྨན་པས་ནད་བརྟག་རྒྱུར་བར་ཆད་བཟོ་འགྲོ"ཞེས་ཡང་ནས་ཡང་དུ་བསྡིགས་ཏེ་ཉིན་ཕྱེད་འདས་ཀྱང་མྱུར་སྐྱོབ་ཁང་གི་སྒོ་ད་དུང་མ་ཕྱེ།  

 

        པོ་ཏ་ལའི་མདུན་རྒྱབ་ཀུན་ཏུ་དྲ་བ་བཞིན་འཐེན་པའི་གཞུང་ལམ་དུ་རླངས་འཁོར་སྣ་ཚོགས་སྔར་བཞིན་འུར་གྱིས་རྒྱུག་པ་དང་།   ལམ་གྱི་གཡས་གཡོན་དང་ཐག་རིང་གི་སྡོང་ར།   རྫོང་རྒྱབ་ཀླུ་ཁང་བཅས་སུ་སེར་ཐིགས་ལྷུང་བའི་སྡོང་ལོ་དག་འཁྱག་རླུང་བསིལ་མའི་འགྲོས་དང་བསྟུན་ནས་ས་ཡི་ཕང་ལ་ཟགས་པའམ།   བར་སྣང་གི་དབྱིངས་སུ་ཁ་ཕྱོགས་ངེས་མེད་དུ་ལྡིང་བ་དེས་སྐྱེ་འགྲོ་ཀུན་གྱི་ཤ་དང་རུས་པར་ཟུག་པའི་འཁྱག་སྣང་ཞིག་བསྩལ་ནའང་།   ནུབ་ཀྱི་བུམ་པ་རི་བོའི་ལ་མགོར་བུད་པའི་སྲོད་ཀྱི་ཉི་མ་རྒན་མོ་དེས།   ཕྱིར་མིག་གི་འོད་ཞགས་སྣུམ་པོ་དེ་ལྷ་སའི་གཞུང་དུ་འཕྲོས་པ་ན།   ཡོད་ཚད་སྲོད་ཀྱི་ཉི་འོད་སྣུམ་པོའི་གསེང་ནས་སེར་ལམ་མེར་བྱེད་པས།   འཁྱག་གྲང་གི་རླུང་ཁར་འདར་བཞིན་པའི་མི་སེམས་ཀུན་ལ་དྲོད་སྣང་རྟ་རྔ་ཙམ་ཞིག་ངང་གིས་འཕེལ་བར་བྱས།   སྐབས་དེར།   སྨན་ཁང་གི་བར་ཁྱམས་རིང་མོ་རུ་དྲུང་ཡིག་བློ་གྲོས་ཀྱིས་མཆན་འོག་ནས་སྐྱོར་བའི་བདེ་སྐྱིད་ཀྱིས་མྱུར་སྐྱོབ་ཁང་གི་ཕྱོགས་སུ་ཅེ་རེར་བལྟས་པ་ལས།   ཁོ་མོར་ཁ་ཆུ་འཛར་འཛར་གྱིས་སྡིགས་དམོད་བྱེད་པའི་སྒྲོལ་མ་ལ་ལྟ་ཙམ་ཡང་མི་བྱེད་པར་བལྟས་ན།   མོའི་བསམ་ཤེས་དང་རྣམ་ཤེས་ཡོད་ཚད་རེ་ཆད་དང་སྐྱོ་གདུང་གིས་གཟིར་བའི་མིག་མདངས་ལྟར་མདུན་གྱི་གྱང་ངོས་བརྟོལ་ཏེ་མྱུར་སྐྱོབ་ཁང་གི་ནང་ལོག་ཏུ་འཕོས་པ་ལྟར་སྣང་།   སྒྲོལ་མ་བདེ་སྐྱིད་ཀྱི་མདུན་རྒྱབ་ཀུན་ཏུ་ལུ་གུ་ལྡིང་ལྡིང་བྱས་ཏེ་དམོད་མོ་བོར་བ་ན།   བྲང་གར་སྦྱར་བའི་བྱིས་པ་དམར་འབྱར་དེས་སུ་ཞིག་གིས་གཉིད་ལས་དཀྲོགས་པ་ལྟར་ངུ་ངག་བསྒྲོགས་བྱུང་།   འོ་དྲི་ཆགས་པའི་བྱིས་པ་དེས་སེའུ་མ་འབུས་པའི་རྐན་གྱི་ཕུགས་ནས་སྙིང་ལ་གཟན་པའི་ངུ་སྐད་འདོན་པ་དང་།   འབྱེད་མ་ཟུམ་གྱི་མིག་ཟུང་ལས་མིག་ཆུ་བར་མེད་དུ་འགྲིལ་ཏེ།   སྐབས་རེར་བརྒྱལ་བ་ལྟར་ངུ་སྐད་ཆད་ཅིང་དབུགས་འཚང་བ་དང་།   སྐབས་རེར་་བརྒྱལ་བ་ལྟར་སྙིང་ལ་ཟུག་པའི་ངུ་སྐད་བར་མེད་གྲགས་པ་དེ་ནི།   འདས་པའི་མི་ལོ་ལྔ་བཅུའི་གཡས་གཡོན་དུ་སྐྲའི་ལན་བུར་ཤིག་དང་སྲོ་མ་འཚང་བའི་གྲོང་གསེབ་ཀྱི་མ་རྒན་སྐམ་རིད་དེའི་པང་དུ་ངུ་ངག་འདོན་པའི་བུ་ཆུང་བསམ་གྲུབ(རྫོང་དཔོན་བསམ་གྲུབ)དང་ཅི་འདྲའི་མཚུངས་ཨང་།  

 

        བྱིས་པའི་ངུ་སྐད་དེས་ཁྱམས་སུ་འདུས་པའི་མི་ཚོགས་རྣམས་འུར་ཆིལ་ལེར་བཏང་བས།   གློ་བུར་ཉིད་དུ་མྱུར་སྐྱོབ་ཁང་གི་བར་ཁྱམས་རིང་མོ་དེ་རླུང་གིས་བསྒུལ་བའི་རྒྱ་མཚོ་ལྟར་ཡམ་ཡོམ་བྱས་བྱུང་།   ཡིན་ནའང་།   སྐད་ཅིག་མ་དེར་མི་རྣམས་ཀྱིས་ཁྲ་རིལ་མིག་གི་བལྟ་ས་དང་དམར་ཆུང་སེམས་ཀྱི་མཉན་སར་གྱུར་པའི་མདུན་གྱི་མྱུར་སྐྱོབ་ཁང་གི་སྒོ་གླེགས་ཁྲོབ་སེ་ཕྱེས་པ་དེས།   དེ་མ་ཉིད་དུ་འུར་ཆིལ་ལེར་ཡོད་པའི་མི་རྣམས་མེ་?ག་མཚོ་རུ་འཐིམ་པ་ལྟར་གྲག་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་བཏང་བས།   རེ་ཞིག་ལ་ཁོ་ཚོའི་དབུགས་ཀྱི་ཧལ་སྒྲ་དང་སྙིང་གི་འཕར་ལྡིང་ཡང་ཕན་ཚུན་འབུར་ཚུགས་སུ་ལྟ་བའི་མིག་འབྲས་རིལ་རིལ་བཞིན་དུ་གྲག་མེད་འགུལ་མེད་དུ་གྱུར།   ཡུད་ཙམ་ནས་སླར་ཡང་བྱིས་པའི་ངུ་ངག་དེ་ཐོལ་གྱིས་གྲགས་པ་དང་དུས་གཅིག་ཏུ།   མི་རྣམས་ཀྱིས་སྐེ་གཅུས་ཏེ་མྱུར་སྐྱོབ་ཁང་གི་ཕྱོགས་སུ་བལྟས་པ་ན།   མྱུར་སྐྱོབ་ཁང་གི་སྒོ་མོ་ལས་རས་དཀར་གྱི་ལྭ་བ་མནབས་པའི་སྨན་པ་རྒན་པོ་ཞིག་གིས་ཐོག་མར་རང་གི་སྐེ་ལ་བསྐོན་པའི་ནད་བརྟག་ཡོ་བྱད་དག་བླངས་ནས་གམ་གྱི་སྨན་གཡོག་ན་ཆུང་མ་དེར་སྤྲད་པ་དང་།   དེ་ནས་དབུགས་རིང་ཞིག་འཐེན་རྗེས་ཕྱོགས་གཅིག་ནས་ཁ་རས་མཐུག་པོ་དེ་བཤུས་པ་དང་།   ཕྱོགས་གཅིག་ནས་ཁོ་ཚོར་ལྟ་བཞིན་མགོ་བོ་འཕྲེད་དུ་གཡུགས་སོང་།   སྐབས་དེར།   ཆུང་མ་བདེ་སྐྱིད་ནི་སྔར་བཞིན་བསམ་ཤེས་བོར་བའི་བེམ་པོ་ལྟར་ཡོད་ཀྱང་།   དྲུང་ཡིག་བློ་གྲོས་བྲེལ་སྟབས་ཀྱིས་སྨན་པའི་མདུན་སར་ལྷགས་ཏེ"སྨན་པ་ལགས།   ཅི་འདྲ་འདུག རྫོང་དཔོན་བསམ་གྲུབ་ཅི་འདྲ་འདུག"ཅེས་ཡང་ཡང་འདྲི་བའི་ལན་དུ།   མིག་ཤེལ་མཐུག་པོ་བསྐྱོན་པའི་སྨན་པ་རྒན་པོ་དེས་དབུགས་རིང་ཞིག་ཕྱུང་ནས"ཐབས་མི་འདུག  གློའི་འབྲས་སྐྲན་ནད་ཀྱི་དུས་མཇུག་ལ་འཁེལ་འདུག་ད་དུང་དུས་ཚོད་ཅུང་ཙམ་འདུག  ཁྱོད་ཚོས་གྲ་སྒྲིག་བྱོས"ཞེས་ཟེར་རྗེས་ངོ་གནག་སྟེ་གམ་གྱི་སྨན་གཡོག་ན་ཆུང་མ་དེར་མིག་བརྡ་ཞིག་བསྟན་པ་ན།   གོས་དཀར་གྱོན་པའི་རྒྱབ་གཟུགས་དེ་དག་རིམ་བཞིན་ཁོ་ཚོའི་མིག་མཐའ་ནས་དལ་གྱིས་བཞུད་སོང་།    

 

        "དཀོན་མཆོག་མཁྱེན།  མོ་དམན་ངས་སྡིག་སྒྲིབ་གང་ཞིག་བསགས་པ་རེད།   བསམ་གྲུབ་ལོ་ལོ།   བསམ་གྲུབ་ལོ་ལོ།   ཁྱོད་ཀྱིས་ང་ལ་བལྟས་ན་མི་ཆོག་གམ།   ལོ་ལོ……"བདེ་སྐྱིད་ཀྱིས་ཁ་ཆུ་སྣ་ཆུ་སྲེ་བཞིན་ནད་ཁྲི་རུ་གན་རྐྱལ་དུ་ཡོད་པའི་བསམ་གྲུབ་ཀྱི་སྐེ་ལ་འཐམས་ཏེ་སྤྲུག་སྤྲུག་བྱས་ནའང་།   ཁོའི་སྣ་མགོར་བསྐོན་པའི་དབུགས་གསོ་སྦྲི་གུའི་ངོས་སུ་སྐབས་རེར་རླངས་པ་ཐུལ་ལེར་འཁོལ་ཅིང་།   སྐབས་རེར་མཚོ་རླབས་འཇགས་པ་ལྟར་ཤུལ་མེད་རྗེས་མེད་དུ་སོང་བ་ལས།   ཁོས་བདེ་སྐྱིད་ལ་ཨ་ལན་སྟེར་རྒྱུ་ལྟ་ཞོག་འགུལ་ཙམ་ཡང་མི་བྱེད།   སྐབས་དེར་དྲུང་ཡིག་བློ་གྲོས་དོགས་མི་བདེ་བར་གྱུར་ནས"བདེ་སྐྱིད།   བདེ་སྐྱིད།   དེ་ལྟར་མ་བྱེད།   དེ་ལྟར་མ་བྱེད།   སུ་ཞིག་ཡིན་ཀྱང་ལམ་དེར་འགྲོ་དགོས།   བསམ་བློ་འཁོར་ཐུབ་པ་བྱོས"ཞེས་ཟེར་བཞིན་བདེ་སྐྱིད་དང་བསམ་གྲུབ་གཉིས་ཀ་ཁ་ཁར་བཀར་ནའང་།   དེ་སྔོན་གཟི་མིག་དགུ་པ་ཁྱེར་སོང་ཟེར་བའི་ཚོང་པ་རྒྱ་བོ་དང་དབུལ་སྐྱོར་རོགས་དངུལ་རྩོད་མཁན་གྱི་ཞིང་པ་རྒན་པོ།   བྱིས་པ་བྲང་གར་གླན་པའི་སྒྲོལ་མ་སོགས་ཉེ་འཁོར་གྱི་མི་དག་གཅིག་གིས་གཅིག་ལ་བལྟས་ནས་སྡོད་པ་ལས།   ཁོ་ཚོར་བདེ་སྐྱིད་ལྟ་བུའི་མིག་ཆུ་མེད་ལ་དེ་སྔ་ལྟ་བུའི་འུར་ཟིང་མི་འདུག སྐབས་དེར།   གློ་བུར་དུ་བྱིས་པ་དེས་ཅི་ཞིག་མཐོང་བ་ལྟར་མྱུར་སྐྱོབ་ཁང་གི་ཐོན་སྒོའི་ཕྱོགས་ལ་ཅེར་རེར་བལྟས་ཏེ་ངུ་སྐད་ལྷང་ལྷང་དང་།   ལག་ཟུང་གིས་སྒྲོལ་མའི་ཁ་ངོར་སྦར་འབྲད་བྱེད་པ་དང་སྐྲའི་ལན་བུ་ནས་བཙན་འཐེན་བྱེད་པ་དེ་ནི།   ཕྱིར་དྲན་རེ་བྱས་ན།   བསམ་གྲུབ་ཆུང་དུས་སུ་ནང་མི་གང་བོ་གཅིག་ཏུ་འཛོམས་ནས་དགོང་ཟས་ལ་རོལ་སྐབས།   ཁོས་གློ་བུར་དུ་སྒོའི་ཕྱོགས་སུ་མཛུབ་མོ་བཙུགས་ནས"འདྲེ།   འདྲེ"ཞེས་ལྡབ་ལྡིབ་ཀྱིས་ཟེར་རྗེས་རང་གི་ཨ་མའི་རུམ་དུ་འཛུལ།   ཨ་མ་དང་ནང་མི་ཚོས"ལོ་ལོ།   འཇིག་རྟེན་འདིར་འདྲེ་ཞིག་གང་ན་ཡོད།   སྡོད་ལ་ཟ་མ་ཟོ"ཞེས་ཟེར་ནའང་།   ཁོས་ཨ་མའི་གདོང་ལ་སྦར་འབྲད་བྱེད་པ་དང་མདུན་གྱི་དཀར་ཡོལ་ལ་?་ཐོས་བརྒྱབ་སྟེ་ཤི་ངུ་བྱེད་པའི་ཚུལ་དང་གཉིས་སུ་མ་མཆིས།  

 

        བྱིས་པའི་གློ་བུར་བའི་ངུ་སྐད་དེས།   བསམ་གྲུབ་ཀྱི་མཐའ་རུ་རུབ་པའི་མི་དག་དོགས་མི་བདེ་བར་གྱུར་ཏེ་འཚབ་བེ་འཚུབ་བེར་བཏང་ཞིང་།   བདེ་སྐྱིད་ཀྱི་ངུ་སྐད་དེའང་ཐོལ་གྱིས་བཅད་སོང་།   ཡིན་ནའང་།   བྱིས་པའི་ངུ་སྐད་ལྷང་ལྷང་དེས་བསམ་གྲུབ་ཀྱི་ཆད་ལ་ཁད་པའི་དབུགས་རྒྱུན་དེ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་བཏང་བ་དང་།   ནད་ཁྲིའི་གཞོགས་ཤིག་ཏུ་ཉིལ་ལེར་རྐྱོང་བའི་ལག་པ་ཡང་འགུལ་ཙམ་འགུལ་ཙམ་བྱས་བྱུང་།   "ལྷ་བླ་མ་དཀོན་མཆོག་གསུམ་པོས་མཁྱེན"ཉེ་འཁོར་དུ་ཕྲེང་བ་ཐོགས་པའི་རྒད་པོ་དེས་ཕྱག་རྒྱ་བྱས།   "བསམ་གྲུབ།   བསམ་གྲུབ་ལོ་ལོ།   ཁྱེད་ཀྱིས་ང་ལ་གཅིག་བལྟས་ན་ཨེ་ཆོག"བདེ་སྐྱིད་ཀྱི་མིག་ཟུང་ལས་མིག་ཆུའི་?ག་པོ་ལག་མགོ་ཙམ་རེ་འགྲིལ་ནས་ཁོའི་ལག་པ་ནས་འཐེན་ནའང་།   དྲུང་ཡིག་བློ་གྲོས་ཀྱིས་སྔར་བཞིན་ཁོ་མོའི་ཕྲག་པ་ནས་བཟུང་སྟེ་ཕྱིར་འཐེན་བཞིན།   "བདེ་སྐྱིད།   བདེ་སྐྱིད།   རྫོང་དཔོན་གྱི་ངལ་གསོ་ལ་བར་ཆད་མ་ཐོངས།   བསམ་ཤེས་ཐུབ་པ་བྱོས"ཞེས་ཡང་ནས་ཡང་དུ་ཟེར་བཞིན་འདུག སྐབས་དེར།   མི་ཚོགས་ཀྱི་རྒྱབ་ཏུ་གཞའ་བའི་སྦྱིན་བདག་ཀྲང་གིས་རང་གི་སྣ་མདོར་གཟེད་པའི་ཉི་ཤེལ་དམར་ནག་དེ་བླངས་ནས་ཁུག་མར་བཅུག་རྗེས།   བདེ་སྐྱིད་ཀྱིས་མདུན་དུ་སོང་ནས"ཨ་ཅག་བདེ་སྐྱིད།   ཁྱེད་སེམས་མ་སྡུག ཁྱེད་ལ་ད་དུང་བུ་མོ་ཡོད།   རྒྱུ་ཡོད།   ང་ཚོས་ཁྱོད་རང་སྡུག་སར་མི་གཏོང……"ཞེས་བདེ་སྐྱིད་ཀྱི་ལག་ལ་དམ་པོས་འཇུས་པ་ན།   ཁོ་མོས་མགོ་བོ་བཏེགས་ཏེ་སྦྱིན་བདག་ཀྲང་ལ་བལྟ་ཙམ་བྱས་རྗེས་གློ་བུར་དུ་མགོ་ཡུར་འཁོར་ནས་དྲུང་ཡིག་བློ་གྲོས་ཀྱི་བྲང་ཁར་བརླན་སོང་།   སྐབས་དེར།   ཡོད་ཚད་རེ་ཞིག་ལྷོད་ལ་བབས་ཀྱང་།   ནད་ཁྲི་རུ་འགུལ་ཙམ་འགུལ་ཙམ་བྱེད་པའི་བསམ་གྲུབ་ཀྱིས་དབུགས་འཚང་བཞིན་ངག་ནས་སྒྲ་གསལ་ལ་མི་གསལ་ཞིག་བྱུང་བས།   དེ་མ་ཉིད་དུ་ཡོད་ཚད་ཁུ་སིམ་མེར་གནས་ཤིང་།   སྦྱིན་བདག་ཀྲང་དང་ནུབ་ལུགས་ཀྱི་གོས་གྱོན་པའི་སྐྱེས་པ་གཉིས་ཀྱིས་བསམ་གྲུབ་ཀྱི་ཕྱོགས་ལ་རྣ་བ་བསྲིངས་ཏེ་མཉན་ཡང་ཚིག་གཅིག་ཀྱང་མ་གོ།   ཡིན་ནའང་།   བསམ་གྲུབ་ཀྱིས་ད་དུང་ཅི་ཞིག་བཤད་པའི་ངག་འགུལ་ཙམ་འགུལ་ཙམ་བྱེད་བཞིན་པ་མཐོང་འཕྲལ།   སྐྱེས་པ་གཞན་དེས་བྲེལ་སྟབས་ཀྱིས་ཁོའི་ཁ་ལ་སྦྱར་བའི་དབུགས་གསོ་སྦྲི་གུ་དེ་མར་བླངས་ཞོར"རྫོང་དཔོན་ལགས།   ཁྱེད་ཀྱིས་ཅི་ཞིག་གསུང་བཞིན་ཡོད"ཅེས་དྲིས་ཀྱང་ཁོས་སྐམ་ལ་རིད་པའི་མཆུ་ཏོ་ལྷབ་ལྷབ་ཀྱིས་འགུལ་བ་ལས།   དོན་དུ་ཅི་ཞིག་ཤོད་བཞིན་ཡོད་མིན་སུས་ཀྱང་མ་གོ།

  

        "རྫོང་དཔོན་ལགས།   ཁྱེད་ཀྱིས་ཅི་ཞིག་གསུང་བཞིན་ཡོད།   ང་ཁྱོད་ཀྱི་གྲོགས་པོ་ལའོ་ཀྲང་ཡིན"སྦྱིན་བདག་ཀྲང་གིས་ཁོའི་ལག་པར་འཇུས་ཏེ་ངག་འཇམ་པོས་དེ་ལྟར་དྲིས་ཀྱང་།   ཁོས་ད་དུང་སྐམ་ལ་རིད་པའི་མཆུ་ཏོ་འགུལ་ཙམ་འགུལ་ཙམ་བྱེད་པ་དང་དུས་གཅིག་ཏུ།   ནམ་རྒྱུན་ཐ་མག་འཐེན་པར་བྱང་བའི་མཛུབ་མོ་གཉིས་ཀྱིས་ཅི་ཞིག་བཙིར་གྲབས་བྱེད་པའི་འགུལ་སྟངས་དེ་མཐོང་བ་ན།   ལའོ་ཀྲང་གིས་ཐོད་གཉེར་བསྡུས་ནས་བསམ་མནོ་ཡུད་ཙམ་བཏང་རྗེས།   གློ་བུར་དུ་ཅི་ཞིག་དྲན་པ་ལྟར་རང་གི་ཁུག་མར་ལག་སྙོབ་བྱས་ནས"ཕྱི་རྒྱལ་ནས་འདྲེན་པའི་དུ་བ"མཚར་པོ་དེ་ལས་རྐང་གཅིག་ལེན་ཞོར།   "འདི་རུ་ཡོད།   རྫོང་དཔོན།   ཁྱེད་ཀྱིས་འཐེན་ན་ཆོག"ལའོ་ཀྲང་གིས་དུ་རྐང་གཅིག་པོ་དེ་བསམ་གྲུབ་ཀྱི་ཁ་ཁུག་ཏུ་བཙངས་ནས་མེ་སྦར།   ཡིན་ནའང་།   བསམ་གྲུབ་ཀྱིས་སྐབས་རེར་དབུགས་རྔམ་གཏོང་བྱེད་པ་དང་སྐབས་རེར་དབུགས་འཚང་བས་དུ་སྣེ་ལ་མེ་སྦར་ཐབས་བྲལ།   དེ་མུར་ལའོ་ཀྲང་གིས་དུ་རྐང་དེ་ཕྱིར་བླངས་ཤིང་རང་གི་ཁ་རུ་བཙངས་ཏེ་མེ་སྦར་ནས་ཁམ་གང་འཐེན་རྗེས།   སླར་ཡང་བསམ་གྲུབ་ཀྱི་ཁ་ཁུག་ཏུ་བཙངས་པ་ན།   ཁོས་དེ་མ་ཉིད་དུ་ཁམ་གང་བརྔུབས་ཏེ་སྣ་ཁུང་ཟུང་དང་ལྷབ་ལྷབ་ཏུ་འདར་བའི་ཁ་ཁུག་ནས་དུད་རླངས་སྐྱ་ཐལ་ལེར་འཕྱུར་འོངས།   སྐྱ་ཐལ་ལེར་འཕྱུར་བའི་དུ་རླངས་ཀྱི་ཀློང་ནས་གཞི་ནས་ཁོའི་སིག་འདར་རྒྱུག་པའི་ཁོག་སྟོད་ལྷོད་ལ་བབས་ཤིང་།   དབུགས་ཀྱི་རྒྱུ་བའང་དལ་དུ་འཇགས་ཀྱང་།   ནད་ཁྲིའི་ཟུར་དུ་ཉིལ་ལེར་རྐྱོང་བའི་ལག་མགོའི་མཛུབ་མོ་ཟུང་དེས་ད་དུང་གང་ཞིག་བཙིར་གྲབས་བྱེད་པ་ལྟར་ལྷབ་ལྷབ་ཏུ་འགུལ་བཞིན་འདུག  དེ་འཕྲལ་ལའོ་ཀྲང་གིས་བསམ་གྲུབ་ཀྱི་ཁ་ནང་གི་དུ་བ་སྐྱ་ཐལ་ལེར་འཕྱུར་བའི་དུ་རྐང་དེ་བླངས་ནས་ཁོའི་གང་ཞིག་བཙིར་གྲབས་བྱེད་པའི་མཛུབ་མོའི་བར་དུ་བཞག་པ་ན།   ཁོའི་ལུས་ཀྱི་མགོ་མཇུག་ཐམས་ཅད་གཞི་ནས་ལྷོད་ཅིག་གེར་གྱུར་སོང་། 

 

        སྐབས་དེར།   གམ་གྱི་བྱིས་པ་དེའི་སྙིང་ལ་གཟན་པའི་ངུ་སྐད་འཛེར་པོ་དེའང་ཁོའི་ཁ་སྣ་ཟུང་ལས་ཆད་ལ་ཁད་པའི་དུ་བའི་རྒྱུན་ལྟར་བར་སྣང་དབྱིངས་སུ་དལ་གྱིས་ཞི་བར་གྱུར་ཚེ།   གློ་བུར་དུ་བསམ་གྲུབ་ཀྱི་རྣ་ཤེས་ཀྱི་གཏིང་དུ་རྒྱང་རིང་ནས་གྲགས་པའི་བྱིས་པ་ཞིག་གི་དགོད་སྒྲ་ལྷགས་པ་དང་དུས་གཅིག་ཏུ།   ཁོས་མིག་ཟུང་དམ་པོར་བཙུམ་ཡང་འཕྱོ་འཇགས་ཆེ་བའི་སྣང་བའི་གཞི་ལ་ཁོ་རང་ཆུང་དུས་སུ་དྲིན་ཆེན་ཕ་མ་ཟུང་གི་པང་དུ་རྩེད་དགར་གཡེང་པའི་རྣམ་པ་རབ་རིབ་ཅིག་འཁོར་ཅིང་།   ཡུད་ཙམ་ནས་རྣ་ལམ་དུ་སླར་ཡང་རྒྱུས་མངའ་ཆེ་བའི་ན་ཆུང་མ་ཞིག་གི་དགོད་སྒྲ་གྲགས་པའི་སྐད་ཅིག་མ་དེར།   ཁོའི་དྲན་ཤེས་ཀྱི་མེ་ལོང་ངོས་སུ་ཁོ་དང་བདེ་སྐྱིད་གཉིས་གཉེན་སྒྲིག་བྱེད་པའི་སྣང་བརྙན་རབ་རིབ་ཅིག་འཁོར་འོངས།   གམ་གྱི་བྱིས་པ་དེའི་ངུ་སྐད་འཇགས་པ་དང་ཉེ་འཁོར་གྱི་མི་དག་ཁུ་སིམ་མེར་གྱུར་ནས་དབུགས་ཀྱི་དབྱིན་རྔུབ་ཙམ་ཡང་མི་གོ་བའི་དུས་དེར།   དཀར་ཞིང་འཇམ་པའི་གྱང་ངོས་སུ་བཀལ་བའི་ཆུ་ཚོད་འཁོར་ལོའི་ནང་ནས་བར་མེད་དུ་གྲགས་པའི་ཐག་སྒྲ་དེ་ལྷང་ངེར་མཆེད་པ་དང་།   ཐག་སྒྲ་དེའི་འགྱུར་ཁུག་ཀློང་ནས་བསམ་གྲུབ་ཀྱི་མཛུབ་མོའི་བར་གྱི་དུ་བ་སྐྱ་ཐལ་ལེར་འཕྱུར་བའི་དུ་རྐང་དེ་བཞི་ཆ་གཅིག་ནས་བཞི་ཆ་གཉིས།   བཞི་ཆ་གསུམ……རིམ་བཞིན་དུ་སྣེ་རུ་འཚིགས་པ་དང་དུས་གཅིག་ཏུ།   བསམ་གྲུབ་ཀྱི་སྣང་ངོ་རུ་ཆུ་ཚོད་འཁོར་ལོའི་ཐག་སྒྲ་དང་བཅས་ཏེ་དྲག་ཆར་བབས་ཤིང་གློག་དམར་འཁྱུག་པ་དང་།   ཁོ་རང་བྲེལ་སྟབས་ཀྱིས་དེའི་ཀློང་དུ་བསྲིངས་པའི་ཕྱིར་ཡོང་མེད་པའི་སྐྱ་ལམ་དུ་ན་ཟུག་གིས་བསྐྱོད་སྐབས།   མི་ལོ་ཉི་ཤུའི་སྔོན་དུ་ཕྱི་མར་གཤེགས་པའི་རང་གི་མ་ཡུམ་མཐོ་རིས་མ་དེས།   རྒྱང་རིང་རྒྱང་རིང་ཞིག་ནས་རང་ལ་འཛུམ་དམུལ་དམུལ་གྱིས་རྒྱང་ལྟ་བྱེད་བཞིན་པའི་སྙིང་ཉེ་བའི་གདོང་པ་སྒོར་མོ་དེ་མཐོང་།   ཡིན་ནའང་།   སྐད་ཅིག་ཉིད་ལ་མ་ཡུམ་གྱི་འཛུམ་ཞལ་དེའང་ཆུ་ཚོད་འཁོར་ལོའི་ཐག་སྒྲ་དང་བསྡོངས་ནས་རྒྱང་རིང་རྒྱང་རིང་ཞིག་ནས་རབ་རིབ་ནས་རབ་རིབ་ཏུ་ཡལ་བར་གྱུར་ཚེ།   གློ་བུར་དུ་ཁོའི་མཛུབ་མོའི་བར་གྱི་མེས་འཚིག་བཞིན་པའི་དུ་བའི་ཕྲུག་ལྷག་དེ་ཆེས་མཐའ་མའི་དུ་རླངས་སྐྱ་བེར་ཞིག་འཚུབ་པ་དང་ལྷན་དུ་ས་ལ་ལྷུང་སོང་།  

 

        "བསམ་གྲུབ།   བསམ་གྲུབ།   རྫོང་དཔོན།   རྫོང་དཔོན།   ཕུ་བོ།   ཁྱེད……"སྦྱིན་བདག་ཀྲང་དང་དྲུང་ཡིག་བློ་གྲོས།   སྲིང་མོ་གཡང་མཚོ་གཙོས་པའི་མི་ཚོགས་དག་སླར་ཡང་འུར་ཆིལ་ལེར་སོང་བ་དང་དུས་གཅིག་ཏུ།   གཟི་མིག་དགུ་པའི་བདག་པོ་ཚོང་བ་རྒྱ་བོ་དང་དབུལ་སྐྱོར་རོགས་དངུལ་རྩོད་པའི་ཞིང་པ་རྒན་པོ་སོགས་གཅིག་གིས་གཅིག་ལ་ལྟ་བཞིན་དལ་བུར་མི་ཚོགས་གཤགས་ནས་སྒོར་བུད་སོང་།   སྐབས་དེར།   ནུབ་ཀྱི་བུམ་པ་རིའི་ལ་མགོར་བུད་པའི་ཉི་མ་རྒན་མོ་དེ་སྔ་ས་ནས་རིའི་ཕག་ཏུ་ཡིབས་ཤིང་།   མཁའ་མཐའ་ནས་ངུར་སྨྲིག་མདངས་ཀྱི་མཚམས་སྤྲིན་དམར་སེར་ཞིག་དལ་གྱིས་འཕྱོ་བ་དང་།   ཡུད་ཙམ་ནས་གནམ་སའི་འདྲེས་མཚམས་ཀྱི་བར་ནས་གྲིབ་མ་ནག་པོ་ཞིག་ལངས་ཏེ་ལྷ་སའི་ཕྱི་ནང་ཡོད་ཚད་ནག་ཧུར་རེ་ཞིག་གི་གཏིང་དུ་བསྡུས་ཀྱང་།   རྒྱ་ལམ་དུ་སྨྱོ་རྒྱུག་བྱེད་པའི་རླངས་འཁོར་ཆེ་མ་ཆུང་གསུམ་དག་སྔར་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་འུར་སྒྲ་དེས།   ལྷ་སའི་མཚན་ལྗོངས་འདི་བྱིའུ་ཚང་དུ་?་འཕེན་པ་ལྟར་འུར་ཆིལ་ལེར་བྱས།   སྐབས་དེར།   ཞིབ་པར་མཉན་ན།   ཐག་རིང་ནས་ཉེན་རྟོག་པའི་རླངས་འཁོར་ཞིག་གིས་ཉེན་བརྡ་སྒྲོག་སྟེ་ལྗོངས་མི་དམངས་སྨན་ཁང་གི་ཕྱོགས་སུ་ཇེ་ཉེ་ནས་ཇེ་ཉེར་འོང་བཞིན་པ་གསལ་ལེར་ཐོས་བྱུང་།

རྩོམ་སྒྲིག་འགན་འཁུར་པ་ལྷ་གཡང་ནོར་བུ།  


རྩོམ་ཡིག་སྔོན་མ།
2017.01
རྩོམ་ཡིག་རྗེས་མ།
གོ་འཛོལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1