ཐར་ལོ་ཆུང་དུས་ནས་བཟུང་སློབ་སྦྱོང་ལ་བརྩོན་པ་མེད་ཚུལ་དེ་དགེ་སློབ་ཀུན་ཀྱི་ཁ་ན་རླུང་ལྟར་གྲགས་བཞིན་ཡོད། དོན་དེ་ཆེས་སྤྱིར་བཏང་གི་སྣང་ཚུལ་ཞིག་ཡིན་པས་སུས་ཀྱང་དེ་ཉིད་ཁྱད་མཚར་དུ་འཛིན་མི་སྲིད་མོད། ཕྱིས་སུ་ཐར་ལོ་ཁྱི་ཡིས་རྨུགས་རྗེས་མི་ཞིག་བརྗེས་པ་ཇི་བཞིན་ནང་རིག་པ་དང་ཕྱིའི་ཆ་ལུགས་ཀུན་སྤྱོད་ཐད་འགྱུར་ལྡོག་གསར་པ་བྱུང་ཚུལ་དེ་ཁོའི་ཉེ་འཁོར་གྱི་མི་ཚང་མས་དོ་སྣང་ཆེན་པོ་བྱེད་ཀྱིན་མཆིས། ནམ་རྒྱུན་དགེ་རྒན་ཁྲིད་སྟེགས་སྟེང་བུད་ནས་སྐར་མ་གསུམ་མ་འགོར་བར་ཐར་ལོས་བཟི་སྨན་བཏུང་བ་བཞིན་གཉིད་ཁུགས་ནས་འཇོང་དབྱིབས་ཀྱི་མགོ་བོ་དེ་ལ་ཕུགས་ཤིག་དང་འདྲ་བར་ཅོག་ཙེའི་སྟེང་ཏིག་སེ་ལྷུང་འགྲོ། དེ་མ་ཐག་རྣམ་རིག་སྐྲ་རྩེར་སྒྲིམ་པའི་དགེ་སློབ་ཚོའི་བློ་ཁ་དེ་སློབ་ཁྲིད་སྟེང་ནས་ཐར་ལོའི་སྟེང་བསྐོར་དགོས་བྱུང་། ཐར་ལོས་དེ་མུར་མགོ་བོ་འཕྲུག་ཙམ་བྱས་རྗེས་གནོངས་བཤགས་ཀྱི་ཚུལ་དུ་ལྕེ་རིང་རེ་སྣོར་བཞིན་སྒོ་སམ་སྟེང་ལྟ་བར་བྱེད། དགེ་རྒན་ཚོས་ཁོའི་ངན་གོམས་སུ་སོང་བའི་བཅོས་མེད་ཀྱི་གཤིས་ཀ་དེ་མཐོང་རྗེས་སེམས་ནས་མ་བཟོད་པར་སློབ་དཔྱོད་ཁང་དུ་བོས་ནས་སྐྱོན་བརྗོད་ཐེངས་མང་བྱས་མོད། མི་ངན་གཤིས་ལ་བསྒྱུར་མེད་དང་། ?་གཡའ་མ་བཙིར་ན་ཁུ་མེད་ཀྱི་དཔེ་བཞིན། ཁོའི་མི་གཤིས་དང་སློབ་སྦྱོང་གི་རྣམ་འགྱུར་ཐད་ནས་འགྱུར་ལྡོག་གསར་པ་སྤུ་ཙམ་ཡང་འབྱུང་མ་ཐུབ། མཐར་འཛིན་བདག་འུ་ཐུག་ནས་ཐར་ལོའི་དོན་དག་དེ་སློབ་གཙོར་ཞུས་ནས་འཛིན་གྲྭ་ནས་ཕྱིར་འཐེན་བྱ་དགོས་པའི་རེ་བ་བཏོན་མོད། སློབ་གཙོ་ལའང་ཐབས་བཀོད་འོས་འཚམས་ཤིག་མེད་པས། མཐར་གྲོང་སྡེའི་སློབ་གྲྭ་ཞིག་ནས་གསར་དུ་ལས་གནས་སྤར་ཡོང་བའི་དགེ་རྒན་བུད་མེད་ཅིག་གི་འཛིན་གྲྭ་རུ་བཀོད་སྒྲིག་བྱས།
འོན་ཀྱང་ཐར་ལོའི"མཛད་པ"དེ་དགེ་རྒན་ཚོས་གོ་རྗེས་ཟས་མི་ལག་འགྲིམས་ཀྱིན་ཇེ་ཉུང་། གཏམ་མི་ཁ་བརྒྱུད་ཀྱིན་ཇེ་མང་ཞེས་པ་བཞིན་གཅིག་ཁ་གཅིག་གིས་བརྒྱུད་ནས་སོ་སོའི་ཁ་རུ་རླུང་ཡན་བཞིན་ཁྱབ་པས། དགེ་རྒན་སུས་ཀྱང་འཛིན་གྲྭའི་རྔ་མ་འདྲུད་མཁན་གྱི་སློབ་བུ་འདི་དང་ལེན་བྱེད་མཁན་མ་བྱུང་།
གཅིག
དབྱར་གྱི་མཚར་སྡུག་རྫོགས་ནས་འབྲས་ལྡན་སྟོན་གྱི་དུས་སུ་སླེབས། སེར་ཐིང་ཐིང་གི་རི་ཀླུང་དང་སྔོ་བསང་བསང་གི་ནམ་མཁས་མི་རྣམས་ལ་འཚོ་བའི་རེ་བ་དང་ལང་ཚོའི་གསོན་ཤུགས་ཤིག་ཀུན་ནས་སྦྱིན་འོང་། ཡུལ་ཚོའི་བཅའ་སྡོད་སློབ་གྲྭའི་སྒོ་ཁར་མི་ཚོགས་ཀྱི་འདུ་འཛི་ཆེ་ཚུལ་ལ་བལྟས་ན། ད་ནི་སློབ་འགོ་དངོས་སུ་ཚུགས་སོང་བ་ཤེས་ཐུབ། ཐར་ལོས་དབྱར་གྱི་གུང་གསེང་ལ་ཞེ་འཁྲེང་བཞིན་སུན་སྣང་དང་བཅས་ཕྱིར་སློབ་གྲྭ་རུ་སླེབས་བྱུང་། འཛིན་གཙོ་དགེ་རྒན་ཚོས་ལག་པ་ཡར་སྒྲེང་བཞིན་སྐད་གདངས་མཐོ་རུ་བཏང་སྟེ་སྐུལ་སློང་ཚོགས་འདུ་སྣ་ཚོགས་བསྡུ་བ་དང་། སློབ་སྐབས་གསར་པར་སློབ་སྦྱོང་གི་རྣམ་འགྱུར་དྲང་མོ་འཛིན་དགོས་པའི་སྐུལ་མ་གཏོང་བཞིན་མཆིས། སྐུལ་སློང་ཚོགས་འདུ་དག་ཚ་ཚ་འུར་འུར་ངང་སྤེལ་རྗེས་སློབ་ཚན་རེ་རེར་གཅིག་རྗེས་གཅིག་གིས་མཐུད་ནས་འཚོགས་བྱུང་། སློབ་མ་ཚོས་རྣམ་རིག་དཀྲོག་དཀྲོག་ངང་དགེ་རྒན་གྱི་དྲི་བ་ལན་འདེབས་པ་དང་། སྦྱང་གཞི་འབྲི་བ། ཤེས་བྱ་བློར་འཛིན་སྐྱོར་སྦྱངས་སོགས་ཀྱི་བྲེལ་འཚུབ་བར་ན་སེམས་ལྷོད་མོས་ཁ་བརྡ་མིག་བརྡ་ཞིག་ཀྱང་གཏོང་ཁོམ་མེད་པར་གྱུར་འདུག ཡིན་ནའང་ཐར་ལོས་སྔར་ལྟར"སྤྲུལ་ཆེན་གྱི་མཛད་པ"སྐྱོང་བཞིན་གཏི་མུག་གཉིད་ཀྱི་བདེ་བ་ལས་གྲོལ་དུས་མེད། སྐབས་འགར་དགེ་རྒན་གྱི་ཐལ་ལྕག་ཚ་བེར་བེར་ཞིག་གིས་ཁོ་བོ་ཧད་སེ་བཏང་ནའང་། དགེ་རྒན་སོང་མ་ཐག་ཁོའི་སེམས་བདེ་ལ་བབ་ནས་སླར་ཡང་གཉིད་ཀྱི་ཞིང་ཁམས་འགྲིམས་འགྲོ། མཐར་ཀྱི་དགེ་རྒན་ཚོར་འུ་ཐུག་ཐབས་ཟད་དུ་གྱུར་བས་ཐེངས་འགར་སློབ་གཙོར་ཞུ་བ་ཞུས་ནས་ཐར་ལོ་སློབ་གྲྭ་ནས་ཕྱིར་འཕུད་དགོས་པའི་རེ་བ་བཏོན་ཡང་། སློབ་གྲྭའི་བསྲུང་བྱ་ལྟར་ན་ཁོ་བོས་ཕྱིར་འབུད་གཏོང་དགོས་པའི་སྒྲིག་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་མེད་པས་སློབ་གཙོ་ལའང་བྱ་ཐབས་ཟད་པར་གྱུར། སློབ་མ་གསོ་སྐྱོང་ལ་མཁས་པའི་དགེ་རྒན་ཉམས་མྱོང་ཅན་དེ་ཚོས་ཀྱང་ཐར་ལོ་སློབ་གསོའི་ལྕགས་ཀྱུས་འགུགས་མ་ཐུབ་པར་འདི་ལྟར་ལུས་སོང་། དགེ་རྒན་ཚོས་སེམས་ཕངས་པའི་ཤུ་རིང་ནར་ནར་འབྱིན་བཞིན། ཐར་ལོའི་རྔ་མ་དེས་ང་ཚོ་འཐེན་པ་མིན་ཚེ། ད་ལོའི་རྫོང་ཡོངས་ཀྱི་རྒྱུགས་འབྲས་གཟེངས་ཐོན་གྱི་བྱ་དགའ་དེ་ངེད་ཚོའི་མིན་ན་སུའི་ཡིན་ཨང་། འོན་ཀྱང་མི་ངན་ཆོས་ལ་འཇུག་རྒྱུ་ནི་ཀོ་གྱོང་ལག་པས་མཉེས་པ་ལས་ཀྱང་མཐུ་ཞེས་མགོ་བོ་འཕྲེད་ལ་གཡུགས་བཞིན་ཕངས་སེམས་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན་པར་བྱེད། འདི་ལྟར་ཐར་ལོ་སློབ་མ་ཚོའི་གྲལ་མཐའ་དང་དགེ་རྒན་ཚོའི་མིག་ནང་གི་ཚེར་མ་གྱུར་བས། ནམ་རྒྱུན་ཁ་མཁས་རྩེད་མཚར་ལ་མཁས་པའི་དགེ་རྒན་ཚོས་ཀྱང་ཐར་ལོའི་མིང་དེ་ཐོས་མ་ཐག་སྦྲུལ་གྱི་སྟེང་དུ་གླ་རྩི་གཡུགས་པ་ལྟར་བཞིན་མདོག་འགྱུར་ནས་སྐད་ཆ་ཚིག་གཅིག་ཀྱང་མི་ཤོད་པར་འགྱུར་འགྲོ།
གཉིས།
དུས་ཀྱི་འཁོར་ལོ་ནི་ཅི་འདྲའི་མགྱོགས་ཨང་། སློབ་སྐབས་གཅིག་གི་དུས་ཡུན་ནི་ཕྲེང་?ག་འདྲེན་པ་བཞིན་མཇུག་བསྡུ་ལ་ཉེ། སློབ་མ་མང་བོས་རེ་བའི་ས་བོན་ལ་དཀའ་སྤྱད་ཀྱི་ལུད་སྦྱར་ཞིང་། བརྩོན་པའི་ཆུ་གཏོར་བས་ད་ནི་སྦྱང་འབྲས་གཡུར་དུ་ཟ་བ་རེ་ལོན་ཡོད་པས། ཡིད་སེམས་དགའ་བས་བརྟས་བཞིན་ཕ་ཡུལ་དུ་ལོག་པའི་གྲ་སྒྲིག་བྱེད་བཞིན་མཆིས། དགེ་རྒན་ཚོས་ཀྱང་སློབ་སྐབས་གཅིག་གི་དུས་ཡུན་ནང་བློ་སེམས་གཅིག་ཏུ་བསྒྲིམས་ནས་སློབ་མ་ཚོའི་རྗེས་དེད་དེད་དུ་བསྡད་པས། ད་ནི་སློབ་གསེང་གི་ངལ་གསོ་འདི་བརྒྱུད་ནས་ཕྱི་རུ་སྤྲོ་བསང་ལ་ཕེབས་པ་འམ་ལྷོད་གཡེང་གི་གོ་སྐབས་རེ་བཙལ་ན་འགྲིག་སྙམ་ནས་འཛུམ་ཤིག་ཤིག་ཏུ་ཡོད། ཡིན་ནའང་ཐར་ལོའི་རྒྱུགས་འབྲས་དེ་བལྟས་མ་ཐག་ས་བོན་བརྔོས་ནས་ཞིང་ནང་དུ་བཏབ་པ་བཞིན་འབྲས་བུ་ཅི་ཡང་ཐོབ་མི་འདུག་སྟེ། ཁོའི་སློབ་ཚན་སོ་སོའི་རྒྱུགས་འབྲས་བསྡོམས་ཀྱང་སྐར་གྲངས་བརྒྱ་འགོར་འབུད་མི་ཐུབ། འཛིན་གཙོ་བུད་མེད་དགེ་རྒན་དེ་ད་ལྟ་ཤིན་ཏུ་ཁྲོས་འདུག་པས། ཁོས་ཐར་ལོ་བསམ་གཟས་ནས་སློབ་དཔྱོད་ཁང་གི་སྒོ་ཁར་དུས་ཚོད་གཉིས་ཙམ་ལ་ལང་དུ་བཅུག་སྟེ་བློ་སྐྱེད་འབུད་རྒྱུ་རེ་ཨེ་ཡོད་བསམ་ཡོད། དགེ་རྒན་གྱི་གོམ་སྒྲའམ་ཡང་ན་སྐད་སྒྲ་ཙམ་ཐོས་མ་ཐག་ཁོ་བོ་བཀའ་ལ་སྒུག་བཞིན་པའི་དམག་མི་ཞིག་དང་འདྲ་བར་དྲང་ཤལ་ལེར་ལང་ངེས་ལ། སྐད་སྒྲ་སོགས་འཇགས་རྗེས་ཁོའི་སེར་ལུག་ལུག་གི་སྣབས་དེ་བདེ་འཇགས་མཚོན་བྱེད་ཀྱི་བརྡ་རྟགས་ཤིག་དང་འདྲ་བར་སྣ་ཁུང་ནས་མར་བསྲིངས་འོང་བ་དང་བསྟུན་འཇོང་དབྱིབས་ཀྱི་མགོ་བོ་དེ་ཕར་ཡོ་ཚུར་ཡོ་བྱེད་བཞིན་གཉིད་ལྕོགས་རྒྱག་འགོ་ཚུགས། འཛིན་གྲྭའི་ཕྱོགས་བསྡུས་བྱང་ཚད་ཀྱི་བསྡོམས་སྐར་དེ་སློབ་གྲྭ་ཡོངས་ཀྱི་ཆེས་དམའ་ཚད་དུ་ལྷུང་བ་དེས་འཛིན་བདག་བུད་མེད་དགེ་རྒན་དེ་ལ་སྔར་མེད་པའི་ཉེན་ཚབ་ཀྱི་འདུ་ཤེས་ཤིག་སྐྱེ་རུ་བཅུག མོས་སླར་ཡང་སློབ་གཙོ་བཙལ་ནས་ཐར་ལོ་འཛིན་གྲྭ་ནས་ཕྱིར་འབུད་དགོས་པའི་རེ་བ་བཏོན་ནའང་། སློབ་གཙོས་བཅོས་འཛུམ་ཤིག་ཤིག་ངང་གཡས་ལག་གི་གོང་མཛུབ་དེ་ཡར་སྲིང་བཞིན་ད་དུང་སློབ་སྐབས་གཅིག་ལ་རྒྱུན་འཁྱོང་བྱོས་དང་། གལ་ཏེ་ཁོའི་སློབ་སྦྱོང་གི་རྣམ་འགྱུར་ཐད་འགྱུར་ལྡོག་མེད་ཚེ། ང་ཚོས་ཐབས་བཀོད་གཞན་ཞིག་འཐེན་ཆོག་ཟེར། དགོད་འཛུམ་དེའི་ཤུགས་ན་ཁོ་མོའི་ནུས་པ་ཚོད་བགམ་བྱེད་བཞིན་པའི་གསང་བརྡ་ཞིག་ཀྱང་སྟོན་བཞིན་ཡོད་པ་འདྲ། ཁོ་མོས་སློབ་གཙོའི་བཀའ་ངོ་ཟློག་མ་ཐུབ་པར་སློབ་གཙོའི་གཞུང་སྒྲུབ་ཁང་ནས་ཕྱིར་མི་འབུད་ཐབས་མེད་བྱུང་། ཐར་ལོ་ནི་བསམ་རྒྱུ་དྲན་རྒྱུ་མེད་པའི་མི་མཚར་བོ་ཞིག་རེད། ཐེངས་ཤིག་བོད་ཡིག་རྒྱུགས་གཞིའི་ཁྲོད་ས་སྐྱ་ལེགས་བཤད་ཀྱི་ཤོ་ལོ་ཀ་གཅིག་བྲིས་རྗེས་དེའི་མཇུག་ཏུ་རྩོམ་པོ་སུ་ཡིན་གྱི་ཁ་སྐོང་ཞིག་འདུག་པས། ཁོས་བསམ་བློ་ཇི་ལྟར་བཏང་ཀྱང་རྩོམ་མཁན་དེ་བློ་ངོར་མ་འཆར་བས། མཐར་ཁོས་ཐར་ལོ་ཞེས་རང་གི་མིང་དེས་ཁ་སྐོང་བས། དགེ་སློབ་ཚོར་དགོད་ཁ་ལྟག་ནས་ཤོར་དུ་བཅུག་ཅིང་། དུས་དེ་ནས་བཟུང་ས་པཎ་ཞེས་པའི་ཆོ་ལོ་དེའང་ཐར་ལོའི་མིང་གི་རྣམ་གྲངས་ཤིག་ཏུ་གྱུར་སོང་།
གསུམ།
ཐར་ལོ་སློབ་གྲྭ་ནས་ཕྱིར་འབུད་བྱེད་དགོས་པའི་བརྡ་སྦྱོར་དེ་སློབ་ཁྲིད་ཐོག་ཁང་གི་གྱང་ངོས་སུ་སྦྱར། སློབ་གཙོས་སློབ་མཇུག་གི་དགེ་བཟོ་བའི་གྲོས་ཚོགས་སྟེང་གཞུང་ཐེལ་བརྒྱབ་ཡོད་པའི་ཡིག་ཆ་གཉིས་བརྒྱུད་བསྒྲགས་བྱས་སོང་། གཅིག་ནི་སློབ་གྲྭའི་ཇ་མས་སློབ་མའི་གཡོལ་ཟས་སྦས་སྐུང་བྱས་ནས་རང་ཁྱིམ་དུ་ཕག་གསོ་བཞིན་པའི་ཐད་ཀྱི་གནད་དོན་ཐག་གཅོད་དང་། གཅིག་ཤོས་ནི་ཐར་ལོ་རིག་སྟོབས་ཉམས་པས་མུ་མཐུད་དུ་སློབ་གྲྭ་འགྲིམ་མི་འོས་པའི་སྐོར་གྱི་གཏན་འབེབ་བཅས་རེད། སློབ་གཙོས་ཅུང་གཟབ་ནན་ངང་ཡིག་ཆ་གཉིས་ཀ་བརྒྱུད་བསྒྲགས་བྱས་ཚར་རྗེས་སླད་ཕྱིན་འདིའི་སྐོར་ལ་གཟབ་དགོས་པ་དང་དོན་དག་འདི་གཉིས་ཀྱི་ཁྲོད་ནས་བསླབ་བྱ་བླངས་ཏེ་རྗེས་སུ་གནད་དོན་འདི་རིགས་གཏན་འགོག་བྱ་དགོས་པའི་བསླབ་བྱ་ཡང་ཡང་གནང་། སྐབས་དེར་དགེ་རྒན་མང་བོ་ཞིག་དགའ་སྤྲོས་རབ་ཏུ་མྱོས་པར་གྱུར་ཏེ། གླེན་པ་ལུག་མགོ་ཅན་དེ་ངེད་ཚོའི་མིག་སྒོ་ནས་ཡལ་རྒྱུ་རེད་ཅེས་པར། མི་ཞིག་གིས། འོ་ལེ། ད་ང་ཚོས་དུས་བཞིའི་དབྱེ་བ་མེད་པར་ཟོ་སྟོང་ནང་གི་འཁྱག་དར་སྔོ་ཡུག་ཡུག་དེ་རིག་མ་དགོས་པ་རེད་། འོ་ལེ། གཅིག་གི་བདེན་ཁ་གཅིག་གིས་སྐྱོར་བཞིན་ཐར་ལོ་ཕྱིར་འབུད་ཀྱི་བརྡ་སྦྱོར་དེ་ལ་སེམས་གཏིང་ནས་སྤྲོ་བ་སྐྱེ་བཞིན་མཆིས་མོད། རིང་བོ་མ་འགོར་བར་སྔར་གྱི་བརྡ་སྦྱོར་དེའི་སྟེང་དུ་ཡང་གཞུང་ཐེལ་དམར་གོར་རེ་བརྒྱབ་ཡོད་པའི་བརྡ་སྦྱོར་ཞིག་སྦྱར་འདུག
རྒྱ་ཆེའི་དགེ་སློབ་ཡོངས་ལ་ཆེད་དུ་ཞུ་རྒྱུར།
གོང་རིམ་སློབ་གསོ་ཅུས་དང་རང་རེ་སློབ་གྲྭའི་ཏང་ཙུས་ཁོངས་མིས་གྲོས་བསྡུར་ནན་ཏན་བྱས་པ་བརྒྱུད། ཐར་ལོ་ཕྱིར་འབུད་ཀྱི་ཐག་གཅོད་དེ་ཚན་རིག་གི་འཕེལ་རྒྱས་ལྟ་བའི་སློབ་གསོའི་བཞེད་དགོངས་དང་མི་མཐུན་པས། འགྱུར་བཅོས་བཏང་སྟེ་ཁོ་པར་མུ་མཐུད་དུ་སློབ་གསོ་མྱོང་འོས་པའི་ཆོག་མཆན་སྤྲད་པ་ཡིན། ཐར་ལོའི་ངོས་ཟིན་གྱི་རྣམ་འགྱུར་དྲང་ཞིང་། ཁྱིམ་བདག་གིས་ཀྱང་མུ་མཐུད་དུ་སློབ་གྲྭར་ཞུགས་དགོས་པའི་རེ་བ་ཧ་ཅང་ཆེ་བས་ང་ཚོས་འདི་ལྟར་གཏན་འཁེལ་བྱས་ཟིན། ང་ཚོའི་མཐར་ཐུག་གི་འོས་འགན་ཉག་གཅིག་ནི་སློབ་མ་རེ་རེ་བཞིན་གསོ་སྐྱོང་བྱས་ནས་མི་ཚད་ལྡན་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན་པ་ལས། སྐྱོན་ཕྲན་ཚེགས་ཙམ་ལ་དམིགས་ནས་སློབ་མ་ཕྱིར་འབུད་བྱ་རྒྱུའི་ལས་ཀ་དེ་ང་ཚོའི་དམིགས་ཡུལ་མིན་ཞེས་འཁོད་འདུག
ཟུར་ཟ་དང་འདྲེས་པའི་བརྡ་སྦྱོར་དེ་གྱང་ངོས་སུ་བཀྲམ་མ་ཐག་དགེ་རྒན་མང་པོ་ཞིག་གིས་ཨེ་བདེན་ནམ། འདི་ལྟ་བུའི་འགྱུར་ལྡོག་མྱུར་པོ་ཞིག་ཅེས་རང་གི་མིག་ཟུང་ལ་ཡིད་ཆེས་དཀའ་བར་གྱུར་ཅིང་། ཕན་ཚུན་ཁ་བརྡ་བྱས་པ་བརྒྱུད་ད་གཟོད་དོན་དངོས་འདིའི་བདེན་པ་ར་སྤྲོད་བྱུང་བས་དགེ་རྒན་ཚོའི་སེམས་ལ་ཆུ་འཁྱག་ཟོ་གང་བྱོ་བ་ལྟར་འཁྱགས་འཁྱགས་པོར་བཏང་བྱུང་། སྤྱིར་ན་སློབ་གྲྭས་ཀྱང་ཐར་ལོ་ཕྱིར་འཕུད་རྩིས་ཡོད་མོད། ཡིན་ནའང་རྫོང་སློབ་གསོ་ཅུས་ནས་བཏང་ཡོང་བའི་ཁ་པར་ཞིག་གིས་སློབ་གྲྭའི་ཐག་གཅོད་དེ་རྨང་ནས་བསྒྱུར་དགོས་བྱུང་།
དི་རི་རི། དི་རི་རི། སློབ་གཙོའི་གཞུང་ལས་ཁང་གི་ཁ་པར་དེ་བསྟུད་མར་གྲགས་བྱུང་། ཝེ། སུ་ཡིན་ཞེས་སློབ་གཙོས་སྐད་གདངས་རིང་པོ་འཐེན་བཞིན་ཕར་སྐད་ལན་བྱིན་པ་ན། ཕ་རོལ་པའི་སྐད་དེ་བཙན་དྲག་ཆེ་ཞིང་ཚིག་གཉིས་གསུམ་ཙམ་གྱིས་འཐུས་པར་བྱས་རྗེས་ཁ་པར་སྒོ་ཁྲོགས་སེ་བརྒྱབ་བྱུང་། སློབ་གཙོའི་མདོག་ཤོར་བའི་ངོ་གདོང་ཁྲོད་ན་ངུ་དགོད་འདྲེས་མའི་རྣམ་འགྱུར་ཞིག་མངོན་བཞིན་གོང་རིམ་གྱི་བཀའ་དང་ལེན་བྱེད་པའི་ཚུལ་གྱིས་ལེགས་སོ་ཟེར་གྱིན་འདུག་མོད། འོན་ཀྱང་ཁོའི་སྐད་ཆའི་མཇུག་མ་རྫོགས་གོང་ལ་ཁ་པར་གྱི་སྒོ་ཁྲོགས་སེ་གཏན་པས། སློབ་གཙོ་སྔར་བས་འཚབ་བེ་འཚུབ་བེ་ཞིག་ཏུ་བཏང་། ད་ལྟ་ཁོའི་ཐག་གཅོད་དེ་དགེ་སློབ་ཡོངས་ལ་ཀུ་རེ་རྩེད་པ་བཞིན་འགྱུར་དགོས་བྱུང་བ་དེ་ཁོ་པར་མཚོན་ན་བསུབ་མི་ཐུབ་པའི་ཕོག་ཐུག་ཆེན་པོ་ཞིག་རེད་ཨང་། ཡིན་ནའང་དབང་ཤེད་ལ་ངོ་རྒོལ་བྱེད་པ་ནི་རང་སྡུག་རང་གིས་ཉོས་པ་ལས་མ་འདས་པས། ཁོས་དེ་ལྟར་མགོ་གཉིས་མའི་ལས་ཀ་མི་སྒྲུབ་ཐབས་མེད་དུ་གྱུར།
ཐར་ལོའི་སློབ་སྦྱོང་དང་ཀུན་སྤྱོད་ཐད་ཧ་ལས་པའི་འགྱུར་ལྡོག་བྱུང་དུས་དེ་སློབ་སྐབས་གཉིས་ཀྱི་གཞུག་གི་དོན་དག་ཅིག་རེད། དབྱར་ཁའི་གུང་གསེང་སྐབས་སུ་ཁོའི་ཕ་རྒན་གྱིས་ཁོ་ཁྲིད་ནས་བྲག་ལུང་དགོན་པ་མཇལ་སྐོར་དུ་སོང་། གླང་ཆེན་ཉག་ལམ་བརྒྱུད་དུས་ཐར་ལོ་ཐང་ཆད་ནས་དབུགས་ཧལ་ཧལ་དུ་ཡོད་ལ། འཇོང་དབྱིབས་ཀྱི་མགོ་བོ་སླ་ངའི་ནང་དུ་བཙོས་པའི་ཅོག་?ག་བཞིན་རླངས་པ་ཐུ་ལུ་ལུ་བྱེད་བཞིན་འདུག ཁོ་ཆད་པོ། གོམ་གསུམ་སོང་ན་ཐང་ཆད་ཚུལ་ལ་ལྟོས། ཁོའི་ཕ་རྒན་གྱིས་ཅུང་མ་རངས་པའི་ཚུལ་གྱིས་ཐར་ལོ་མིག་ཟུར་གྱིས་ལྟ་བཞིན་དེ་ལྟར་ལབ་བྱུང་། ཁོས་དལ་བུར་མགོ་བོ་ཡར་འགྱོགས་བཞིན་གནམ་ལ་བལྟས་པ་ན། ཉི་འོད་རྣོན་པོ་དེས་ཁོ་པར་མཚང་འདྲི་བ་བཞིན་མིག་ནང་དུ་འཕྲོས་པས་ས་གཞི་ཐམས་ཅད་རབ་རིབ་ཏུ་གྱུར། ཁོས་དེ་མ་ཐག་མགོ་བོ་འཇོང་འཇོང་དེ་ཐུར་དུ་མནར་བཞིན་སྣ་ཁུང་ལས་སེར་ལུག་ལུག་གི་སྣབས་ལུད་དེ་མར་བསྲིང་འོང་། དགོན་མཐའི་གྱང་ཆག་རལ་པ་དེའི་རྩིབས་ན་ཁྱི་རྒན་ནག་ལྡང་འགས་རྔ་མ་སྒྱིད་ཁུག་ཏུ་དྲངས་ནས་དབུགས་ལྷེམ་ལྷེམ་ངང་ཉལ་འདུག དེ་སྔར་དགོན་པའི་མཐའ་སྐོར་དུ་གང་ཡིན་ཡིན་ལ་ལག་པ་གཟེད་ནས་ལྟོ་སློང་བའི་སྤྲང་པོ་ཐ་ར་ར་བྱེད་མོད། ཕྱིས་ཁྱི་སྡོམ་གྱི་གྲངས་ཀ་འཕེལ་བ་དང་བསྟུན་ནས་ངོ་འཛུམ་འཛུམ་དང་སྒྱིད་པ་ལྷེམ་ལྷེམ་བྱེད་པའི་སྤྲང་པོ་དག་གར་སོང་ཆ་མེད་དུ་གྱུར། ཁྱི་ལྡོམ་ཇེ་མང་དུ་སོང་པ་དེ་སྤྲང་པོ་ཚོ་གར་སོང་ཆ་མེད་དུ་གྱུར་ཚུལ་དང་ཐད་གར་འབྲེལ་བ་ཡོད་མེད་མི་ཤེས་མོད། ཨ་ལགས་ཀུན་རིག་ཚང་གིས་ནམ་རྒྱུན་བསླབ་བྱ་གསུངས་སྐབས་ཐུགས་ཧ་ཅང་སྐྱོ་བའི་ངང་། ཁྱི་འདི་ཚོ་ངོ་མ་སྙིང་རེ་རྗེ། ལྟོགས་སྐོམ་གྱི་སྡུག་བསྔལ་ཟད་མི་ཤེས་པ་མགོ་ཐོག་ཏུ་ཡོང་ཀྱང་དགོན་མཐའི་སྤྲང་པོ་དེ་ཚོ་བཞིན་འདི་དགོས་དང་གན་དགོས་ཞེས་མི་ལ་ལག་པ་གཟེད་མི་ཤེས་པར་རྔ་མ་གཡུགས་ཙམ་དང་ཟུག་སྐད་འདོན་ཙམ་གྱིས་བཟོད་དཀའ་བའི་སྡུག་བསྔལ་མཐའ་དག་མཚོན་ཐབས་བྱ་རྒྱུ་ལས་འོས་མེད། མི་ལུས་ལེན་ཁར་ཁྱི་ལུས་ལེན་ཟེར་བ་ངོ་མ་རེད། བདག་འཛིན་སྤངས་ནས་འཁོར་བའི་ཞེན་ཐག་རྩད་ནས་མ་ཆོད་བར་དུ་ང་ཚོ་སུ་ཡིན་ཡང་ཁྱི་ལུས་ལེན་མི་སྲིད་པའི་ཁག་ཐེག་སུ་ལའང་མེད་ཅེས་གསུངས་པས། དགོན་མཐའི་མཇལ་པ་པོ་ནས་བན་དེ་མགོ་རིལ་ཚང་མ་ཁྱི་ལ་སྡང་བའི་སྙིང་ནད་དེ་རིམ་གྱིས་སེལ་ནས་ཟས་ལྷག་འཐུང་ལྷག་རེ་ཡོད་ཚེ་ཁྱི་ལ་སྟེར་བ་དང་། གྲྭ་བ་རྒན་པ་ཚོས་ཚོགས་ཐུག་ལས་ཤ་?ག་རེ་བསགས་ནས་ཁྱི་ལ་བྱིན་པས་ཁྱི་ལྡོམ་ཚོའི་ལུས་ལ་གྲ་མདངས་རྒྱས་ཤིང་། ཟུག་སྐད་སྔར་ལས་ཆེ་བ་གྱུར། ཁྱི་ལྡོམ་ཚོའི་འཚོ་བ་དེ་བལྟས་བལྟས་རིག་རིག་ལ་ཇེ་བཟང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་དེ་ནི་མི་མངོན་པའི་ལྐོག་མདའ་སྦྲན་པ་བཞིན་ལག་པ་གནམ་ལ་གཟེད་པའི་སྤྲང་པ་ཚོའི་འཚོ་བ་ཕོག་ཐུག་ཆེན་པོ་བཟོས། ཁོ་ཚོས་ཨ་ལགས་ཀུན་རིག་ཚང་ནི་ཇི་འདྲའི་གླེན་རྟགས་ཚ་བ་ལ་ཨང་། དལ་འབྱོར་མི་ལུས་ཀྱི་རིན་ཐང་གླེང་གླེང་མཐར་མི་ལས་ཁྱི་ལ་བརྩིས་ཆེ། ངོ་མ་ཧོན་ལོག་འདུག་པ་འདྲ་ཞེས་འཁང་ར་སྣ་ཚོགས་བྱེད་བཞིན་ཡུལ་འདི་དང་ཁ་གྱེས་ཏེ་ལྟོ་སློང་ས་གཞན་ཞིག་བཙལ་དུ་སོང་། ཁྱི་ཡི་བསྟན་པ་དར་ཚུལ་དང་སྤྲང་པོ་ཚོའི་བསྟན་པ་རྒུད་ཚུལ་གྱི་ལོ་རྒྱུས་དེ་ལྟར་བྱུང་བ་རེད།
བཞི།
གླང་ཆེན་ཉག་ལམ་ནས་ཐུར་དུ་སྲིང་པའི་གྱ་མ་གྱུའི་རྐང་ལམ་དེ་ཐད་ཀར་དུ་དགོན་པའི་སྐོར་ལམ་དང་འབྲེལ་ཡོད་ལ། གལ་སྲིད་གྲམ་ཆུ་རྟ་རྔ་འདྲ་བོ་དེས་འཕྲེད་དུ་བཅད་མེད་ཚེ། རྐང་ལམ་ཀྱི་སྣེ་རུ་ཆགས་པའི་དགོན་སྡེ་ཆུང་ཆུང་དེ་ལོ་ལོངས་ཀྱི་སྐེ་ལ་བཏགས་པའི་སྲུང་འཁོར་ཞིག་དང་ཅི་འདྲའི་མཚུངས་ཨང་། གྲམ་ཆུའི་ཤིང་ཟམ་ཡ་ང་བ་དེ་བརྒྱུད་ནས་བསྐོར་ལམ་སྣེ་ཡི་གད་ཁུགས་སུ་ཐོན་དུས་ཉི་མ་ནུབ་རིར་ཡིབ་ལ་ཉེ་ཞིང་། འོད་ཀྱི་ཉག་མ་རེ་རེ་ནུབ་ཁའི་མཚམས་སྤྲིན་དང་འགྲོགས་ནས་མདུན་རིའི་ངོས་ཀྱི་ཉག་
གར་འཕྲོས་པས་དགའ་ལྡན་ལྷ་གནས་སུ་སླེབས་པ་བཞིན་ཟག་མེད་བདེ་བའི་ཚོར་བ་སྨྲ་མི་ཤེས་པ་ཞིག་སྦྱིན་འོང་། ཐར་ལོའི་ཕ་རྒན་གྱིས་ཁ་ཏོན་རེ་ཟློ་བཞིན་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད་ནའང་། ཐར་ལོའི་སྒྱིད་ལུག་གི་མགོ་བོ་འཕྲེད་ལ་འཁོར་བཞིན་ཕྱི་རོལ་ཡུལ་གྱི་ལྟད་མོ་གཡེང་བས་གོམ་འགྲོས་ཇེ་དལ་དུ་སོང་ཞིང་། ཕ་རྒན་དང་བར་ཐག་གིས་ཆོད་པས། ཁོས་དེ་མ་ཐག་འཚབ་འཚུབ་ངང་ཁ་ཕྱིར་འཁོར་བཞིན། ལས་ངན་པོ། གོམ་པ་སྤོས་ནས་ས་འཛད་རྒྱུ་ཞིག་མི་འདུག རྐང་སྣེར་?་བཏགས་ཡོད་པ་ཨེ་རེད། རེམ། ཨ་ལགས་ཚང་གི་གསོལ་ཇ་བཞེས་རན་དུ་ཐོན་ཚེ། མཇལ་བ་སུ་ཡིན་ཡང་ཤག་ཏུ་མི་ཚུད་ཟེར་བ་མ་གོའམ་ཞེས་རེ་སྐུལ་གྱི་ཚུལ་དུ་བཤད། ཐར་ལོས་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད་ནའང་ཕ་རྒན་དང་བར་ཐག་ངེས་ཅན་ཞིག་གིས་ཆོད་འདུག དགོན་མཐའི་གད་ཁུགས་སུ་ཐོན་དུས་ཐར་ལོ་ཐང་ཆད་ནས་འགྲོ་རྒྱུ་མེད་པར་གྱུར་བ་དང་། སྒྱིད་ལུག་གི་མགོ་བོ་དེ་ཡམ་མེ་ཡོམ་མེ་བྱེད་བཞིན་ཧུར་བརྩོན་གྱིས་མདུན་དུ་སྐྱོད་བཞིན་ཡོད་ནའང་། ཕ་རྒན་ནི་རྐང་མགྱོགས་སྒྲུབ་པའི་མཐུ་ཆེན་བཞིན་གོམ་སྣེ་ལམ་ལ་ཐུག་ཙམ་གྱིས་བཞུད་འགྲོ་བས། ཁོས་ཇི་ལྟར་མགྱོགས་པོར་བགྲོད་ཀྱང་ཁོའི་ཕ་རྒན་གྱི་གཞུག་མི་ཆོད། ཁོ་པ་སུན་སྣང་སྒོས་ནུབ་རིའི་ཕྱོགས་སུ་མིག་ཟུང་ཅེར་རེ་བལྟས་པ་ན་ཉི་ནུབ་ཀྱི་འོད་ཟེར་རྣོན་པོ་དེ་མེ་ལོང་དུ་ལྡོག་འཕྲོ་བྱས་པའི་འོད་ཐིག་བཞིན་ཁོའི་མིག་ནང་དུ་འཕྲོས་པས་མིག་ཟུང་འབྱེད་དཀའ་བར་གྱུར། ད་ལྟ་ཁོ་པའི་སྒྱིད་ལུག་གི་གོམ་སྟབས་ཇེ་དལ་དུ་སོང་ཞིང་། ཆེ་ཞིང་འཇོང་དབྱིབས་སུ་ཡོད་པའི་མགོ་བོ་དེ་ཕྲག་ལ་བསྙེས་ནས་དབུགས་ཐེར་རེ་ཡོད་ལ། ཐོད་པ་འབུར་ཞིང་གདོང་ཉག་དེའི་འོག་ན་སྣ་ཁུང་གཉིས་ནི་ཟོ་སྟོང་གི་ཁ་གནམ་ལ་བསྐོར་བ་བཞིན་ཀླད་ལ་འཁོར་འདུག་ལ། རིང་ཐུང་མི་མཉམ་པའི་སེར་ལུག་ལུག་གི་སྣབས་དེ་བདེ་འཇགས་མཚོན་བྱེད་ཀྱི་གློག་སྒྲོན་བཞིན་སྣ་ཁུང་ནས་ཕྱི་རུ་མངོན་མ་ཐག་ཁོ་པའི་ཡིད་སེམས་ལྷོད་ལ་བབ་ནས་གཉིད་གཅོག་རྒྱག་འགོ་ཚུགས་ངེས། བསེར་བུ་ཡང་མོ་ཞིག་ལྡང་འོང་བ་དང་བསྟུན་ནས་གྲམ་ཆུའི་ཤག་སྒྲ་དེའང་རླུང་གི་རྒྱུ་ཕྱོགས་བསྟུན་ནས་ཁོ་པའི་རྣ་ལམ་དུ་མཆེད་འོང་ཞིང་། ཤག་ཤག་གི་ཆུ་སྒྲ་དེས་ཁོ་པར་དྲན་སྐུལ་བྱས་པ་བཞིན་གཅིན་གཏོང་རྒྱུ་ཞིག་གིས་ཀུན་ནས་དེད་འོང་། ཁོ་པ་ཉབ་བེ་ཉོབ་བེས་གད་ཁུགས་ལ་གཟས་ནས་སོང་། གཅིན་གཏོང་རྒྱུ་ནི་ཁོ་པར་མཚོན་ན་བདེ་སྐྱིད་མྱོང་སྟངས་ཁྱད་པར་བ་ཞིག་ཡིན་པས། ཁོ་པས་མིག་བཙུམ་ནས་བདེ་བའི་ཚོར་བ་བརྗོད་དཀའ་བ་མྱོང་བཞིན་གཅིན་པ་ཤགས་སེ་བཏང་། ཁོའི་རྣ་ལམ་དུ་ཧྲག་ཧྲག་གི་སྒྲ་ཞིག་གྲགས་བྱུང་། ཁོས་མིག་ཕྱེ་ནས་བལྟས་པ་ན། ཁྱི་རྒན་ནག་ལྡང་ཞིག་གད་ཁུགས་སུ་ཉལ་འདུག་ལ། དེས་རྔ་མ་གཡུགས་གཡུགས་བྱེད་བཞིན་ལྕེ་རིང་བོ་ཕྱིར་བསྲིངས་ནས་གཅིན་གྱིས་སྦངས་པའི་བ་སྤུ་རེ་རེ་ལྕེ་ལྡག་བྱེད་བཞིན་མཆིས། ཁོ་དེ་མ་ཐག་སྐྲག་ནས་སྙིང་གི་འཕར་སྒྲ་སྔར་བས་ཇེ་ཆེར་གྱུར་ཅིང་། གཅིན་གཏོང་འཕྲོའང་རང་ཤུགས་ཀྱིས་མཚམས་ཆད་ནས་འབྲོ་དགོས་བསམ་པའི་ཚེ། ཁྱི་རྒན་དེས་ཁོའི་དྲན་ཚུལ་ཤེས་པ་བཞིན་མགོ་བོ་འགྱོག་ཙམ་བྱེད་བཞིན་སྔོ་རིལ་རིལ་གྱི་མིག་ཟུང་གིས་ཁོ་པ་མིག་སྒོ་ནས་མི་གཏོང་བས། ཁོ་པའི་སེམས་ཞུམ་ནས་ད་གིན་འགྲོ་རྒྱུའི་འདུན་པ་དེ་ཡིད་ནས་ཡལ་བར་གྱུར། ཁྱི་རྒན་གྱི་རྣམ་འགྱུར་ལ་བརྟག་ཞོར་དལ་བུར་རྐང་སྣམ་དེ་ཡར་འཐེན་ནས་ཁ་དིག་དམ་པོར་འདུལ་ཀྱང་བློ་ཡིད་ལས་འགོངས་པའི་གནས་ཚུལ་གཞན་ཅི་ཡང་མ་བྱུང་བས། སེམས་ཅུང་ལྷོད་ལ་བབས་ཏེ་ཁ་ཕྱིར་འཁོར་བཞིན་ཕ་རྒན་གྱི་ཕྱོགས་སུ་བལྟས་པ་ན། ཕ་རྒན་སྔར་ནས་དགོན་པའི་ལྕགས་རིའི་སྒོ་ཆེན་དུ་འཛུལ་ནས་རིག་རྒྱུ་མི་འདུག ད་ལྟ་ཁོ་སྐྱབས་མེད་མགོན་མེད་དུ་གྱུར་བས་ཡིད་ལ་བྲེལ་འཚུབ་སྐྱེ་བཞིན་ཁྱི་རྒན་གྱི་གདོང་ལ་བལྟས་པ་ན། ཁྱི་དེས་ཀྱང་ཅི་ཞིག་ཧ་གོ་སོང་བ་ནང་བཞིན་རྣོ་ཞིང་རིང་བའི་མཆེ་བ་དེ་ཕྱི་རུ་འབྱིན་བཞིན་སྔོ་རིལ་རིལ་གྱི་མིག་ཟུང་འབུར་ཚུགས་སུ་བལྟས་འདུག གློ་བུར་དུ་ཕར་གའི་གད་ཁུགས་སུ་ཁ་ཏ་ཞིག་གིས་གཤོག་འགྱུ་རྒྱག་བཞིན་གནམ་ལ་འཕུར་བ་ན། དེ་མ་ཐག་ཁྱི་རྒན་དེ་ཡར་ལངས་ནས་ལུས་ཀྱི་བ་སྤུ་དཀྲུགས་དཀྲུགས་བྱེད་བཞིན་ཁ་གནམ་ལ་གཏད་ནས་ཡང་ཡང་ཟུག་བྱུང་ལ། དམར་ལེབ་ལེབ་ཀྱི་ལྕེ་རིང་དེ་རྣོ་ཞིང་རིང་བའི་མཆེ་བར་ནས་ཐུར་དུ་བསྲིངས་པའི་རྣམ་པ་དེས་ཁོ་སྐྲག་ནས་བླ་འཁྱམ་ལ་ཁད་དུ་གྱུར་ཅིང་། མྱུར་དུ་ཁྱི་དེ་མཆེ་བར་ནས་ཐར་ཐབས་བྱ་དགོས་སྙམ་བཞིན་སྐྱ་ལམ་བརྒྱུད་ནས་བྲོས་པ་ན། ཁྱི་དེས་ཟུག་སྐད་འདོན་བཞིན་རྡུལ་འཚུབ་ཉིལ་ལེར་ཁོའི་གཞུག་ཏུ་མཆོངས་འོང་ཤིང་། ཁོ་གང་ནུས་ཀྱིས་རྒྱུག་རྒྱུག་མཐར་དགོན་པའི་ལྕགས་རིའི་ཕྱི་སྒོར་ཐོན་བྱུང་བས་ད་ནི་དེ་འདྲའི་སྐྲག་མི་དགོས་སྙམ་བཞིན་གོམ་ཁ་ཅུང་ཇེ་དལ་དུ་བཏང་བ་ན། ཁྱི་རྒན་དེ་མདའ་མོ་གཞུ་རྒྱུད་ལས་ཤོར་བ་བཞིན་རྡུལ་ལོང་སེ་ཤོར་ཡོང་ནས་ཁོའི་སྟེང་དུ་མཆོངས་ནས་སར་སྒྱེལ་བྱུང་། ཁོ་པ་སྐྲག་ནས་ཨག་སྐད་རྣར་གཟན་པ་ཞིག་བཏབ་རྗེས་འཕག་འཚག་ཡུན་རིང་བྱས་མཐར་ཁྱི་རྒན་དེས་རྣ་ཅོག་ཅོག་བྱེད་བཞིན་རྔ་མ་སྒྱིད་ཁུགས་སུ་དྲངས་ནས་མདུན་ཐད་ཀྱི་གད་པ་སྐྱ་ལོག་དེ་གཟས་ནས་བྲོས་སོང་། ཁོའི་ཕ་རྒན་གྱིས་ཁྱི་རྒན་བྲོས་སོང་བ་མཐོང་རྗེས་ལག་གི་རྡེའུ་གཡུགས་ནས་ཐར་ལོ་སྐྱོར་ནས་ཨ་ལགས་ཀུན་རིག་ཚང་གི་གཟིམ་ཤག་གི་ཕྱོགས་སུ་ཁྲིད་བྱུང་།
གཟིམ་ཆུང་གི་སྒོ་ཁར་ཐོན་པ་ན། དབེན་ཆུང་ཞིག་སྒོར་བུད་དེ་སྐད་དམའ་མོས། ཨ་ལགས་ཚང་ལ་སྐུ་ཆམ་བཞེས་ནས་ཉིན་ཤས་འགོར་བས། མཇལ་བ་ཚོར་སྐུ་མདུན་དུ་མི་ཆུད་ཟེར། ཁོའི་ཕ་རྒན་གྱི་གདོང་ལ་འུ་ཐུག་པའི་ཉམས་ཤིག་མངོན་བཞིན་གྲྭ་པ་དེར་ཨུ་ཚུགས་བྱེད་རྩིས་བྱས་ནའང་། གྲྭ་པ་དེས་ཁོའི་སྐད་ཆ་ཉན་ལོན་མི་སྟེར་བར་སྒོ་ཡོལ་མར་ཕབ་ནས་ནང་དུ་འཛུལ་སོང་བས་ཁོ་གཉིས་ངོ་མདང་ཤོར་བཞིན་ཕྱིར་མི་ལོག་ཐབས་མེད་དུ་གྱུར།
ཡ་མཚར་བ་ཞིག་ལ། ད་ལྟ་ཐར་ལོ་མི་གཞན་ཞིག་དང་བརྗེས་པ་བཞིན་གདོང་ན་སྒྱིད་ལུག་གི་ཉམས་སྣང་སྤུ་ཙམ་མེད་ལ། འགྲོ་བའི་ཚེ་ན་གོམ་སྟབས་སྔར་བས་ཇེ་མགྱོགས་སུ་སོང་ནས་ཕ་རྒན་གྱིས་ཁོའི་གཞུག་ཆོད་དཀའ་ལ། ཁ་གནམ་ས་གཏད་པའི་ཟོ་སྟོང་གཉིས་ལྟ་བུའི་སྣ་ཁུང་དུ་དགུན་གྱི་འཁྱག་དར་དང་འདྲ་བའི་སེར་ལུག་ལུག་གི་སྣབས་དེ་མཐོང་རྒྱུ་མི་འདུག ཁོའི་ཕ་རྒན་གྱིས་བུའི་ལུས་སྟེང་གི་འགྱུར་ལྡོག་འདི་ལ་ཞེ་སྟེང་ནས་ཡ་མཚན་སྐྱེ་བཞིན། ཉམས་ཚོད་ལེན་ཆེད་འཚོ་བའི་རྒྱུན་ཤེས་སྐོར་གྱི་འདྲི་ཚིག་རེ་དྲིས་པ་ན། ཁོས་དེ་མ་ཐག་མགོ་བོ་དཀྲོག་དཀྲོག་བྱེད་བཞིན་དྲིས་ལན་ལམ་སང་འདེབས་ཐུབ་པས་ཕ་རྒན་གྱི་སེམས་ལ་ཐེ་ཚོམ་རེ་སྐྱེ་བཞིན། ཨེ་བདེན་ནམ། འདི་ལྟ་བུའི་འགྱུར་ལྡོག་ཅིག ངོ་མ་ཡིད་ཚོད་མི་ཐུབ་པ་ཞིག་རེད་ངེས་མགོ་བོ་གཡུགས་གཡུགས་བྱེད་བཞིན་མཆིས།
ལྔ།
ཐར་ལོའི་སྦྱང་འབྲས་དེ་འཕུར་མདའ་ཞིག་དང་འདྲ་བར་འཛིན་གྲྭ་ཡོངས་ཀྱི་གྲལ་མཐའ་ནས་རྩེ་གྲས་སུ་བུད་བྱུང་། དོན་དེ་དགེ་སློབ་སུ་ལ་མཚོན་ནའང་བསམ་ཡུལ་ལས་འདས་པའི་གནས་ཚུལ་ངོ་མཚར་ཅན་ཞིག་རེད། གསར་འགྱུར་དེ་སློབ་གྲྭ་རུ་མཆེད་མ་ཐག་འགད་རྫས་ཤིག་གཡུགས་པ་བཞིན་དགེ་སློབ་ཀུན་ཟང་ཟིང་ལང་ལོང་དུ་བཏང་། ལ་ལས་ཟེར་ན་ཐར་ལོ་གདོན་གྱིས་བཟུང་ནས་ཡུན་རིང་འགོར་ནའང་སྐྱ་བ་རིམ་འགྲོ་སོགས་ཅི་བྱས་ཀྱང་མ་ཕན་པས། དེ་མཐར་ཁྱི་རྒན་ཞིག་གིས་ཁོའི་ལུས་ཀྱི་གདོན་འདྲེ་མཐར་སྐྲོད་བཏང་འདུག་ལ། ཁྱི་རྒན་དེ་ཁོའི་ཕ་ཀུན་བཟང་གི་མ་རྒན་དེའི་རྣམ་ཤེས་ཡིན་སྲིད། དེ་ལྟར་མིན་ཚེ་ཐར་ལོའི་ལུས་ན་ཁྱིས་རྨུགས་པའི་སོ་རྗེས་ཙམ་ཡང་མེད་ཚུལ་ག་ལ་ཡོད། མཐར་ཁྱི་རྒན་དེའང་གདོང་འདྲེའི་གནོད་འཚེ་ལས་ཐར་མ་ཐུབ་པར་རྐང་ལག་བཞི་བོ་གནམ་ལ་གཏད་ནས་གད་པ་སྐྱ་ལོག་དེའི་འོག་ན་ཤི་འདུག་ཟེར། ལ་ལས་ཟེར་ན་ཨ་ལགས་ཀུན་རིག་ཚང་གིས་རྒྱ་གར་གྲུབ་ཆེན་གྱི་ན་བཟའ་འདུས་པའི་རིལ་བུ་རྩ་ཆེན་ཞིག་ཁོའི་ཁ་ནང་དུ་བཞག་མ་ཐག་ཁོ་པ་ཅི་ཡིན་འདི་ཡིན་མེད་པར་དབུགས་ཆད་ཆད་ལ་བགད་བགད་མཐར་ཆུ་ཚོད་གསུམ་གྱི་ཡུན་དུ་གཉིད་སོང་ལ། གཉིད་ལས་སད་རྗེས་རིག་པ་ཇེ་གསལ་དང་རྣམ་རིག་ལྡབ་འགྱུར་གྱིས་ཇེ་དྭངས་སུ་སོང་འདུག་ཟེར། ཡང་ལ་ལས་ཟེར་ན་ཁོས་དགེ་རྒན་ཧོང་མེན་ཆབ་གསང་དུ་འགྲོ་བ་མཐོང་རྗེས་སློབ་གྲྭའི་ར་སྐོར་གྱི་ཕྱི་རུ་རྒྱུགས་སོང་ནས་གསང་སྤྱོད་གི་འོག་ནས་དགེ་རྒན་ཧོང་མེན་གྱི་རྐུབ་འཕོངས་ཁ་པར་གྱིས་པར་བརྒྱབ་ནས་འཛིན་གྲའི་སློབ་མ་ཚོར་བལྟ་རུ་བཅུག་པས། དགེ་རྒན་ཧོང་མེན་གྱིས་དོན་དེ་ཤེས་རྗེས་སྨྱུག་ལེབ་ཤིག་གིས་ཁོ་པར་གཅར་རྡུང་སྐོར་གསུམ་བྱས་པས། ཁོ་བོ་ཚ་འཕྲུལ་དུ་སོང་ནས་ཉལ་སར་ལྷུང་ཞིང་ཉིན་ཤས་འགོར་རྗེས་རིག་པ་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་འདུག་ཟེར། གང་ལྟར་བཤད་ཡམས་འདི་དག་རླུང་བསེར་བུའི་སྐད་ཆ་བཞིན་གང་སར་འཁྱམ་ནས་འགྲོ་བཞིན་ཡོད་ལ། སུ་ལ་ཐུག་ཀྱང་འགྲིག་འགྲིག་གི་སྐད་ཆ་རེ་བཤད་རྒྱུ་ཡོད་པས་བདེན་རྫུན་གྱི་ཁ་ཚོན་ཤིན་ཏུ་གཅོད་དཀའ་ནའང་། ཁོའི་རྒྱུགས་འབྲས་སློབ་མ་ཡོངས་ཀྱི་རྩེ་གྲས་སུ་བུད་པའི་གནས་ཚུལ་དེ་བདེན་དཔང་གི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་བས། སུས་ཀྱང་ཁས་མི་ལེན་སར་མི་འགྲོ་བར་གྱུར།
སྤྱིར་མི་ཡ་རབས་ཤིག་མི་མ་རབས་སུ་འགྱུར་རྒྱུ་ནི་རྩ་ཕོན་མེས་ཟིན་པ་བཞིན་ལས་སླ་མོ་ཞིག་ཡིན་མོད། འོན་ཀྱང་མི་མ་རབས་ཤིག་མི་ཡ་རབས་སུ་འགྱུར་རྒྱུ་ནི་དགུན་དར་འཁྱགས་ཁ་ནས་མེ་འབུད་པ་བཞིན་ལས་སླ་མོ་ཞིག་མ་ཡིན་ནོ། །སློབ་གཙོའི་བདེན་ལྕོག་ལྕོག་གི་མགོ་བོ་དེ་འཕྲེད་ལ་གཡོ་བཞིན། གལ་སྲིད་དུས་དེར་ངས་རྨོངས་ཚོད་སྒོས་རིག་པའི་དབྱེ་ཞིབ་མ་བརྒྱུད་པར་ཁྱེད་དགེ་རྒན་ཚོའི་ཁར་རྒྱུགས་ནས་ཐར་ལོ་ཕྱིར་འབུད་བཏང་ཡོད་ཚེ། དེ་རིང་གི་དགའ་འོས་པའི་གྲུབ་འབྲས་འདི་ལྟ་བུ་གང་ནས་ལོན་ཐུབ་ཟེར། ཁོས་སླར་ཡང་བཞིན་འཛུམ་ཙམ་བྱེད་བཞིན། སློབ་གཙོ་ཞིག་ལ་འདི་ལྟ་བུའི་ཁོག་རྒྱ་དང་མིག་རྒྱང་མེད་ཚེ། སློབ་གྲྭ་ཟེར་བ་མིང་ཡོད་དོན་མེད་ཀྱི་གྱང་ཆག་སྐྱ་ཉིལ་ཞིག་ལས་ཡོང་ཐབས་མེད་ཟེར། སློབ་གཙོ་གཞོན་པ་གཉིས་ཀྱིས་ཀྱང་དེ་རེད། དེ་ངོ་མ་རེད་ཟེར་བཞིན་བདེན་པའི་མགོ་བོ་ལྕོག་ལྕོག་བྱེད་བཞིན་འདུག
དགེ་རྒན་ཁ་ཤས་ཀྱིས་ཐར་ལོའི་ཐག་གཅོད་ཀྱི་འགྱུར་ལྡོག་དེ་ལས་སློབ་གཙོ་ཞིག་གི་མིག་རྒྱང་དང་བློ་ཁོག་མཚོན་ཐུབ་ཟེར། ཡང་ལ་ལས་དོན་ཕྲན་ཚེགས་གཅིག་པོ་འདི་ཁོ་ནའི་སྟེང་ནས་ཁོའི་རྣམ་དཔྱོད་ཁྱད་དུ་འཕགས་ཤིང་མ་འོང་མདུན་ལྗོངས་ལ་སྔོན་དཔག་བགྱི་བའི་ཤེས་རབ་ཀྱི་སྤྱན་ཟུང་རྣོ་བ་མཚོན་ཐུབ་ཟེར། ཡང་འགའ་རེས་གོང་དང་མི་མཐུན་པའི་ལྟ་ཚུལ་བཏོན་ཡོད་དེ། ཁོས་ཐར་ལོ་སློབ་གྲྭ་ནས་ཕྱིར་འབུད་མི་བྱེད་དོན་མདོར་དེད་ན་རྫོང་སློབ་གསོ་ཅུས་ཀྱི་འགོ་ཁྲིད་ཀྱི་བཀའ་ངོ་ཟློག་མ་ཐུབ་པ་ལས་རྣམ་དཔྱོད་དང་མིག་རྒྱང་སོགས་ལ་འབྲེལ་བ་ཡེ་ནས་མེད་ཚུལ་གླེང་བྱུང་ལ། ཐར་ལོའི་ཕ་རྒན་གྱིས་ཆུང་མའི་ངོ་རྒོལ་ལ་མ་འཛེམ་པར་གཡག་སྐམ་གཅིག་དང་ཤ་གཟན་གཉིས་ཁྱེར་ནས་སློབ་གཙོར་ལོ་སར་བསྐྱལ་བས་ཐར་ལོ་བདེ་བླགས་ངང་ལོ་རིམ་འཕར་ཐུབ་སོང་བ་དང་། དོན་དེར་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་མགོན་པོའི་བློ་ལ་བབས་པས། སློབ་གཙོ་རྫོང་ཡོངས་ཀྱི་སློབ་གསོའི་མིག་དཔེའི་སྔོན་ཐོན་མི་སྣ་རུ་བདམས་པ་སོགས་བཤད་ཡམས་སྣ་ཚོགས་ཤིག་རླུང་ལྟར་ཁྱབ་ནས་འགྲོ་བཞིན་ཡོད། ཡིན་ལུགས་མིན་ལུགས་བཅོ་བརྒྱད་གླེང་གླེང་མཐར་སུས་ཀྱང་བདེན་ཤག་ཤག་གི་དོན་དངོས་འདི་རེད་ཅེས་མཛུབ་མོ་ཀེར་ནས་སྟོན་རྒྱུ་ཞིག་ཡེ་ནས་མ་བྱུང་བས། བདེན་པ་བོར་བའི་བཤད་ཡམས་ནི་བཤད་ཡམས་ཙམ་ལས་སུས་ཀྱང་དེའི་རྩ་བ་རྩེ་མོ་གང་ཡིན་གྱི་རྩད་གཅོད་བྱེད་མཁན་ཁྱོན་ནས་མི་འདུག
དེ་རིང་སློབ་གཙོས་གཟབ་རྒྱས་ངང་དགེ་བཟོ་ཡོངས་ཀྱི་ཚོགས་འདུ་ཞིག་བསྡུས་བྱུང་། སྤྱིར་ན་ཚོགས་འདུའི་ནང་དོན་དེ་གོང་རིམ་གྱི་སློབ་གསོའི་སྒྲིག་གཞི་ལེགས་བསྒྱུར་སྐོར་གྱི་ཡིག་ཆ་ཞིག་སློབ་སྦྱོང་བྱ་རྒྱུ་ཡིན་མོད། སློབ་གཙོས་ཤོད་ཀྱིན་ཤོད་ཀྱིན་ཚོགས་འདུ་དེའི་ངོ་བོ་གཞན་ཞིག་ཏུ་འགྱུར་ཏེ་རང་ཉིད་ལ་དག་འབུད་བྱེད་པའི་ཚོགས་འདུ་ཞིག་ཏུ་གྱུར་སོང་། ཁོས་གདོང་མདོག་དམར་པོས་སྐམ་རིད་ཀྱི་ལག་པ་དེ་དགུང་ལ་འཕྱར་བཞིན། ཐར་ལོའི་བཤད་ཡམས་དེ་འཆལ་གཏམ་ཁོ་ན་རེད། ང་ཚོའི་དགེ་རྒན་ཚོར་ཐ་ན་བཤད་ཡམས་མི་སྒྲོག་པའི་བྱང་ཚད་ཙམ་ཡང་མི་འདུག འཆལ་གཏམ་སྒྲོག་མཁན་དང་འཆམ་གཏམ་ལ་ཡིད་ཆེས་བྱེད་པ་དེས་ང་ཚོའི་རིག་གཞུང་དང་བསམ་བློའི་ཀུན་སྤྱོད་ཀྱི་ཆུ་ཚད་དམའ་བ་དང་ཅོལ་ཆུང་ཤེས་མེད་ཀྱི་ངན་གཤིས་ཕྱི་རུ་བསྟན་པ་ལས་མ་འདས། གལ་སྲིད་སྐབས་དེར་ངས་ཁྱེད་དགེ་རྒན་ཚོའི་ཕྱོགས་རིས་འཐེན་ཁྱེར་གྱི་ལྟ་ཚུལ་ཉི་ཚེ་བ་དེར་ཉན་ནས་ཐར་ལོ་ཕྱིར་འབུད་བཏང་ཡོད་ཚེ། མི་ཞིག་གི་ཚེ་གང་བོའི་མདུན་ལམ་རྩད་ནས་བརླགས་ཟིན་ལ། སློབ་གྲྭར་འདི་ལྟ་བུའི་གཟི་བརྗིད་ཀྱི་གྲུབ་འབྲས་གང་ནས་ལོན་ཐུབ། དེ་བས་མི་གསོ་སྐྱོང་བྱ་རྒྱུ་ནི་མཐར་གཏུགས་ནས་བཤད་ན་ཁོག་རྒྱ་ཞིག་དང་མིག་རྒྱང་ཞིག་ལ་རག་ལས་འདུག་ཟེར། སྐབས་འདིར་དགེ་རྒན་སྐོར་ཞིག་ལྷུག་ལྷུག་ངང་བགད་བྱུང་། དགོད་རྒྱུ་ཅི་ཞིག་ཡོད། སློབ་གཙོའི་གདོང་དམར་ནག་ཏུ་འགྱུར་བཞིན་འདར་སིག་སིག་ངང་དེ་ལྟར་བཤད་བྱུང་། ངས་ངོ་མ་བཤད་པ་ཡིན། ཁྱོད་ཚོས་ངའི་དོན་དངོས་ཀྱི་དཀའ་ཁག་དང་སྡུག་བསྔལ་དེ་རྟོགས་ཀྱི་མི་འདུག ཅེས་ཁོས་མགོ་བོ་འཕྲེད་ལ་གཡུག་བཞིན་སླར་ཡང་ཅི་ཞིག་བཤད་རྩིས་བྱས་མོད། མགྲིན་པའི་འགག་སྒོ་ནས་འོས་འཚམས་ཀྱི་ཚིག་གཅིག་ཀྱང་མ་ཐོན་པས་རེ་ཞིག་ཁ་རོག་མི་འདུག་ཐབས་མེད་དུ་གྱུར། ཚོགས་ར་ཧྲིལ་པོ་སྔར་བཞིན་འཇམ་ཅག་གེར་གྱུར། སློབ་གཙོ་གཞོན་པ་དེར་མཐུད་ནས་ཡར་ལངས་བྱུང་། ཁོས་གདོང་གི་མིག་ཤེལ་ཡར་འདེད་མར་འདེད་བྱེད་བཞིན་ཚོགས་གཏམ་སྤེལ་འགོ་བརྩམས། ང་ཚོའི་དགེ་སློབ་སུ་ལ་མཚོན་ནའང་འཆལ་གཏམ་མི་སྒྲོག་པ་དང་འཆལ་གཏམ་མི་སྤེལ་བ། འཆལ་གཏམ་ལ་ཡིད་ཆེས་མི་བྱེད་པ་ནི་དགེ་བཟོ་བ་ཞིག་ལ་མཚོན་ན་ཀུན་སྤྱོད་ཀྱི་ཆེས་མ་མཐའི་ཚད་གཞི་ཡིན་ལ། ཚོགས་འདུའི་གཟབ་ནན་རང་བཞིན་ལ་བརྩི་སྲུང་བྱ་རྒྱུ་ནི་དེ་བས་ཀྱང་སྨྲོས་མ་དགོས་པ་ཞིག་རེད། དེ་བས་ཁ་མིག་ཡར་བལྟ་བྱས་ནས་བསམ་བློ་སློབ་ཁྲིད་སྟེང་འཁོར་དགོས་པ་ལས་འཆལ་གཏམ་དང་དགོས་མེད་ཀྱི་དོན་དག་ཕྲན་ཚེགས་ཙམ་ཞིག་ཆེར་སྒྲོག་བྱས་ཏེ་ཉི་མ་ཕུད་ན་མི་ཚེ་ལ་དོན་སྙིང་ག་ལ་བསྐྲུན་ཐུབ་ཟེར།
ཚོགས་ར་ཧྲིལ་པོ་སྔར་ལྟར་འཇམ་ཅག་གེར་སོང་། སློབ་གཙོས་ཆམ་པ་ཁོག་ལུ་འགའ་བྱས་ཏེ་སློབ་གཙོ་གཞོན་པའི་གསུང་བཤད་ལ་མོས་མཐུན་བྱུང་བའི་བརྡ་བསྟན། འདི་ལྟར་བཤད་ཡམས་ལ་རྒོལ་བའི་ཚོགས་འདུ་ཞིག་གཟབ་ནན་ངང་མཇུག་སྒྲིལ་སོང་མོད། དེས་གནད་དོན་ཅི་ཡང་ཐག་མ་ཆོད་པ་མ་ཟད་སློབ་གཙོའི་སྐད་ཆ་དེ་འགད་རྫས་ཤིག་གཡུགས་པ་ནང་བཞིན་འུར་འུར་ཟང་ཟིང་དུ་བཟོས་ཤིང་། བཤད་ཡམས་ལ་རྒོལ་གཏམ་གཏོང་བའི་ཚོགས་འདུ་དེ་ཏག་ཏག་བཤད་ཡམས་ཀྱི་སྣེ་མོ་སློང་བའི་དཀྲུག་ཤིང་དུ་གྱུར་བས་ཀུན་གྱི་ཁ་ན་གཏམ་ཡན་སྣ་ཚོགས་ཤིག་གང་སར་རླུང་ལྟར་ཁྱབ་བཞིན་མཆིས་སོ།།
དྲུག
དམའ་འབྲིང་དུ་རྒྱུགས་སྤྲོད་དུས་ཐར་ལོའི་རིག་པ་དེ་ཡང་ཟླ་བ་མར་ངོ་བཞིན་ཐུར་དུ་འགྲིབ་པའི་དུས་ཡིན་པས་རྣམ་རིག་དེ་འདྲ་བཟང་རྒྱུ་མེད་ལ། སྣ་ཁུང་དུ་སེར་ལུག་ལུག་གི་སྣབས་དེ་སླར་ཡང་ཕྱི་རུ་མངོན་བྱུང་། སྐབས་འདིར་མི་སུས་ཀྱང་ཁོ་པར་དོགས་ཟོན་བྱ་མི་སྲིད་དེ། ཁོའི་བཅོས་མེད་ཀྱི་གཤིས་ཀ་དེ་གང་ཞིག་ནས་གཉིད་ལས་སད་པར་ལྟར་སླར་ཡང་ཁོའི་ལུས་སྟེང་ནས་ཕྱིར་མངོན་ནས་ཡུན་རིང་འགོར་བས། ད་ལྟ་དགེ་རྒན་ཚོའི་སྣང་ངོར་བཤད་ཡམས་དེ་དག་གླེང་འདོད་མེད་པར་གྱུར་ཅིང་། གསར་དར་གྱི་བཤད་ཡམས་སྣ་ཚོགས་ཤིག་གིས་ཁོ་ཚོའི་སྦྲི་ག་དང་མཚུངས་པའི་ཁ་དེ་རང་འདུག་མེད་པར་གྱུར་བས་ཐར་ལོའི་དོན་དག་ལ་སུས་ཀྱང་ཁ་ཡ་བྱ་ཁོམ་མེད་པར་གྱུར།
ཐར་ལོའི་གདོང་གི་སེར་ལུག་ལུག་གི་སྣབས་དེ་འཕྲུལ་ཆས་ཀྱི་ཉེན་བརྡ་གཏོང་བྱེད་ཀྱི་གློག་འོད་དམར་པོ་དང་མཚུངས་པར་ཕྱི་རུ་མངོན་འོང་དུས། ཁོ་ཅི་ཡིན་འདི་ཡིན་མེད་པར་ནུས་མེད་འཇོན་མེད་དུ་གྱུར་ནས་ཀླད་པའི་ནང་དུ་ཅི་ཡང་འཆར་རྒྱུ་མེད་ལ། སྒྱིད་ལུག་གི་མགོ་བོ་འཇོང་འཇོང་དེ་ཕྲ་ཞིང་རིང་བའི་སྐེ་ཡིས་ཐེག་དཀའ་བ་ལྟར་འཕྲེད་དུ་ཡོ་འདུག་ལ། སྲོན་དཀའ་བའི་གཉིད་གཅོག་རྒྱག་ཐེངས་རེ་ནས་སད་མ་ཐག་ཁོའི་ཁ་སྣ་ཀུན་ནི་རང་འབབ་ཆུ་ཐིག་བཞིན་ཁ་ཆུ་སྣ་ཆུ་འཚོགས་དཀའ་བ་ཞིག་བཞུར་འོང་ཞིང་། དེར་མཐུད་ནས་ལག་པ་གཉིས་ཀ་རང་འདུག་མེད་པར་ཁ་ཕྱི་སྣ་འབྱིད་བྱེད་བཞིན་ཁོམ་ལོང་ཕྲན་ཙམ་ཡང་མི་སྟེར། དོན་དེས་ཁོའི་ཕ་མ་གཉིས་ཀྱི་སེམས་ལ་འཚུབ་ཆ་བསླངས་ཤིང་། མགྱོགས་མྱུར་ངང་ཨ་ལགས་ཀུན་རིག་ཚང་ལ་མོ་ལུང་ཞུས་ཏེ་སྐྱ་བ་རིམ་འགྲོ་གང་འཚམས་ཤིག་སྒྲུབ་མོད། ཐར་ལོའི་ལུས་སྟེང་ནས་སྔར་མེད་ཀྱི་འགྱུར་ལྡོག་ཅི་ཡང་མ་བྱུང་བས། མཐར་ཕ་མ་གཉིས་ཀྱིས་སྐྱོ་བ་ཁོག་ལ་མིད་ནས་བཟོད་བསྲན་བྱ་རྒྱུ་ལས་འོས་མེད་པར་གྱུར།
དམའ་འབྲིང་དུ་གཞུག་རྒྱུའི་སློབ་བསྡུའི་བརྡ་ཐོ་དེ་དུས་ལྟར་འབྱོར་བྱུང་། སློབ་མ་རེ་རེས་སློབ་བསྡུའི་བརྡ་ཐོ་རེ་བཟུང་ནས་དགའ་དགའ་སྤྲོ་སྤྲོའི་ངང་རྫོང་མི་རིགས་སློབ་འབྲིང་དུ་འབྱོར་ཐོ་འགོད་དུ་འགྲོ་བཞིན་མཆིས། ཡིན་ནའང་ཐར་ལོའི་སྐར་གྲངས་དམའ་བས་རྫོང་བོད་རིགས་སློབ་འབྲིང་གི་རྒྱ་སྒོ་འགྲིམས་པའི་སྐལ་བ་མེད་པར་གྱུར་སོང་། ཁོའི་ཕ་རྒན་གྱིས་ངོ་འཛུམ་འཛུམ་དང་སྒྱིད་པ་ལྷེམ་ལྷེམ་ངང་ཐར་ལོ་སློབ་གྲྭ་བསྡུ་ལེན་བྱ་དགོས་པའི་རེ་བ་བྱས་མོད་། རྫོང་མི་རིགས་སློབ་འབྲིང་གི་འགོ་ཁྲིད་དེ་དག་གཤིན་རྗེའི་ལས་མཁན་དང་མཚུངས་པར་ངོ་གནག་ནས་མགོ་བོ་འཕྲེད་དུ་གཡུགས་པ་ལས་གདོང་ནས་དཀར་འཛུམ་ཙམ་ཡང་མི་སྟོན་པས། མཐར་ཁོའི་ཕ་རྒན་འུ་ཐུག་ནས་ཕྱིར་མི་ལོག་ཀ་མེད་བྱུང་། ཧིན། ཀྲང་མགོན་པོ་ལས་འཁྱུར་ངལ་གསོ་བྱས་མེད་ཚེ་ཁོ་ཚོས་ཁ་བསྙེས་སྣ་བསྙེས་བྱེད་བཞིན་ཡ་ཡ་ཡིན་ཡིན་ཟེར་ངེས་མོད། དེ་རིང་ཁོ་ཚོའི་སྒྲོབ་ཉམས་དེས་ཁོ་ཞེ་མེར་དུ་བཅུག་བྱུང་ཟེར། ལོ་འདི་ཚོར་སློབ་མ་འགའ་རེ་ཆོས་སྒར་ནས་ལོག་པའི་བན་ལོག་ཚོ་དང་འདྲ་བར་སློབ་གྲྭ་འགྲིམས་མ་ཐུབ་པར་ཕྱིར་ལོག་ཡོང་བས་གསར་བྱུང་གི་ཚོགས་ཁག་འདི་ལ་སློབ་ལོག་ཅེས་པའི་མཚང་མིང་གསར་པ་རེ་བཏགས་ཡོད། དང་ཐོག་མཚང་མིང་དེ་བོས་མ་ཐག་ཁོ་ཚོ་མི་དགའ་བར་གྱུར་ནས་ལས་རིག་གང་ནས་ལོག་རུང་ལོག་པོ་ཡིན་རེད། བན་དེ་ཆོས་སྒར་ནས་ལོག་ན་བན་ལོག་དང་བུ་མོ་གནས་ལས་ལོག་ན་གནས་ལོག་ཟེར་དགོས་པས། ལོག་ཡོང་མཁན་ངེད་ཚོ་གཅིག་པུས་ག་ལ་ཚད། ཅེས་རང་གིས་རང་ལ་དག་འབུད་བྱེད། དེ་ནས་བཟུང་ཁོ་ཚོའི་མི་བདེན་རྒྱུ་མེད་པའི་ཤོད་སྲོལ་འདི་ལ་ཚང་མ་འཐད་པར་གྱུར་ནས་བན་ལོག་དང་གནས་ལོག སློབ་ལོག་སོགས་ཀྱི་ཐ་སྙད་གསར་པ་གཅིག་རྗེས་གཅིག་གིས་མཐུད་ནས་དར་ཁྱབ་བྱུང་། སྡེ་པ་འདིར་མཚོན་ན་ཐར་ལོ་ནི་སློབ་ལོག་གི་མཚང་མིང་བཞེས་མཁན་ཨང་དང་པོ་གྱུར། ནམ་རྒྱུན་སྡེ་པའི་གསར་བུ་ཚོ་འཚོགས་སར་བཞད་གད་ཐག་དི་རེ་བྱེད་ལ། ཐར་ལོས་རང་གིས་དགེ་རྒན་ཧོང་མེན་གྱི་རྐུབ་ཕོང་ཇི་ལྟར་བལྟས་ཚུལ་དང་དགེ་རྒན་རེ་རེའི་རྣམ་འགྱུར་མ་འཆུག་པར་ལད་ཟློས་བྱེད་ཐུབ་པས། ཁོ་ནི་འཁྲབ་སྟོན་པ་ཇི་བཞིན་ཚོགས་ས་འདུ་ས་དག་ན་མི་ཀུན་ལ་བཞད་གད་སློང་བར་བྱེད་པས། སྡེ་མི་ཚོས་ཐར་ལོ་ལ་ཡོན་ཏན་འབྱོར་མེད་ནའང་དགེ་རྒན་ཚོའི་ལད་མོ་ཇི་བཞིན་བྱེད་ཐུབ་པའི་རྩལ་ཡག་པོ་ཞིག་སྦྱོང་འདུག་ཟེར།
ཐར་ལོའི་ཕ་མ་གཉིས་ཀྱིས་རང་གི་བུ་ཕྱི་སྡེ་པའི་རྩེད་དགོད་བྱ་ཡུལ་དུ་གྱུར་བ་མཐོང་མ་ཐག་སེམས་ནས་མ་བཟོད་པར། ཝེ། ཐར་ལོ་ཁྱོའི་ངན་ཁ་དེ་བདག་བྱས་ན་མི་ཆོག་གམ། ཞེས་སྐད་འབོད་བྱས་པས་གསར་བུ་ཚོའི་དགོད་སྒྲ་དེ་རེ་ཞིག་ལ་མཚམས་ཆད་པར་གྱུར་འགྲོ། སྐད་འབོད་དེ་གཡག་རྒན་ཞིག་གི་སྣ་ནས་གསིག་འཐེན་བྱས་པ་བཞིན་ཐར་ལོ་ཧད་སེ་འགྲོ་ལ་དེ་མུར་ངོ་གདོང་དམར་པོ་གྱུར་ནས་འཁྲབ་སྟོན་གྱི་མཇུག་བསྡུས་འགྲོ། གསར་བུ་ཚོའི་སྣང་ཚུལ་འདི་རིག་མ་ཐག་ཕངས་སེམས་དང་མཐོང་ཆུང་འདྲེས་མའི་མིག་ཟུང་ཐར་ལོའི་སྟེང་གཡོ་ཙམ་བྱས་རྗེས་རང་རང་སར་གྱེས་འགྲོ།
ཐར་ལོ་ད་ལྟ་ཕོ་ལོ་ཉེར་གསུམ་ལོན་ཀྱང་བུ་མོ་ཞིག་གི་ངོ་ལའང་བལྟ་མི་ཕོད་པར་ལུས་འདུག ཁོའི་ཁ་ཡ་ན་ཟླ་ཚོས་བུ་གཡས་ཁྲིད་དང་བུ་མོ་གཡོན་ཁྲིད་བྱས་ནས་འགྲོ་བཞིན་ཡོད་མོད་། ཁོས་དེ་དག་ལ་སྣང་དོགས་ཙམ་ཡང་མི་བྱེད་པར་སྣབས་དང་ཁ་ཆུ་འདྲེས་བཞིན་རང་གི་དགོད་བྲོ་བའི་ལོ་རྒྱུས་དག་ཆུ་བཞུར་བཞུར་དུ་འཆད་ནས་མི་རྣམས་ལ་བཞད་གད་སློང་བར་བྱེད་པས། ལས་ཀའི་བྲེལ་འཚུབ་དང་དོན་དག་གལ་ཆེན་རེ་མེད་ཚེ་སྡེ་པ་འདིའི་གསར་བུ་ཚང་མས་ཐར་ལོའི་ཁ་ནང་དུ་ཅེར་ནས་བཞད་གད་ཐག་དི་རེ་བྱེད་ལ། ཁོས་བཤད་པའི་གཏམ་རྒྱུད་དག་གསར་བུ་ཚོའི་ཁམས་དང་བསྟུན་ནས་བཞད་གད་སློང་ཐུབ་ཚེ་བདག་རྐྱེན་གྱི་ཚུལ་དུ་དུ་བ་རྐང་རེ་མེར་སྒྲོན་ནས་ཁོར་སྟེར་ལ། ཁོས་དེ་མ་ཐག་རྟོལ་ཕྲུག་གིས་མཛོ་མོའི་ནུ་མ་བསྣུན་པ་ལྟར་དུ་བ་དེ་གཅིག་འཕྲོར་གཅིག་མཐུད་ངང་འཇིབ་ཏེ་ཁ་ཆུ་སྣ་ཆུ་འཚོགས་དཀའ་བ་གྱུར་ཅིང་། གློ་ལུ་གཅིག་འཕྲོར་གཅིག་མཐུད་རྗེས་ད་གཟོད་དགོད་འཛུམ་སྟོན་བཞིན་གཏམ་རྒྱུད་ཅིག་གི་འགོ་རྩོམ་ངེས།
བདུན།
ད་ལྟ་ཐར་ལོ་ཕོ་ལོ་སུམ་ཅུ་ལོན་ཀྱང་བུ་མོ་ཞིག་ལ་བརྩེ་དུང་གི་ཚིག་སྣེ་གླེང་མ་མྱོང་། ཁོའི་ཕ་རྒན་གྱིས་མགོ་བོ་འཕྲེད་དུ་གཡུག་བཞིན་འདི་ལྟར་སོང་ཚེ་ཁྱིམ་ཚང་འདིའི་ཁྱིམ་རྒྱུད་རྩད་ནས་རྫོགས་རྒྱུ་རེད། དེ་བས་འོན་ལྐུག་གླེན་མ་སུ་ཞིག་བཙལ་རུང་ཁོ་པར་བྱིས་པ་ཞིག་སྐྱེས་ཐུབ་ཚེ་ཁྱིམ་རྒྱུད་བསྲིངས་ཐུབ་སོང་བས་ཐབས་ཟད་ནང་གི་སྡུག་ཐུག་རེད་ཅེས་དེ་ལྟར་ལབ་པ་ན། ཁོའི་ཆུང་མས་སྐེ་ཕྱི་རུ་གཅུ་བཞིན་ཨ་ཧོ་ཡ། ཁྱིམ་རྒྱུད་རྩད་ནས་རྫོགས་ཏེ་ཁང་ཤུལ་ལྡུམ་བུས་གང་རུང་། ངས་འོན་ལྐུག་གླེན་མ་ཞིག་ཁྱིམ་དུ་བསུ་མི་འདོད།
ཕོ་ངན་རེའི་རྩིབས་ན་མོ་ངན་རེ་ཞེས་པའི་དཔེ་བཞིན་རང་རང་རྩིབས་ན་འོས་འགྲིག་གི་ཆུང་མ་རེ་མི་རྙེད་ཟེར་ན་རྣར་མི་འགྲོ་ཞེས་རང་གི་ཁྱོ་གའི་ཕྱོགས་ལ་རྣ་གཡོར་ཙམ་ཡང་མི་བྱེད། དེ་བས་ཐར་ལོར་ལུས་ལ་རན་པའི་གོས་དང་ཁྱིམ་ལ་མཛའ་བའི་ཆུང་མ་ཞིག་མེད་པར་མི་ལོ་སུམ་ཅུ་སོ་གྲངས་ཡོལ་ལ། འགྲོ་རོགས་གྲིབ་མ་ནག་རིས་དང་ཉལ་རོགས་པུས་མོ་སྐྱ་རིས་ལས་མེད་པར་གྱུར་སོང་། ཁོའི་ཕ་མ་གཉིས་ཀྱི་རེ་སྒུག་དེའང་མཚོ་སྔོན་མོའི་ནང་དུ་?་འཕངས་པ་བཞིན་གོ་མེད་ཚོར་མེད་དུ་སོང་།
ལོ་ཟླ་ནི་ཆུ་རྒྱུན་གྱི་བཞུར་འགྲོས་བཞིན་མུ་ནས་མུ་རུ་བཞུད་ནས་འགྲོ་ཞིང་། ལོ་ཟླའི་བཞུར་རྒྱུན་དང་བསྡོངས་ནས་སྡེ་པ་འདིར་སྔར་མེད་པའི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་བཞིན་འདུག ཐར་ལོ་དང་ན་ཚོད་མཉམ་པའི་གསར་བུ་དེ་ཚོས་ཉོ་འཚོང་འཚོ་ཚིས་ཀྱི་ལུས་ལ་འབད་འབད་མཐར། ད་ལྟ་ཁ་ཤས་ཤིག་རྒྱུ་ཆེན་ངོ་ཆེན་གྱི་ཕྱུག་པོ་གྱུར་ཡོད་པ་དང་། ཁ་ཤས་ཤིག་རྒྱུ་ཆེན་ངོ་ཆེན་མིན་རུང་རང་ས་ན་ཁྱིམ་གཞིས་དྲོད་ཁོལ་ཅན་རེ་ཟིན་ཡོད་པས་གང་ནས་བལྟས་ནའང་བདེ་སྐྱིད་ཀྱི་རྣམ་པ་གསར་བས་ཀུན་ནས་ཁེངས་འདུག
ཐར་ལོའི་ལུས་སྟེང་ན་ནམ་ཟླ་ལོ་ཚོད་ཀྱིས་བརྐོས་པའི་གཉེར་རིས་ཤ་ཤུར་བབ་ཡོད་པ་ལས་གཞན་འགྱུར་ལྡོག་ཅི་ཡང་མེད་པར་སྡེ་པའི་སྲང་དཀྱིལ་དང་སྐོར་ལམ་གྱི་མཐའ་རུ་ཀུན་གྱི་ཀུ་རེ་སློང་ས་རུ་གྱུར་ཡོད་པ་དང་། ཀུན་གྱིས་ཁྱེད་ཀྱིས་ཆུང་མ་ལེན་ཨེ་འདོད་ཅེས་དྲིས་མ་ཐག ཁོས་དེ་མུར་ཁ་སྣ་ཡར་བརྫེས་ནས་ངས་ཐང་ནག་སྡེ་པའི་མཁར་མོ་འཚོ་ཆུང་མ་ལེན་འདོད་མོད། ཨ་ཕས་ནམ་ཡང་བདག་ལ་ཁྱོའི་ཚུགས་ཀ་ལྟོས་དང་། མཁར་མོ་འཚོའི་བློར་ཁྱེད་འབབ་སྲིད་ཀྱི་ཨེ་རེད། ད་ཁྱེད་ཀྱིས་རེ་ངན་སྟོང་བསམ་མ་བྱེད་ཅེས་ཁ་ཚོན་ཚིག་ཚོན་རེ་བཏབ་འགྲོ་བས། ཁོ་བོ་ཁ་རོག་མི་འདུག་ཀ་མེད་རེད་ཟེར། སྡེ་མི་ཚོས་དེ་མ་ཐག་ཧབ་ཆ་རྒྱག་ངེས་ལ། དེ་མ་ཐག་ཁྱོད་ལ་ཁ་མཚར་བཤད་པའི་སྨྲ་ལྕེ་བདེ་པོ་འདུག་པས། ཁོ་མོ་ཚུར་བཀུག་ན་མི་ཆོག་གམ་ཞེས་པར། ཁོས་མགོ་བོ་འཕྲེད་དུ་གཡུགས་བཞིན་ངས་ཚོད་ལྟ་བྱས་མོད། ཁོ་མོས་ང་ལ་སྡང་མིག་བགྲད་བཞིན་ཐང་ནས་?་བླངས་ནས་གླེན་པ་སྣབས་ལུག་ཅེས་?་འདེད་གཏོང་བས། ངའང་སེམས་ཞུམ་ནས་མི་འགྲོ་ཐབས་མེད་རེད་ཅེས་ལབ་པས། སྡེ་མི་ཚོ་བགད་ནས་ཁའང་སུམ་མི་ཐུབ་པར་གྱུར།
ལོ་ཟླ་ནི་དུས་བཞིའི་འཁོར་སྐྱོད་ཀློང་ནས་ཆུ་རྒྱུན་གྱི་བཞུར་འགྲོས་བཞིན་དལ་བུར་གང་ཞིག་ཏུ་བཞུར་ནས་འགྲོ་ཞིང་། དུས་ཀྱི་རྒྱུན་ཐག་དང་སྦྲེལ་བའི་བྱ་དངོས་གང་མང་ཞིག་ལ་འགྱུར་ལྡོག་གསར་པ་རེ་འབྱུང་བཞིན་མཆིས། ཐར་ལོ་སྔར་བཞིན་མི་ཚོའི་རྩེད་དགོད་བྱ་ཡུལ་དུ་གྱུར་འདུག་ལ། ཧ་ཧ་དང་ཧོ་ཧོ་ཞེས་པའི་དགོད་སྒྲ་དེས་དབེན་ཐང་གི་རི་ཀླུང་འདིའི་ཁུ་སིམ་ཁད་ཀྱིས་དཀྲོགས་བཞིན་མཆིས།