ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་བདུན་པའི་རེན་ཁྲོན་ཨེ་ཤ་ཡ་གླིང་གི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སྤྱི་ཚེས་12ཉིན་ཧྲན་ཏུང་ཝེ་ཧའེ་རུ་ལེགས་གྲུབ་ལྡན་པའི་སྒོ་ནས་བརྒྱུད་སྤྲོད་བྱས་ཡོད།
རེན་ཁྲོན་ཨེ་ཤ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གྱི་མེ་སོན་ནི་སྤྱི་ཚེས་9ཉིན་སྐབས་དང་པོའི་ཨེ་ཤ་ཡ་གླིང་གི་ལུས་རྩལ་འགྲན་ཚོགས་གཉེར་ས། རྒྱ་གར་གྱི་ངྷེ་ལི་གསར་པ་ནས་ལེན་པ་ཞིག་ཡིན་པ་དང་། དེ་ནི་ཨེ་ཤ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་སྦྱིན་བདག་རྒྱལ་ཁབ་མིན་པའི་ས་ཁོངས་གཞན་དུ་མེ་སོན་ལེན་ཐེངས་དང་པོ་དེ་ཡང་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལོ་རྒྱུས་ལ་བརྩི་བཀུར་ཞུ་ཆེད་ཡིན། མེ་སོན་ལེགས་གྲུབ་ལྡན་པའི་སྒོ་ནས་ལེན་ཟིན་རྗེས་ཐོག་མར་ངྷེ་ལི་གསར་པར་བརྒྱུད་སྤྲོད་བྱེད་འགོ་ཚུགས་པ་དང་། དེ་རྗེས་གནམ་གྲུ་བརྒྱུད་ཝེ་ཧའེ་རུ་འཁྱེར་འོང་བ་དང་། སྐམ་སའི་ཐོག་བརྒྱུད་སྤྲོད་བྱས་ཟིན་རྗེས། ཝེ་ཧའེ་ནས་རེན་ཁྲོན་དུ་བསྐྱོད་མཁན་འགྲུལ་སྐྱེལ་གྲུ་གཟིངས་བརྒྱུད་རྒྱ་མཚོ་ཆེན་པོ་བརྒལ་ཏེ་སྤྱི་ཚེས་13ཉིན་ལྷོ་ཁོ་རེ་ཡའི་རེན་ཁྲོན་དུ་འབྱོར་ཡོད།