༄༅།།སངས་ཁོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 08-13


         

          སྨན་རམས་པ་སངས་རྒྱས་མཁར་རམ་ཡོངས་གྲགས་སུ་སྨན་པ་སངས་ཁོ་ལགས་ནི་མདོ་སྨད་བྱང་རྒྱུད་ཀྱི་དཔལ་ན་ལེན་ཏྲ་གཉིས་པ་སྟེ་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཉེ་འདབས་སུ་ལྷ་སྡེ་ཕྱོགས་པ་བཞིའི་ནང་ཚན་ཕུག་སྡེ་ཞེས་པར་སྤྱི་ལོ1954ལོར་སྐྱེས། ཆུང་བྱིས་པའི་དུས་སུ་སློབ་གྲྭར་ཅུང་ཙམ་འགྲེིམ་ཀྱང་དུས་ཀྱི་འགལ་རྐྱེན་གྱིས་སློབ་སྦྱོང་གི་གོ་སྐབས་བཟང་བོ་དང་བྲལ་ཏེ་ཕྱིར་རང་ཁྱིམ་དུ་ལོག་ནས་ཕྱུག་རྫིའི་ལས་ཀ་གཉེར། 1970ལོར་སྨན་པ་རྐང་རྗེན་པའི་གྲས་སུ་ཞུགས་པའི་གོ་སྐབས་རྙེད་དེ་ཕྱི་ལུགས་གསོ་རིག་ལ་སློབ་སྦྱོང་བྱེད་ཞོར་དུ་ནད་བཅོས་སྲོག་སྐྱོབ་ཀྱི་མགོ་བརྩམས།

          1977ལོར་ཏང་གི་སྲིད་ཇུས་བཟང་བོ་རྩྭ་ཐང་ཡོངས་སུ་ཁྱབ་པ་དང་བསྟུན་ནས་བླ་བྲང་བཀྲ་ཤིས་འཁྱིལ་གསོ་རིག་གཞན་ཕན་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བསྟན་པ་རྒྱ་མཚོའི་མཚན་ཅན་གྱི་སྐུ་གམ་དུ་བཅར་ནས་སྐུ་ཉིད་ཀྱི་ལྗགས་རྩོམ་གནང་བའི་གསོ་རིག་པད་མའི་བཅུད་བཏུས་ཞེས་པ་བློ་འཛིན་བསླབ་སྦྱངས་གནང་། རིམ་པ་བཞིན་གྲྭ་ཚང་དེའི་ཕྱག་སྲོལ་བཞིན་གངས་ལྗོངས་དཔལ་ལྡན་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་རྩ་བ་ཐུགས་ཀྱི་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད། མན་ངག་ཡོན་ཏན་གྱི་རྒྱུད། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་དང་བཞི་ལ་ནངས་སྔ་ལངས་དང་དགོང་ཕྱིར་ཉལ་བྱས་ཏེ་སྦྱངས་བརྩོན་ཧུར་ཐག་དང་བློ་འདོན་སྐྱོར་སྦྱངས་ནན་མོ་དང་། གཞན་ཡང་འཚོ་བྱེད་ལས་དང་པོ་བ་ལ་ཉེ་བར་མཁོ་བའི་རྩ་རྒྱུད་རྡེའུ་འགྲེལ་དང་སྡོང་འགྲེལ། སྨན་རྫས་ངོ་སྟོན་དང་ངོས་འཛིན། སྨན་བཏུ་ཚུལ་དང་འདུལ་ཚུལ་ཕབ་ཚུལ་སོགས་ལག་ལེན་དུ་མེད་དུ་མི་རུང་བ་རྣམས་ཀྱང་རྩ་བའི་བླ་མའི་ཕྱག་ལེན་བཞིན་ཧུར་བརྩོན་སྒོས་རྒྱུད་ལ་འབྱོར་རིང་དུ་བརྩོན་པའི་གོམ་པ་ལྷོད་པ་མེད་པར་བྱས། དེའི་ཞོར་ཏུ་བླ་བྲང་དགོན་པའི་དུས་འཁོར་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་པོ་སྨད་སོག་བཛྲའམ་ཚངས་སྲས་བཞད་པའི་བློ་གྲོས་མདུན་ནས་སྒྲ་སྙན་ངག་དང་རྩིས་ས་རིས་སོགས་ལ་སྦྱངས། གཞན་སྤྲུལ་བའི་སྐུ་རིན་པོ་ཆེ་ཨ་ལགས་ཙ་ཡུ་དང་མཁས་དབང་དམུ་དགེ་བསམ་གཏན་སོགས་ཀྱི་མདུན་ནས་སུམ་རྟགས་སོགས་རྩ་བའི་ཤེས་བྱ་དག་ཀྱང་སློབ་གཉེར་གནང་བར་མ་ཟད། སློབ་བུ་ཀུན་གྱི་གྲལ་ནས་རྒྱུགས་འབྲས་ཨང་དང་པོ་བླངས་པ་སོགས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས།
         1979ལོར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་བོད་ལུགས་སྨན་ཁང་གསར་དུ་དབུ་བརྙེས་པ་དང་བསྟུན་ནས་ས་གནས་དེ་གའི་འགོ་ཁྲིད་རྣམ་པས་འཆར་གཞི་ལྟར་ཁོ་རང་ཉིད་ལས་ཁུངས་དེར་བྱ་གཞག་སྒྲུབ་པར་གདན་བསྐོས་གནང་སྟེ། གོམ་གང་མདུན་སྤོས་ཀྱིས་བསང་ཆུ་རྫོང་ཁོངས་སུ་འཚོ་བཞེས་གནང་བའི་ཉམ་ཐག་ནད་པ་ཀུན་ལ་ཞབས་ཞུ་སྒྲུབ་པའི་བྱ་གཞག་ཕྲག་ལ་བླངས། 1980ལོར་བོད་ལྗོངས་ལྷ་སའི་སྨན་རྩིས་ཁང་དུ་ཟབ་སྦྱོང་ལ་འགྲོ་བའི་གོ་སྐབས་བཟང་བོ་དང་འཕྲད་ནས་ལྕགས་པོ་རིའི་གསོ་རིག་གྲྭ་ཚང་གི་མཁས་དབང་ཆེན་མོ་རྒན་ངག་དབང་ཆོས་གྲགས་དང་། ཐུབ་བསྟན་ཚེ་རིང་གཉིས་ཀྱི་མདུན་ནས་དཔལ་ལྡན་གསོ་རིག་རྒྱུད་བཞི་དང་། མན་ངག་ལྷན་ཐབས་ལྡེ་མིག་ལག་ལེན་གཅེས་བསྡུས་སོགས་ཀྱི་ལུང་མན་ངག་ལ་སོགས་ལན་མང་དུ་ཐོབ། གཞན་རྒན་ལྷུན་གྲུབ་བསྟན་དར་གྱིས་བྱང་ཁོག་ཡུལ་ཐོག་སོགས་དང་རྒན་དཔལ་ལྡན་བསྟན་འཛིན་གྱིས་མན་ངག་རྒྱུད་ཆེན་གྱི་ཚུལ་དུ་གནང་བ་སོགས་བཀའ་དྲིན་གཞལ་ཡས་མེད་པའི་དྲིན་གྱིས་བསྐྱངས་ཤིང་། ཁྱད་པར་དུ་གངས་ལྗོངས་གསོ་རིག་མཁས་དབང་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གིས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་སྲོལ་ལྟར་བླ་རྒྱུད་གསོལ་འདེབས་དང་རྩ་རྒྱུད་ཀྱི་ལུང་གཞན་སྨན་རྫས་ངོ་སྟོན་ངོས་འཛིན་སོགས་མཛུབ་སྟོན་མང་དུ་གནང་བ་སོགས་མདོར་ན་ལྷ་ལྡན་སྤོས་ངད་ལྡན་གྱི་གྲོང་ཁྱེར་ནས་བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་གཞི་བརྟག་གསོ་གསུམ་ཀུན་ལ་མིང་དུ་མ་ལུས་པར་སློབ་སྦྱོང་མཐར་ཕྱིན་པ་གནང་བའི་སྤོབས་པ་ཆེར་བསྐྱེད་བཞིན་དུ1986ལོའི་ལོ་མགོར་གངས་ལྗོངས་གསོ་རིག་དཔལ་ལྡན་རྒྱུད་བཞི་ཁ་ཚང་བློ་ཐོག་ནས་རྒྱུགས་སྤྲད་པས་སློབ་དཔོན་ཉིད་ནས། དཀའ་སྤྱད་འབད་བརྩོན་གསོ་རིག་ལ་བརྩོན་ནས།། དཔལ་ལྡན་རྒྱུད་བཞི་རྫོགས་པའི་དགའ་རྟགས་ཐོབ།།ཅེས་བསྔགས་བརྗོད་ཀྱི་ཆེ་བ་ལན་མང་དུ་བརྗོད་པ་དང་། ལོ་དེའི་སྟོན་ཁར་གངས་ཅན་འགྲོ་བའི་གཙུག་རྒྱན་པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ལ་རྩ་རྒྱུད་དང་བཤད་རྒྱུད་གཉིས་བློ་ཐོག་ནས་རྒྱུགས་འབུལ་ཞུས་པ་ཞལ་གྱིས་བཞེས་པས་ཞལ་གསུང་གི་མེ་ཏོག་ཡང་ཡང་གཏོར་བ་དེ་བཞིན་ལག་ལེན་བསྩལ་པ་ཐམས་ཅད་སྟོངས་པར་མ་ལུས་པར་སློབ་སྦྱོང་ལ་འབད་ཅིང་བརྩོན་པར་ཡུན་རིང་བཞུགས།
          1987ལོ་ནས་བཟུང་བསང་ཆུ་རྫོང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་གི་གོ་ས་བཞེས་ཤིང་། ལས་གནས་ཁྲོད་དུ་ཁོང་གིས་དགོངས་འཆར་ལྟར་བོད་ལུགས་གསོ་བ་རིག་པའི་ལག་ལེན་སྔོག་འདོན་དང་། ནད་ཐོག་དངོས་སུ་སྤྱོད་སྒོར་དམིགས་ཏེ་དཔལ་ལྡན་གསོ་བ་རིག་པའི་རྒྱུད་གཞུང་ལྟར་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་སོགས་ལག་ལེན་གྱི་རིམ་པ་རྣམས་གཏན་ལ་ཕབ་ཅིང་། སྒོ་བསྟེན་དང་ཞག་སྡོད་ནད་པའི་སྨན་བཅོས་བྱ་རིམ་ཁྲོད་དུ་རིམ་བཞིན་སྤྱད་པས་རྒྱ་ཆེ་ནད་པའི་ཁྲོད་དུ་དགའ་བསུ་ཆེན་པོ་ཐོབ་པས་ན། མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱིས་ཀྱང་གནས་ཚུལ་དེ་གསན་མ་ཐག་ཏུ་ཁོ་ལ་ཆེད་དུ་བསྔགས་བརྗོད་ཐེངས་མང་གནང་བ་དེ་བཞིན་ཡིན།
          1990ལོ་ནས་དེང་བར་དུ་རང་གི་རྩ་བའི་བླ་མའི་ཕྱག་ལེན་ཇི་བཞིན་ནད་པར་བལྟ་བ་དང་། གངས་ཅན་གསོ་རིག་བསྟན་པའི་ཆེད་དུ་རང་ནུས་གང་ཡོད་ཀྱིས་ཕྱོགས་སོ་སོ་ནས་ཡོང་བའི་སློབ་མ་ལྔ་བརྒྱ་བརྒལ་བ་ཙམ་ལ་དཔེ་ཁྲིད་དང་སྨན་རྫས་ངོ་སྟོན་ངོས་འཛིན་བྱེད་པ་སོགས་མཁས་པའི་བགྱི་བ་རྣམ་གསུམ་གཅིག་རྐྱང་ལ་རོལ་ནས་ཉིན་ཞག་མཐར་སྐྱེལ་བ་དང་། གངས་ལྗོངས་གསོ་རིག་གི་བསྟན་པ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་ལ་འབད་པ་རྩ་གཏུག་བྱས་ནས་མི་ཚེ་དེར་ལོངས་སུ་སྤྱད་པས་འབྲས་བུ་ལ། 1990ལོར་རྒྱལ་ཡོངས་གསོ་རིག་མཁས་དབང་ལྔ་བརྒྱའི་གྲས་སུ་སློབ་དཔོན་མཆོག་གི་རིག་པ་འཛིན་སྐྱོང་འཕེལ་གསུམ་བྱེད་པའི་རྒྱུད་འཛིན་དུ་བདམས་ནས་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དོན་པུའུ་དང་འཕྲོད་བསྟེན་པུའུ། ཀྲུང་སྨན་དོ་དམ་ཅུའུ་བཅས་ཀྱིས་བོད་སྨན་ཆེད་མཁས་ཀྱི་ལག་འཁྱེར་དཔང་ཡིག་གནང་བར་མ་ཟད། བོད་ལྗོངས་ལྷ་སའི་སྨན་རྩིས་ཁང་གིས་ལྗོངས་ཡོངས་ཀྱི་གསོ་རིག་སློབ་གཉེར་བ་རྣམས་ལ་སྐུལ་སློབ་ཚོགས་འདུ་བསྡུས་ནས་དཔལ་ལྡན་གསོ་རིག་རྒྱུད་བཞིའི་ཚིག་བློ་ཐོག་ནས་འདོན་མཁན་ཞེས་བསྔགས་བརྗོད་བྱས་པར་མ་ཟད། ཡོན་ཀྲང་བྱམས་པ་འཕྲིན་ལས་མཆོག་གིས་སྐུ་དངོས་སུ་སྨན་ཐང་བརྒྱད་ཅུའི་བྱ་དགའ་གནང་བ་སོགས་མཁས་པའི་མཛད་འཕྲིན་བརྗོད་ལས་མི་ལང་བ་བཅས་སོ།།
          ད་ལྟ་རྒན་ལགས་དགུང་ལོ་དྲུག་བཅུ་སོན་ཙམ་ཡིན་ལ། ཉམ་ཐག་ནད་པ་གསོ་བཅོས་དང་། འཆད་ཉན་སློབ་བུ་གསོ་སྐྱོང་བྱེད་པའི་དུས་བཟང་ཡིན་ལ། ད་རུང་ཕྱི་ནང་གསོ་རིག་ཀུན་ལ་སློབ་སྦྱོང་དང་། བོད་ལུགས་གསོ་བ་རིག་པའི་ལག་ལེན་འཐུས་ཚང་གཏོང་བར་འབད་པ་ལྷོད་མེད་བྱེད་བཞིན་པ་བུ་སློབ་ཀུན་ལ་བཀའ་སློབ་དང་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་དལ་བྲེལ་མེད་པར་བཞུགས་བཞིན་པ་དེ་ལགས་སོ།།
     




རྩོམ་ཡིག་སྔོན་མ།
༄༅།།རྣམ་རྒྱལ།
རྩོམ་ཡིག་རྗེས་མ།
༄༅།།ཚེ་གྲུབ་རྡོ་རྗེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1