མིག་ཆུ་མེད་པའི་བུ་ཆུང་།

བྱང་བློ་བཟང་ཀུན་མཁྱེན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


        མིག་ཟུང་དལ་གྱིས་འབྱེད་དུས་ཉི་འོད་རྩུབ་མོ་ཞིག་ཐད་ཀར་མིག་ནང་དུ་འཕྲོ་འོང་པས།  མཐོང་ལམ་ཐམས་ཅད་ནག་མོག་གེར་བཏང་།  ལག་ཟུང་གིས་ལོང་ནུས་ཤིག་བྱས་ཚེ།  ཚ་སོབ་སོབ་བྱེད་པའི་བྱེ་མ་རྩུབ་ཧྲག་སྦར་མོ་དོ་ལས་གཞན་ཅི་ཡང་བསྙབ་རྒྱུ་མི་འདུག    དངངས་སྐྲག་ཅིག་དང་བཅས་འདྲེ་ལོག་ཐེངས་གཅིག་རྒྱབ་རྗེས།  མིག་ཟུང་ཧར་གྱིས་ཕྱེས་པ་ན།  མིག་མདུན་དུ་ཡོད་པ་ནི་མུ་མེད་ཀྱི་བྱེ་ཐང་ཞིག་ལས་གཞན་ཅི་ཡང་མེད།  ཞིབ་ཀྱིས་བལྟས་ཚེ་རང་ཉིད་བྱེ་མའི་དེའུ་འབུར་ཞིག་གི་སྐེད་མཚམས་ཙམ་ལ་འགྱེལ་ནས་འདུག    ང་གང་དུ་སླེབས་པ་ཡིན་ནམ།  ད་སོ་མར་ཁྱིམ་དུ་ཡོད་པ་མ་ཡིན་ནམ།  ཨོ།    རེད་རེད།   མིག་ཆུ།  ཁོས་མིག་ཆུ་དྲན་བྱུང་།

 

        "སྐྱེ་བ་སྔ་མར་ཁྱོད་ཀྱིས་གཞན་ལ་གནོད་པའི་ལས་བྱས་མི་འདུག  ལན་རེར་གཞན་ཕན་གྱི་ལྷག་བསམ་རེ་སྐྱེས་ནས་སྤྱི་ཕན་གྱི་ལས་རེ་བསྒྲུབས་འདུག་པས།  སྐྱེ་བ་འདིར་སླར་ཡང་མི་ལུས་སུ་གཏོང་བ་ཡིན།"གཤན་རྗེ་ཆོས་རྒྱལ་གྱིས་?་རྗེ་ཕ་ལམ་གྱི་མིག་ཤེལ་ནག་པོ་དེ་གྱོན་ནས་ཤི་གསོན་བྱས་ཉེན་གྱི་རྩིས་ཐོ་བཤེར་བཞིན་དེ་ལྟར་བཤད།

 

        ཁོའི་སེམས་ལ་དགའ་བ་ཞིག་ལྷང་གིས་སྐྱེས་བྱུང་།  དེ་མུར་སྐྱེ་བ་སྔོན་མའི་དུས་ཀྱི་རང་གི་ཆུང་མ་ལྷ་མོ་ལྟ་བུ་དེ་དང་།  སློབ་ཆེན་ལོ་རིམ་བཞི་པ་འགྲིམ་བཞིན་པའི་བུ་ནོར་དགའ་དྲན་བྱུང་།  ང་སླར་ཡང་མི་ལུས་ཐོབ་ཚེ།  ངའི་ཆུང་མ་དང་བྱིས་པ་འཕྲད་ཐུབ་པ་མིན་ནམ།  ངོ་མ་འདོད་ཐོག་ཏུ་ཕྱིན་སོང་།  འཆི་ཁར་ཡང་བསམ་ཚུལ་དེ་ལས་མེད་ལ་ད་ལྟ་ཡང་རེ་འདུན་དེ་ལས་མེད། 

 

        "སྐྱེ་བ་སྔོན་མར་རང་ནི་དགའ་སྤྲོ་དང་བདེ་སྐྱིད་ཁོ་ནར་འདོད་པ་ཞིག་ཡིན་པས།  ད་ཐེངས་ངས་རང་གི་འདོད་དོན་བསྒྲུབ་ཕྱིར་མིག་ཆུ་མེད་པ་བཟོས་ཆོག  སླར་ཡང་མི་ཡུལ་དུ་བདེ་སྐྱིད་རོལ་དུ་སོང་།  ལས་ངན་མ་བྱེད་སྐྱེ་བ་ཕྱི་མ་ཡོད་པ་སེམས་ལ་ཟུངས"ཆོས་རྒྱལ་གྱིས་སླར་ཡང་དེ་ལྟར་བཤད་བྱུང་།

 

        "འོ་ལགས་སོ།  །ཆོས་རྒྱལ་རིན་པོ་ཆེ་བཀའ་དྲིན་ཆེ།  ད་ནས་བཟུང་ངས་ལས་བཟང་ཁོ་ན་བྱ་ངེས"འོན་ཀྱང་།  མིག་ཆུ།   མིག་ཆུ།   ཁོའི་ངག་ནས་ཐེངས་ཁ་ཤས་གྱེར་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་རང་ཉིད་བྱིས་པ་དམར་འབྱར་ཞིག་ཏུ་གྱུར་ནས་སྐྱེས་མ་ཞིག་གི་ཁོག་པར་ཞུགས་འདུག་པས།  ཆོས་རྒྱལ་མཐོང་མི་ཐུབ་ལ་རང་གི་བསམ་ཚུལ་དེ་ཡང་འཆད་ས་མ་རྙེད།

    

        ཆོས་རྒྱལ།  ང་མིག་ཆུ་དགོས།  ཁོས་སྐད་རྒྱབ་བྱུང་།  འོན་ཀྱང་མུ་མེད་ཀྱི་བྱེ་ཐང་འདི་ནས་ཁོ་ལ་ཁ་ལན་འབྱིན་མཁན་ཞིག་ཅིས་ཀྱང་དཀོན།  ཁོ་སླར་ཡང་ངུས་བྱུང་།  འོན་ཀྱང་མིག་ཟུང་ལས་མིག་ཆུ་ཐིགས་པ་གཅིག་ཀྱང་འཛག་རྒྱུ་མི་འདུག  ངུས་བྱུང་།  ཁོ་མུ་མཐུད་དུ་ངུས་སོང་།  གློ་བུར་དུ་རླུང་ངན་ལྡོམ་པོ་ཞིག་གིས་བྱེ་རྡུལ་ཁ་ཤས་ཤིག་ཁོའི་གདོང་ལ་གཙུབས་བྱུང་བས།  ལུས་ཡོངས་འཁྱག་སོབ་སོབ་ཀྱི་སྣང་བ་ཞིག་ཀྱང་སྦྱིན་ཡོང་།  ད་གཟོད་གཞི་ནས་རང་གི་ལུས་ལ་གོས་ལྷེབ་ཙམ་ཡང་མེད་པར།  ཐོག་མར་ཨ་མའི་མངལ་ནས་ལྷུང་དུས་བཞིན་དམར་ཧྲེང་དུ་འདུག་པ་མཐོང་།  འགྱུར་བ་གཅིག་རང་ཡོད་པ་ནི་རང་ཉིད་བྱིས་པ་ཞིག་མིན་པར་ན་གཞོན་ཞིག་ཏུ་གྱུར་ཡོད་པ་དེ་རེད།  རང་ཉིད་ན་གཞོན་ཞིག་ཡིན་པས།  ཡོད་ཚད་རང་ཁོ་ནར་བརྟེན་དགོས།  དེས་ན་ཐོག་མར་བྱེ་ཐང་འདི་བརྒལ་དགོས་པ་མིན་ནམ།  ཁོར་གློ་བུར་བའི་སྟོབས་ཤུགས་ཤིག་རྒྱས་བྱུང་བས།  ཧར་གྱིས་ཡར་ལངས་ནས་འགྲོ་བར་བརྩམས།  ཡོད་ཚད་བྱེ་ཐང་ཡིན་པའི་འདི་ནས་ཁ་ཕྱོགས་ཡང་དག་ཅིག་ཅི་ནས་ཀྱང་རྙེད་དཀའ།  གང་ལྟར་བྱེ་ཕུང་འདི་དག་བརྒལ་དགོས།  ཁ་ཕྱོགས་ནོར་མེད་པར་སྨོན།  སེམས་ལ་སྔར་མེད་ཀྱི་སྤོབས་པ་ཞིག་གིས་བརྟས་ཤིང་།  མུ་མཐུད་མདུན་ཕྱོགས་སུ་བསྐྱོད་མགོ་བརྩམས།  ཚ་སོབ་སོབ་ཀྱི་བྱེ་མས་རྐང་མཐིལ་ལ་རེག་ཐེངས་རེར་རྐང་མཐིལ་ཡོང་སུ་མེ་འབར་བ་ལྟ་བུའི་ན་ཟུག་རེ་སྐྱེས་ཡོང་།  ཉི་འོད་ནི་ཇི་ལྟ་བུའི་ཚ་ཟེར་ཅན་ཞིག་རེད་ཨང་།  ལྷག་དོན་བྱེ་མའི་ལྡོག་འོད་དག་ལུས་ལ་ཟུག་ཚེ་ངོ་མ་བཟོད་དཀའ་བ་ཞིག་འདུག  འོན་ཀྱང་བྱ་ཐབས་ཅི་ཡོད།  གབ་ས་དང་སྐུང་ས་མེད་ལ།  མགོ་ལ་འཐུམ་རྒྱུ་དང་ལུས་ལ་གྱོན་རྒྱུ་ཞིག་ཀྱང་མེད།  མདུན་དུ་བསྐྱོད་རྒྱུ་ནི་ཕལ་ཆེར་རང་ལ་དབང་བ་དང་རང་གིས་བསྒྲུབ་ཐུབ་པ་གཅིག་པུ་དེ་རེད།

 

 

            མུ་མེད་ཀྱི་བྱེ་ཐང་སྟེང་དུ་ཁོ་ནི་ཁེར་རྐྱང་ཞིག་རེད། ད་ནངས་ལམ་ལ་ཞུགས་པ་ནས་ད་བར་བྱེ་རི་ཇི་སྙེད་ཅིག་བརྒལ་ཡང་།  མདུན་དུ་མཐོང་བ་ནི་སྔོན་དང་འདྲ་བར་བྱེ་ཐང་ཁོ་ན་རེད།  དོན་དུ་རང་ཉིད་ཇི་ཙམ་ཞིག་ཕྱིན་ཡོད་དམ།  ངོ་མ་ལན་འདེབས་དཀའ། ད་ནི་ལུས་ཡོངས་ངལ་དུབ་ཀྱིས་བཟི་ཡོང་ལ། ལྟོགས་སྐོམ་གྱིས་གཙེ་ཡོང་།  ལྟོགས་ཀྱང་ཟས་མེད་ལ་སྐོམ་ཡང་ཆུ་མེད་པས། བྱ་ཐབས་ཅི་ཡང་མེད་པར་ཐད་ཀར་བྱེ་ཐང་སྟེང་འགྱེལ་ནས་ངལ་གསོ་ཐབས་བྱས། ཅི་ཡང་མེད་ལ་ཅི་ཡང་མཁོ་བའི་མཚམས་འདིར་ངལ་གསོ་བ་ཡང་དཀའ་ཁག་ཅན་ཞིག་རེད། 

 

        སྨག་མུན་གྱིས་ས་ཆེན་འདིའི་ཞལ་རས་བཀབས་ཟིན་པས།  རི་ཁུག་ཏུ་གནས་པའི་ལྷིང་འཇགས་ཀྱི་ཞིང་གྲོང་ཆུང་ཆུང་འདི་སྔར་བས་ལྷིང་འཇགས་ཀྱི་རྣམ་པ་ཞིག་དོད་འདུག    གློ་བུར་དུ་གྲོང་དཀྱིལ་གྱི་དུད་ཁྱིམ་ཞིག་ནས་ཕྲུ་གུའི་ཞོགས་སྐད་ཅིག་གཅིག་མཇུག་གཉིས་མཐུད་ཀྱིས་གྲགས་ཡོང་ལ་དེ་དང་འབྲེལ་ནས་ཁྱིམ་ཡོངས་ལབ་སྒྲས་ཁེངས་པས།  རི་གྲོང་འདིའི་ལྷིང་འཇགས་སྐད་ཅིག་ཉིད་ལ་ཡལ།

 

        "ད་གཞི་ནས་གཟུགས་པོ་ཡང་ཐུབ་སོང་།  ཨ་མ་སྙིང་རེ་རྗེ།  ཉིན་གསུམ་མཚན་གསུམ་ཏག་ཏག་ཟུག་གཟེར་ལངས་སོང"

 

        "དེས་ག་ལ་ཚད།  གཟུགས་པོ་འཁོར་(གཟུགས་པོ་འཁོར་ནི་མངལ་ཆགས་པའི་དོན)ནས་ད་བར་ལོ་གཉིས་ཙམ་ཕྱིན་པ་རེད"

 

        "ཕྲུ་གུ་བུ་ཞིག་འདུག   དགའ་བ་ལ་འདི་སྤྱིར་བཏང་གི་བུ་ཞིག་ཡིན་མི་སྲིད།  ལོ་གཉིས……ཉིན་གསུམ་མཚན་གསུམ……"

 

        "ཨོའོ……མ་ངུ་མ་ངུ……ཕྲུ་གུ་ངར་བྱིན་དང……"

 

    "ཨ་མ་་་་་"ངུ་ངག་དང་བཅས་ཕྲུ་གུ་དལ་གྱིས་ཨ་མའི་ཕྱོགས་སུ་ནུད་བྱུང་།

 

         "ཕྲུ་གུ་སྐྱེས་མ་ཐག་སྐད་ཆ་བཤད་ཐུབ་མཁན་འདི་ཅི་ཡིན།  ཕལ་ཆེར་འདྲེ་ཕྲུག་ཅིག་ཡིན་རྒྱུ་རེད"

 

        "ལྟོས་དང་ཁོ་ངུ་བཞིན་པ་མིན་ནམ།  འོན་ཀྱང་མིག་ཆུ་མི་འདུག"

 

        "ཨ་ཡ་མཚན།  ངོ་མ་མིག་ཆུ་མི་འདུག    ཁོ་འདྲེ་ཕྲུག་ཅིག་ཡིན་ངེས"

 

        "བདུད་ཕྲུག་འདི་ཆུང་ནས་མ་བཏུལ་ན་ཕྱིས་སུ་རང་ཁྱིམ་དང་ཡུལ་སྡེར་གནོད་ཆེན་བསྐྱལ་ངེས།  ཁྱིམ་མཚེས་སུས་ཀྱང་མ་ཤེས་སྔོན་ལ་ཐག་གཅོད་བྱས་ན་དགའ།"

 

        "རྒྱབ་རིའི་ནགས་གསེབ་ཏུ་སྦས་ན་གཅན་གཟན་གྱིས་བཟའ་འགྲོ་ངེས"

 

        "རེད……"

 

        ཕྲུ་གུའི་ངུ་སྐད་ཅིག་ཐྲིག་ཐྲིག་གི་?ག་སྒྲ་དང་འདྲེས་ནས་རིམ་བཞིན་གྲོང་རྒྱབ་ཀྱི་ནགས་གསེང་ནས་ཡལ་སོང་།

 

        ཉི་འོད་སྔར་བཞིན་ཚ་ལམ་ལམ་ངང་བྱེ་ཐང་སྟེང་རྒྱ་ཆེན་གྱིས་འཕྲོས་ཡོད་པས།  ཚ་སོབ་སོབ་ཀྱི་བྱེ་མས་སྔར་བཞིན་ལུས་ཡོངས་བསྲེགས་ཡོང་།  ངལ་གསོ་ཐབས་ཅི་ནས་ཀྱང་དཀའ།  འདུག་བཟོད་མེད་པའི་ཁོ་མུ་མཐུད་དུ་མདུན་དུ་བསྐྱོད་འགོ་བརྩམས།  རྐྱང་མཐིལ་གྱི་ཤ་ལྤགས་བྱེ་མ་ཚ་མོར་རག་མ་ཐག་བཟོད་དཀའ་བའི་ན་ཟུག་གཅིག་རྐང་མཐིལ་བརྒྱུད་ནས་སྙིང་ཁར་ཐིམས་ཡོང་།  སྙིང་ཆུང་ཡང་ཅི་ཞིག་གིས་སྲེག་གིན་ཡོད་དམ།  དེ་ལྟར་ཁོ་མདུན་དུ་བསྐྱོད་སོང་།  སྐྱོད་ཀྱིན་སྐྱོད་ཀྱིན་ལྟོགས་སྐོམ་གྱིས་མནར་ཡོང་།  ཡོད་ཚད་བྱེ་ཐང་ཡིན་པའི་འདི་ནས་ཁོས་ཅི་ཞིག་བཟའ་ནུས་སམ།  ཡོད་པ་ནི་བྱེ་མ་ཡིན་པས།  བྱེ་མ་བཟའ་དགོས།  ཁོས་ལག་ཟུང་གྱིས་བྱེ་མ་སྦར་གང་འགམ།  བྱེ་མ་དག་ཇི་ལྟར་སོ་བར་བཅིར་ཀྱང་སག་སག་གི་སྒྲ་རེ་ལས་རོ་བཅུད་ཅི་ཞིག་མྱོང་གིན་པའི་ཚོར་བ་ནི་མི་འདུག  འོན་ཀྱང་བྱེ་མ་འགམ་གྱིན་ཕོ་བའི་ནང་ལྗིད་ཏིག་ཏིག་ཅི་ཞིག་གིས་ཁེངས་ཀྱིན་པའི་ཚོར་བ་ཞིག་གྲོད་ཁོག་བགྲངས་པ་ལྟར་དུའང་སྣང་།  ཁོ་ལྟོགས་དུས་བྱེ་མ་འགམ་གྱིན་མདུན་དུ་སྐྱོད་ཀྱིན་ཡོད།  ཉིན་དང་ཞག་བྱས་ནས་སོང་།

 

        ཉིན་འདས་སོང་།  མཚན་འདས་སོང་།  ཉིན་མཚན་མང་པོ་ཞིག་འདས་སོང་།

 

        གོ་ཐོས་སུ་དེ་རིང་བརྩིས་ན་ཁོ་དེ་ལྟར་བྱེ་ཐང་དུ་ཕྱིན་ནས་ཉིན་ཞག་ཞེ་དགུ་ཕྱིན་སོང་ཟེར།  ད་ནི་ཁོ་མིའི་སྣང་བརྙན་འདྲ་བ་ཞིག་ཅིས་ཀྱང་མཐོང་དཀའ།  རྐང་མཐིལ་གྱི་ཤ་ལྤགས་ཡོངས་མཁྲེགས་པོར་གྱུར་ནས་རྟ་ནོར་གྱི་རྨིག་པ་ལྟ་བུར་གྱུར་འདུག   ལྷག་དོན་ལུས་ཡོངས་རིད་པར་གྱུར་ནས་ཀེང་རུས་ལྤགས་པས་བཏུམས་པ་ལྟ་བུ་ཞིག་ཏུ་སོང་བས། རུས་ལྤགས་ཀྱི་བར་ན་ཤ་ཁྲག་ཅི་ཞིག་ཡོད་པའི་ཆ་ཙམ་མི་མངོན།   འོན་ཀྱང་མུན་དོང་ལྟ་བུའི་མིག་ཀོང་གཏིང་ནས་ཁྲ་རིལ་རིལ་གྱི་མིག་ཟུང་གཉིས་མདུན་ལ་ཅེར་བཞིན་མདུན་དུ་བསྐྱོད་ཚུལ་བསམས་ན།  ཁོས་རེ་བ་གསར་པ་ཞིག་མཐོང་གིན་ཡོད་དམ། 

 

        ཞོགས་པའི་ཉི་ཟེར་དལ་གྱིས་ནགས་རིའི་དབུ་རྩེ་ནས་རིམ་གྱིས་ཕྱོགས་བཞིར་འཕྲོ་དུས།  བྱ་བྱིའུ་ཚོགས་ཀྱི་སྐད་སྒྲས་ནགས་ལྗོངས་འདིར་རེ་ཞིག་འུར་ཟིང་གིས་བཀང་བྱུང་། དེ་དང་མཉམ་དུ་བྱིས་པའི་ངུ་སྐད་ཅིག་ཀྱང་རེས་གསལ་རེས་མོག་ངང་ཐོས་ཐུབ།  དེ་ལྟར་མི་ཡུལ་དུ་སླེབས་མ་ཐག་པའི་ཁོ།  ཨ་མ་ཞེས་མི་སྐད་ཚིག་གཅིག་འབོད་མ་མྱོང་བའི་ཁོ།  མིག་ཆུ་ཐིགས་གཅིག་ཟགས་མ་མྱོང་བའི་ཁོ་ནགས་ལྗོངས་འདིར་སླེབས་འདུག  སྡོང་རྒན་ཞིག་གིས་འཁྲིས་ན་དམར་འབྱར་དུ་ལུས་ཡོད་པའི་ཁོ་འཇིགས་སྐྲག་གི་སྣང་བ་ཞིག་གིས་སླར་ཡང་ཨ་མ་ཞེས་བོས་བྱུང་།  བུ་རང་མ་ངུ་དང་སྐྲག་མི་དགོས།  ང་སླེབས་ཡོད།  སྤྲེའུ་ཞིག་སྡོང་སྟེང་ནས་མར་མཆོངས་ཏེ་ཁོའི་ཐད་དུ་སླེབས་བྱུང་།  ཅུང་ཙམ་མ་འགོར་བར་ང་ཡང་སླེབས་ཡོད།  ཐལ་མདོག་ཅན་གྱི་སྤྱང་ཀི་ཞིག་དལ་གྱིས་ཁོའི་འགྲམ་དུ་ཡོང་བཞིན་འདུག  ང་སླེབས་ཡོད།  འབྲོང་ཞིག་ཀྱང་འདུག  དེ་ནས་རིམ་བཞིན་རྐྱང་དང་།  གཙོད།  ཤ་བ།  སྟག་སེང་དོམ་དྲེད་སོགས་མང་པོ་ཞིག་ཁོའི་གམ་དུ་འདུས་བྱུང་།  ད་ནི་ཁོའི་ཉེ་འཁོར་དུ་རི་དྭགས་དང་འདབ་ཆགས་ཀྱིས་ཁེངས་འདུག  ལྷག་དོན་ཕྲུ་གུ་ཡོད་པའི་རི་དྭགས་ཨ་མ་ཚོས་ཁོར་ནུ་མ་ནུ་རུ་འཇུག་ལ།  སྟག་དྲེད་སོགས་གཅན་གཟན་ཚོས་ཁོར་ཁྲག་དམར་འཛར་འཛར་ཡོད་པའི་ཤ་རྗེན་ཟ་རུ་འཇུག  དེ་ལྟར་རི་དྭགས་ཚོས་ཁོར་ཨ་མས་ཕྲུ་གུ་སྐྱོང་བ་བཞིན་སྐྱོང་བཞིན་འདུག  ཁོ་ཚོ་ནི་ངའི་ཨ་མ་ཡིན་ནམ་ཁོས་དེ་ལྟར་འདང་རྒྱག་བཞིན་ཡོད།  དོན་དུ་ངས་ཨ་མ་ཞེས་བོས་ཚེ་ཁོ་ཚོ་སླེབས་པ་མ་ཡིན་ནམ།  གང་ལྟར་ཉིན་དེ་ནས་བཟུང་ཁོས་རི་དྭགས་དང་མཉམ་དུའམ་ཡང་ན་རི་དྭགས་ཚོས་ཞབས་ཞུའི་ཁྲོད་ནས་འཚོ་བ་གསར་པ་ཞིག་གི་འགོ་བརྩམས་སོང་།  ཅི་འདྲའི་སྐྱིད་ཅིང་ལྷོད་བག་ལྡན་པ་ཞིག་རེད་ཨང་།  ཅི་ཡང་སེམས་ཁྲལ་བྱ་མི་དགོས།  ཐ་ན་རི་དྭགས་ཚོ་ནགས་ཁྲོད་གཞན་དུ་གནས་སྤོ་དུས་ཀྱང་ཁོ་རི་དྭགས་ཆེ་བ་དེ་ཚོའི་སྒལ་པར་འཁུར་ནས་འགྲོ།  ཁོ་རིམ་བཞིན་ནར་སོན་ཏེ་ཕོ་གཞོན་ཞིག་ཏུ་འགྱུར་བཞིན་འདུག  དེ་ལྟར་ཁོ་དང་རི་དྭགས་ལྷན་དུ་འགྲོགས་པའི་དུས་ཡུན་དག་ཏུ་ཁོས་ཀྱང་རི་དྭགས་ལྟ་བུའི་འཚོ་བ་ཞིག་རོལ་བཞིན་ཡོད།  མི་སྐད་ཐེངས་གཅིག་ཀྱང་བཤད་མྱོང་མེད།  དོན་དུ་ཁོས་ཀྱང་ཨ་མ་ཞེས་པའི་ཚིག་འབྲུ་གཉིས་ལས་བཤད་མི་ཤེས་ཀྱང་སྲིད།  འོན་ཀྱང་།  དེ་རིང་གཅན་གཟན་ཚོས་དབོར་ནས་ཡོང་བའི་བེམ་རོ་དེས་ཁོར་ཐེ་ཚོམ་དང་དོགས་གཞི་མང་པོ་ཞིག་འབྱུང་དུ་བཅུག་སོང་།  ལྟོས་དང་།  ནར་གཟུགས་སུ་ཡོད་པའི་སྤུ་མེད་ལུས་པོ་དང་།  གནག་ཅིང་རིང་བའི་མགོ་བོའི་སྐྲ་ལོ།  ཅུང་ཐུང་བའི་ལག་པ་དང་རིང་བའི་རྐང་པ།  ད་དུང་ཁོག་སྨད་ཀྱི་ཅུང་ཟབ་སར་འཛུལ་བའི་ཅི་ཞིག་ལ་ཤིང་ལོས་བཀབ་ནས་འདུག  ཁོས་ཇི་ལྟར་བལྟས་ཀྱང་རང་ཉིད་དང་འདྲ་བ་ཞིག་མཐོང་གིན་འདུག  མནོ་བསམ་ཞིབ་མོར་བཏང་ན་རང་ཉིད་སྐྱེ་མཁན་གྱི་ཨ་མ་དེ་དང་ཧ་ཅང་འདྲ་ཨང་།  གང་ལྟར་ཉིན་དེ་ནས་ཁོ་ཐེ་ཚོམ་གྱིས་ཁེངས་ཤིང་རྣམ་རིག་གིས་ཕྱུག་པ་ཞིག་ཏུ་གྱུར།  དེ་ལྟར་ཉིན་ཤས་ལས་མ་འདས་པར་ནགས་ཚལ་འདིར་ཡ་མཚན་གནས་ཚུལ་ཞིག་ལྷག་སོང་།  དེ་ཡང་མཚན་མོ་ཞིག་ལ་དམར་ལྷབ་ལྷབ་ཀྱི་ཅི་ཞིག་འུར་སྒྲ་དང་བཅས་རིམ་བཞིན་ཇེ་ཆེར་མཆེད་ནས་ནགས་ཚལ་ཡོངས་སྲེག་བཞིན་འདུག  དེ་ནི་ཅི་འདྲའི་ཚ་ཞིང་བསྲེགས་པ་ཞིག་རེད་ཨང་།  རིང་པོ་མ་འགོར་བར་ཤིང་སྡོང་མང་པོ་ཞིག་ལྷག་མེད་དུ་བཏང་བ་མ་ཟད།  རི་དྭགས་མང་པོ་ཞིག་ཀྱང་འཚིག་བཞིན་འདུག ད་དུང་འུར་འུར་གྱི་སྒྲ་དང་བཅས་བསྲེག་ཡོང་བས།  འདུག་བཟོད་མེད་པར་ཕྱོགས་བཞིར་བྲོས་སོང་།

 

        མེ་དཔུང་གིས་ནགས་ཚལ་དམིགས་མེད་དུ་བཏང་རྗེས་ད་གཟོད་གཞི་ནས་མེ་ཤི་སོང་།    གོ་ཐོས་སུ་གནས་དེར་ལོ་ངོ་ཁ་ཤས་རྗེས་སུ་འབྱུང་ལྔའི་འཕོ་འགྱུར་ཁྲོད་ནས་བྱེ་ཐང་ཞིག་ཏུ་གྱུར་འདུག་ཟེར།  དེས་ན་ཁོ་གང་དུ་ཕྱིན་ཡོད་དམ།  གང་དུ་སླེབས་ཡོད་དམ།

 

        ཉིན་མོ་ཞེ་དགུ་དང་མཚན་མོ་ཞེ་དགུ་འཁྱགས་ལྟོགས་ཀྱིས་མནར་ཞིང་།  ཉི་རླུང་གིས་གཙེས་མྱོང་བའི་ཁོས་སླར་ཡང་ཉིན་གསར་པ་ཞིག་གི་རྒྱང་བཞུད་ཀྱི་འགོ་བརྩམས་བྱུང་།  ཀེང་རུས་ཤིག་དང་འདྲ་བའི་ཁོ་མུ་མཐུད་མདུན་དུ་སྐྱོད་ཀྱིན་འདུག  ལས་གོམས་པ་གང་ཞིག་སླ་བར་འགྱུར་བ་བཞིན་ཁོའི་གོམ་ཁ་ནི་ཅི་འདྲའི་ཡང་ཆ་དོད་པ་ཞིག་རེད་ཨང་།  ཐོག་མ་བཞིན་ལྟོགས་སྐོམ་གྱི་ཚོར་སྣང་དྲགས་པོ་དེ་འདྲ་མི་འདུག་ལ་ཉི་འོད་ཀྱིས་ཚ་ཟེར་ཡང་དེ་ཙམ་མི་མངོན།  ཁོས་སྔར་བཞིན་སྣང་མེད་ངང་མདུན་གྱི་བྱེ་རི་དེ་བརྒལ་དུས། གློ་བུར་དུ་བྱེ་རིའི་རྒྱང་ཕྱོགས་ཀྱི་བྱེ་གཤོང་ཞིག་ནས་འཁྱིལ་ཆུ་ཞིག་མཐོང་བྱུང་ལ་དེའི་འགྲམ་ན་སྔོ་ལྗང་གི་ཅི་ཞིག་སྟོབས་ཀྱིས་སྐྱེས་ཡོད་པའང་རིག་བྱུང་།  ཁོ་དགའ་དྲགས་ནས་ཀི་རིང་ཞིག་འདེབས་ཀྱིན་ཤུགས་ཀྱིས་རི་གཤམ་དུ་རྒྱུགས།  རི་གཤམ་དུ་སླེབས་མ་ཐག་མྱུར་མོར་ལག་ཟུང་གིས་ཆུ་ཁྱོར་གང་གཅུས་ནས་བཏུང་ཞིང་སྔོ་རྩྭ་བཀོག་ནས་བཟས་སོང་།  བཟའ་བཞིན་བཏུང་སོང་།  ཆུ་ནི་ཅི་འདྲའི་བསིལ་ཞིང་མངར་བ་ཞིག་རེད་ལ།  རྩྭ་སྔོ་ཡང་ཅི་འདྲའི་དྲོ་བ་ལྡན་ཨང་།  དེ་ལྟར་ཁོས་བཟས་ཤིང་བཏུང་ནས་གྲོད་པ་རྒྱག་ཅིང་ཁ་སྐོམ་སོད་སོང་ལ།  དེ་དང་བསྟུན་ནས་ལུས་ཡོངས་ངལ་དུབ་ཀྱིས་ཁྱབ་ཡོངས་བས་ཅུང་ཙམ་མ་འགོར་བར་གཉིད་དུ་ཤོར་སོང་།  ཁོ་ངོ་མ་དཀའ་ལས་ཁག་ཡོད་པ་འདྲ།  

 

        གནམ་སྔོན་པོ་དང་སྤྲིན་དཀར།  གངས་རི་དང་རྒྱ་མཚོ།  སྤང་ཐང་དང་ཆུ་མོ།  ད་དུང་རྫ་ཁ་ཞིག་ནས་འབྲོང་གཡག་གཅིག་ངར་སྐད་འབྲུག་སྟོང་བཞིན་སྒྲོག་བཞིན་རྭ་རྩེ་ནས་མེ་སྟག་མཆེད་བཞིན་ཚུར་སླེབས་ཡོང་། ཨ་ཨ……ང་གང་དུ་སླེབས་པ་ཡིན་ནམ།  རེད་རེད་ནོར་མེད།  དེ་མ་ཐག་ནོར་དགའི་འཁྲིས་ཀྱི་བོད་ཆས་སྤུས་དག་གཅིག་གྱོན་པའི་བུ་མོ་དེས་ཀྱང་།  ཁ་མ་བགད་གོང་ནས་མིག་དགོད་པའི་ཉམས་ཀྱིས་ཨ་ཕ་མེ་འཁོར་སྟེང་ཤོག་དང་།  ང་ནི་ནོར་དགའི་ཆུང་མ་ཡིན་ཟེར།  འདི་རྨི་ལམ་མིན་ནམ།  ཁོ་རེ་ཞིག་ཐེ་ཚོམ་གྱི་ཞིང་དུ་ལུས་ཚེ།   བུ་དང་ཆུང་མས་ཨ་ཕ་ཞེས་ཡང་ཡང་འབོད་པའི་སྒྲ་ཡིས་ཁོ་སད་དུ་བཅུག་བྱུང་།  ཁོས་ནུས་ཤུགས་ཡོད་རྒུས་ཡར་ལང་པར་རྩོམ་ཚེ་ལུས་ན་སྔར་ན་མེད་པའི་སྟོབས་ཤུགས་ཤིག་གིས་ཁེངས་འདུག་པས་རྒྱུག་མ་འདུར་གྱིས་མེ་འཁོར་ཕྱོགས་སུ་སོང་།   གློ་བུར་མཁུ་ར་ཟུང་གྲང་ཅང་ཅང་གིས་བརླན་ཡོང་བས།   ཁོས་ལག་ཟུང་གཉིས་ཀྱིས་འགྲམ་པར་རེག་ཚེ་ངོ་མ་རང་གི་མིག་ཟུང་ལས་མིག་ཆུ་བར་མཚམས་མེད་པ་འཛག་བཞིན་འདུག   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1