དམར་སེར་ཉི་གཞོན་དཔལ་གྱིས་རྨོངས་པའི་མུན་པ་བསྐལ་བའི་མཐའ་རུ་སྤྱུགས།།
རྣོ་དབལ་ཤེས་རབ་རལ་གྲིས་མ་རྟོགས་ལོག་རྟོགས་དྲ་བ་དྲུངས་ནས་འབྱིན།།
འཕྲིན་ལས་བསིལ་ཟེར་སྣང་བས་གདུལ་བྱ་ཀུ་མུད་རྒྱས་བྱེད་པའི།།
ཤེས་རབ་བདག་པོས་སྐལ་ལྡན་ལས་ཅན་རེ་བའི་འདོད་པ་སྐོང་པར་མཛོད།།
གང་གི་དཔའ་སྤོབས་འཕྲོག་བྱེད་གཞོན་ནུའི་དཔུང་ཡ་ཐུ་མི་གཉིས་པ་ཡི།།
མི་ནུབ་མཛད་བཟང་འོ་མའི་ཆུ་གཏེར་དྲི་ལེན་དགའ་མས་སྐྱོམ་པའི་སྒྲས།།
ལྗོངས་འདིའི་འཛིན་མ་ཡོམ་ཡོམ་འདར་ཞེས་ངོ་མཚར་འཁྱོག་བྲལ་གསང་བའི་གཏམ།།
སོར་མོའི་འཁྱུག་འགྲོས་ལམ་ནས་ཕྱི་རབས་བུ་ལ་སྐྱེས་སུ་འབུལ་བར་རངས།།
སུམ་རྩེན་ཞིང་གི་བཀོད་པ་འབྱམས་ཀླས་འཛམ་གླིང་ས་ཡི་ཐིག་ལེ་ཞེས།།
རྨད་བྱུང་ཡོན་ཏན་སྣང་བའི་གཏེར་མཛོད་དམུ་དགེ་གཡང་གི་ར་བ་རུ།།
གཞན་ཕན་ལྷག་བསམ་དྭངས་གཙང་འོ་མའི་རང་མདངས་འཛིན་པའི་འགྲོ་བའི་མིག།
སྲིད་འདིའི་མི་མཐུན་མུན་པའི་དཔུང་བ་བཅོམ་ཕྱིར་ལང་ཚོའི་འཛུམ་བག་གྲོལ།།
སྐལ་བཟང་ཀུན་དའི་གཉེན་གྱུར་རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།།
མཁའ་ལ་རྒྱུ་ཙམ་ཉིད་ནས་སེམས་ཀྱི་གཉིས་འཐུང་དད་པའི་ལྕགས་ཀྱུ་ཡི།།
དབང་དུ་གྱུར་ནས་ཐར་འདོད་ངེས་འབྱུང་ཀུ་མུད་ཟུམ་པར་མི་བྱེད་ཅིང་།།
མུན་སྟུག་ཉོན་མོངས་ནད་ཀུན་འཇོམས་པའི་བསིལ་ཟེར་སྣང་བ་ཀུན་ལ་སྙོམས།།
རིང་མིན་སྔོན་བསགས་བསོད་ནམས་རྟ་བདུན་གཞོན་ནུའི་འཕྲིན་ལས་འོད་སྣང་གིས།།
དུས་ངན་སྙིགས་མ་ཚང་ཚིང་འཁྲིགས་པའི་ནགས་ཀླུང་སྲིན་མོའི་མཆེ་བར་ནས།།
སྐྱེས་ཐོབ་བཟང་བོ་ཤེས་རབ་མེ་ཏོག་ཟེའུ་འབྲུ་བཅུད་དུ་སྨིན་པ་ལས།།
བསམ་མེད་གོག་འགྲོའི་དུས་ནས་སྲིད་པའི་ལུགས་ལ་ལྐོག་ལྟའི་སྤྱན་ཞགས་འཕེན།།
དགའ་སྡུག་སྟོང་གི་སྣང་བརྙན་རེ་རེ་སྐྱེན་པོ་གློག་གི་རོལ་གར་བཞིན།།
མི་རྟག་སྒྱུ་མའི་ངོ་བོར་གྲུབ་པའི་ཆོས་ཉིད་གསལ་བོར་རྟོགས་པའི་ཚེ།།
ཡིད་སེམས་གདུང་བྱེད་ཉེས་ཅན་དུག་གསུམ་ཐར་མེད་བཙོན་དུ་བཅུག་པའི་རྗེས།།
ལྐོག་གྱུར་སྦྲིབས་རྒྱ་གྲོལ་ཕྱིར་གླིང་བཞིའི་རྒྱན་དུ་འཕགས་པའི་སྦྱོར་བ་རྩོམ།།
རྣམ་དཔྱོད་གསེར་གྱི་སྒོ་མོ་འབྱེད་པའི་ཐབས་ལམ་མཆོག་གི་ལྡེ་མིག་དེ།།
སྐུལ་བྱེད་དབྱུག་པས་ཀུན་རྟོག་རྫ་རྔ་ལན་གཅིག་མིན་པར་བརྡུངས་ཙ་ན།།
དམུ་དགེ་བཀྲ་ཤིས་ཆོས་འཁོར་དགོན་གྱི་གནས་ལ་ཞབས་སེན་རི་མོར་བཀོད།།
རྨད་བྱུང་ཤེས་རིག་གཟི་འོད་ལྷམ་མེར་འབར་བའི་བདེ་ལྡན་ཞིང་མཆོག་དེར།།
སྦྱངས་ཐོབ་ཡོན་ཏན་རྫོགས་པའི་བློ་རིག་གློག་ཕྲེང་གར་གྱི་སྒྱུ་འཕྲུལ་ཅན།།
གཅིག་ལས་གཅིག་གིས་རྩོད་པའི་གཡུལ་ན་རྒྱལ་ཕམ་ང་རོས་ས་གཡོ་བའི།།
སྣང་ཚུལ་དེ་ཡིས་རྟོགས་སད་སྒོ་མོ་ཅིག་ཅར་འབྱེད་པའི་སྟ་གོན་བགྱིས།།
དང་བོར་ཕ་རོལ་གཉིས་འཐུང་ཀལ་པ་འགེམས་པའི་རྣམ་དཔྱོད་ཕྲ་ན་ཡང་།།
རྒྱལ་བ་དགྱེས་བྱེད་དྭངས་གཙང་གང་གྭའི་རྒྱུན་གྱི་མཆོད་ཡོན་སྦྲེང་བའི་མོད།།
འཕྲིན་ལས་བྱིན་རླབས་དབང་གཞུའི་རེ་ཁའི་མི་ཤིགས་ར་བའི་གུར་ཕུབ་སྟེ།།
ཤེས་རིག་དངོས་གྲུབ་ཆར་དུ་སྙིལ་བའི་དགེ་ལེགས་མཚན་མ་དཔལ་དུ་སྦྱིན།།
དེ་ཚེ་ཁྲག་ཁྲིག་རྒྱུ་སྐར་དབུས་ཀྱི་དཀར་གསལ་དུང་གི་ཟླ་བ་བཞིན།།
གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཏེ་རྣམ་དཔྱོད་རིགས་ལམ་ཟླ་བྲལ་བས།།
མཛད་འཕྲིན་དབྱར་གྱི་རྔ་གསེང་ཕྱོགས་བཅུའི་བུ་མོའི་རྣ་བའི་རྒྱན་གྱུར་ཅིང་།།
ད་དུང་མ་ཚིམས་བཤད་སྒྲུབ་རྒྱས་པའི་ཁུར་ཆེན་དཔུང་བ་འདེགས་པའི་ཕྱིར།།
ཞབས་ཟུང་གསེར་གྱི་འཁོར་ལོ་དྲན་པའི་གཤོག་ཟུང་གཡོ་བའི་སར་བསྒྱུར་ཏེ།།
དབུས་གཙང་གཉིས་པར་གྲགས་པའི་ཤར་ཕྱོགས་རྫོགས་ལྡན་མངོན་དགའི་ཞིང་ཁམས་ཀྱི།།
ཚུལ་ཁྲིམས་དྲི་ངད་ཕྱོགས་ཀུན་འཐུལ་བའི་ངུར་སྨྲིག་གར་གྱིས་མཛེས་པའི་ཁྲོད།།
ཤེས་རིག་པདྨོ་རྒྱས་པའི་གཉེན་གྱུར་བློ་གྲོས་སྲིད་པའི་སྒྲོན་མེ་ཡིས།།
མུན་པ་སེལ་ཕྱིར་དཀའ་ཐུབ་རེ་རེའི་སྣང་བརྙན་སྲིད་གསུམ་ཁོངས་ལས་བརྒལ།།
རིང་བོར་མི་ཐོགས་གཞུང་བཟང་སྟོང་གི་ཆུ་བོ་ཅིག་ཅར་རྒྱས་པའི་ཕྱིར།།
མཚན་མོར་ལྷ་ཡི་ལམ་ན་འོད་དཀར་ཟེགས་མ་སྤྲོ་བའི་ཆུ་ལས་སྐྱེས།།
རྒྱུ་སྐར་ཚང་ཚིང་འཁྲིགས་པའི་དབུས་ནས་འཛུམ་གྱིན་རྒྱང་དུ་བཞུད་པ་ཡི།།
སྣང་བའི་དཔལ་ལ་བརྟེན་ནས་ཐུན་གསུམ་སློབ་གཉེར་ལས་ལ་གཞོལ་བའི་ཚུལ།།
མཐོང་བའི་མོད་ལ་སྐྱེངས་ཏེ་སྐར་མའི་ཚོགས་ཀྱང་དམིགས་མེད་དབྱིངས་སུ་ཡིབ།།
སྐྱ་རེངས་བུ་མོའི་འཛུམ་མདངས་སྣུམ་པོས་ཉམས་རྟོག་ཚོར་བ་རབ་རྒྱས་ཤིང་།།
རྟ་བདུན་གཞོན་ནུའི་གསེར་གྱི་ཤིང་རྟས་བློ་གྲོས་པདྨོའི་འདབ་སྟོང་གྲོལ།།
དེ་ལྟར་ལོ་ཟླའི་འཁྱུག་འགྲོས་རྟ་ཕོའི་བང་བཞིན་ཡུད་ཀྱིས་བཞུད་པའི་ནང་།།
མན་ངག་ནོར་བུའི་འབྲུ་?ག་རེ་རེ་གཉིས་སྐྱེས་ཚོགས་ཀྱིས་སྒུམ་བཞིན་བཏུས།།
དྲི་མེད་བསླབ་བྱའི་རིན་ཆེན་སོག་བྱིལ་འབྲལ་མེད་རྣ་བའི་རྒྱན་དུ་དཔྱངས།།
གདམས་ངག་སྟོང་དཀྲུགས་འོ་མའི་མར་ལོ་ཀུན་རྟོག་དྲན་པའི་སྒྲོམ་དུ་བཅུག།
མཁྲེགས་འཛིན་ལྟ་ངན་རང་ལུགས་བྲལ་བས་ཀུན་ལ་དུངས་སེམས་རྩེ་དགའ་འཛིན།།
ཞི་དུལ་བག་ཡོད་ཚུལ་བཟང་སྤྱོད་པས་ཕྱོགས་བཅུའི་གདུལ་བྱའི་དང་བ་འདྲེན།།
ནམ་རྒྱུན་ཚེམས་དཀར་འཛུམ་མདངས་བཀྲ་བས་གཞན་ལ་བག་དྲོའི་སྣང་བ་སྟེར།།
ཡོན་ཏན་རིན་ཆེན་ནོར་གྱིས་ཕྱུག་ཅིང་གདུལ་བྱ་སྐྱོང་བའི་ཐབས་ལ་མཁས།།
དེ་ལྟའི་མཛད་བཟང་དྲི་བསུང་འཐུལ་བས་ཕྱོགས་བཅུའི་བུང་བའི་སྤྲིན་འཁྲིགས་ཏེ།།
ངུར་སྨྲིག་བསྟན་པའི་ཆུ་གཏེར་བ?ལ་བ་འཛིན་མའི་ཁོངས་ལས་བརྒལ་ཞེས་གྲགས།།
དེ་ཚེ་དུས་འཁྲུག་སྲིན་དབང་རྟ་མགོ་ཅོད་པན་འཛིན་པའི་གཡོ་འཕྲུལ་གྱིས།།
སྐལ་བཟང་རྫོགས་ལྡན་ཞིང་གི་དཀའ་ཐུབ་ནགས་ཚལ་རྩ་ནས་བཅོམ་དང་ལྷན།།
མྱ་ངན་ཁུར་གྱིས་སེམས་པའི་ཕྱི་ནང་མི་འདོད་གཡའ་ཡིས་ཟིན་ནའང་།།
རེ་འདུན་པྲོག་ཞུ་དབུ་ལ་གསོལ་ཏེ་ཕུགས་བསམ་གསེར་གྱི་སྙེ་མ་རྒུམ།།
ཚིག་མཚོན་མདུང་ཐུང་སྙིང་ལ་བསྣུན་ཡང་རེ་བའི་གཏམ་བཟང་ཨེ་ཐོས་བལྟས།།
?་དང་དབྱུག་པས་ཁྱི་ལྟར་བརྡུང་ཡང་སྒྲིབ་གཉིས་འདག་པའི་རྒྱུ་རུ་བསྔོས།།
བཀོལ་སྤྱོད་སྡུག་བསྔལ་སྙིང་ལ་ཐེབས་ཀྱང་ཞུམ་མེད་དཔའ་བའི་ངང་ཚུལ་ནི།།
རྒྱལ་སྲས་སེམས་དཔའི་སྤྱོད་པ་ཡིན་གྱི་ཕལ་བའི་མི་ཡིས་དེ་ལྟ་མིན།།
འཐབ་རྩོད་དྲག་པོའི་ལོ་ཟླ་རེ་རེ་མགལ་མེ་བཞིན་དུ་འཁོར་བའི་རྗེས།།
ནམ་ཞིག་གསར་བརྗེ་རབ་རིབ་ཡོ་ལང་སྨག་ལ་སྒྲོན་མེ་སྦར་བ་བཞིན།།
ཏང་སྲིད་ཡང་དག་ཉིན་བྱེད་འོད་སྣང་སྲིད་པའི་དཔལ་དུ་ཤར་བའི་ཚེ།།
ལ་ལུང་ཀུན་ལས་བཏུས་པའི་ཐར་ཐོར་ཚགས་བསྡེབས་བྲལ་བའི་གཙུག་ལག་དག།
བཙོ་སྦྱངས་གསེར་ལྟར་ཆད་ལྷག་ལེགས་ཉེས་དག་ཐེར་ཉི་མ་ལྟར་བྱས་ཤིང་།།
མ་རིག་མུན་པ་སེལ་བའི་རིག་བྱེད་སྒྲོན་མེད་སླར་ཡང་སྒྲོན་པར་བརྩོན།།
ཁྱོད་ནི་མུན་པའི་གླིང་འདིའི་ཐོག་མར་སྐྱ་རེངས་འདྲེན་པའི་ཤིང་རྟ་རུ།།
གྱུར་བའི་མཛད་རྗེས་ངོ་མཚར་རྨད་བྱུང་ཉིན་བྱེད་སྟོང་གི་གཟི་བྱིན་ཅན།།
བསྐལ་བའི་མཐར་ཡང་ནུབ་པ་མེད་ཅེས་མཁའ་མཉམ་རྐང་གཉིས་འགྲོ་འདིས་གླེང་།།
གང་གི་གཡོ་མེད་ལྷག་བསམ་མཚོན་ཕྱིར་སྲས་འཐས་གྱང་ཁྱོད་སྙེམས་མི་འཚལ།།
མི་འགྱུར་བརྟན་པའི་གོར་མའི་མཁར་ལ་ཆོས་དེ་ངེས་པར་ལྡན་ཕྱིར་རོ།།
རྒྱ་བོད་མཁས་གྲུབ་བྱེ་བའི་གྲལ་ནས་གང་གིས་ལངས་ཕྱོགས་བརྟན་པོ་ཡིས།།
བོད་རྒྱ་གསེར་གྱི་ཐང་མའི་ཚིག་མཛོད་བསྐྲུན་པའི་ངལ་བ་ལྷུར་བླངས་ཤིང་།།
ཡང་གསལ་སྣང་མཛོད་རྟ་བདུན་དབང་བོ་ལྗོངས་འདིའི་གཉེན་དུ་བཞད་དང་ལྷན།།
བློ་གསལ་ཆུ་སྐྱེས་གསར་བའི་མགོ་ལྕོག་ལྡེམ་ཞིང་འཛུམ་རྒྱ་གྲོལ་བ་ནི།།
དཔྱིད་ཀྱི་དཔལ་མོ་སླེབས་ཚེ་འགྲོ་ཀུན་དགྱེས་པའི་སྤྱན་ཟུང་གཡོ་བ་བཞིན།།
ཁྱོད་ནི་སྲིད་པར་གནས་ཀྱང་སྲིད་ཞིའི་གདུང་འཕྲོག་སྲིད་གསུམ་འགྲོ་བའི་མགོན།།
དམིགས་མེད་ཁ་ཕྱོགས་དོང་དུ་སྤྲུགས་པའི་བསིལ་ལྡན་ཁ་བའི་ཡུལ་ལྗོངས་ཀྱི།།
རྗེས་ལུས་སྨག་ཆེན་རིམ་དགུ་བརྟོལ་ཞིང་ལུགས་གཉིས་གཞོན་འཛུམ་བྱེད་པས་ན།།
དུས་རབས་ཤིག་གི་སྒྲོན་མེ་ཡིན་ལ་ཕྱི་རབས་བོད་ཀྱི་བྱིངས་འདྲེན་ཡིན།།
མཚར་མཚར་ཚངས་ཆེན་བློ་ལས་འགོངས་པའི་གང་གི་ཕྱག་རྗེས་གཡེར་ཁའི་སྒྲ།།
སིལ་སིལ་རླུང་བུར་འགྲོགས་ཏེ་ཡངས་པའི་ཁམས་ལ་ལྟད་མོར་ཆས་པའི་མོད།།
ལྷང་ལྷང་སྙན་པའི་གྲགས་པ་དཀར་བོ་ཕྱོགས་དང་ཕྱོགས་སུ་མཆེད་པ་ཡི།།
ཀྱེ་ཀྱེ་མགོན་ཁྱེད་དྲན་གདུང་མཚོན་ཕྱིར་སྙན་འཇེབས་གླུ་འདི་སྐྱེས་སུ་འབུལ།།