སློབ་གསོ་པུས་མཐོ་རྒྱུགས་ཀྱི་དམིགས་བསལ་སྐར་སྣོན་རྣམ་གྲངས་མེད་པར་བཟོས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-27



            ཉེ་ཆར། སློབ་གསོ་པུས་《 2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》 ཞེས་པ་འགྲེམ་སྤེལ་བྱས་ནས། ད་ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། དེར་ས་གནས་ཁག་གི་སློབ་གྲྭ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ཁྱོན་ཡོངས་ནས་《 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》དོན་འཁྱོལ་བྱས་ཐོག སྤུས་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད།  ཚན་རིག་གིས་ཤེས་ལྡན་མི་སྣ་འདེམས་སྒྲུག་བཅས་བྱས་ནས། མཐོ་རིམ་སློབ་ཆེན་གྱི་ཡིག་རྒྱུགས་སློབ་བསྡུ་འདྲ་སྙོམས་དྲང་གཞག་དང་གོ་རིམ་ཚད་ལྡན་ཞིག་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
            《 བརྡ་ཐོའི》 ནང་2018 ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་གྱི་གཙོ་གནད་ལས་འགན་ཁག་དྲུག་གཏན་འབེབས་བྱས་ཡོད།
གཅིག་ནི་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་ལས་དོན་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་ལེན།
            མཐོ་རྒྱུགས་ལས་དོན་གྱི་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་དང་། སྡེ་ཁག་མཉམ་སྒྲུབ་ལ་ཤུགས་སྣོན། ཡིག་རྒྱུགས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་རྒྱུ། རྒྱུགས་ཤོག་འཁོར་རྒྱུག་གི་ལྷུ་ཚིགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། རྒྱུགས་གཞི་དང་རྒྱུགས་ཤོག་རྩ་བ་ནས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།
གཉིས་ནི་མཐོ་སློབ་ཀྱི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་ཀྱི་སྒྱུར་བཅོས་ལ་ཧུར་ཐག་དང་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ།
            སྒྲིག་འཛུགས་ལེགས་པོ་དང་བརྟན་ལྷིང་གི་སྒོ་ནས་བསྒྱུར་བཅོས་ཚོད་ལྟ་བྱ་ཡུལ་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། བསྒྱུར་བཅོས་འཐུས་ཚང་དུ་གཏོང་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། ཧུར་བརྩོན་ཆེན་པོས་མཐོ་རིམ་སློབ་འབྲིང་གི་སྦྱོང་ཚན་ཆུ་ཚད་ཀྱི་རྒྱུགས་ལེན་དང་ཕྱོགས་བསྡུས་ཀྱི་བྱང་ཚད་གདེང་འཇོག་སོགས་ཆེད་དོན་རྣམ་གྲངས་སྒྱུར་བཅོས་ལག་བསྟར་བྱེད་དགོས་པ་དང་། བསྡུ་ལེན་གྱི་ཐེངས་གྲངས་ཉུང་དུ་གཏོང་བའི་བསྒྱུར་བཅོས་དང་མཐོ་རིམ་ཆེད་ལས་སློབ་གྲྭའི་རིགས་དབྱེའི་སློབ་བསྡུའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་དགོས།
གསུམ་ནི་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་དབར་གྱི་སློབ་ཞུགས་གོ་སྐབས་དྲང་སྙོམས་ཡོང་བར་སྐུལ་འདེད།
            མུ་མཐུད་དུ“རྒྱལ་ཁབ་ཀྱི་དབུས་ནུབ་ས་ཁུལ་ལ་རོགས་སྐྱོར་བྱེད་བའི་སློབ་བསྡུའི་མཉམ་ལས་འཆར་གཞི་” ལག་བསྟར་དང་། མུ་མཐུད་དུ་གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་དབུལ་ཕོངས་ས་ཁུལ་གྱི་སློབ་མའི་ཆེད་དོན་འཆར་གཞི་ལག་བསྟར་བྱས་ནས། ཕ་མ་དང་ལྷན་དུ་གནས་སྤོ་བྱས་པའི་བུ་ཕྲུག་གིས་འབྱོར་ཡུལ་རང་དུ་མཐོ་རྒྱུགས་ཁྲོད་ཞུགས་པའི་སྲིད་ཇུས་སྔར་བས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་“ མཐོ་རྒྱུགས་གནས་སྤོར་” གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
བཞི་ནི་སློབ་བསྡུའི་ལས་དོན་དོ་དམ་རིམ་གྱིས་ཚད་ལྡན་དུ་གཏོང་བ།
            སློབ་བསྡུའི་ལས་དོན་བཀག་རྒྱ་ལས“བྱ་མི་ཆོག་པ་༣༠”བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། སློབ་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་བླང་བྱ་བཅུ་དོན་འཁྱོལ་ནན་ཏན་བྱས་ནས། དམིགས་བསལ་རིགས་ཀྱི་སློབ་བསྡུའི་བྱ་བ་དོ་དམ་ནན་མོ་བྱེད་དགོས། སློབ་བསྡུའི་སྒྲིག་འགལ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་སོ་སོའི་སློབ་བསྡུའི་རྒྱུགས་སྤྲོད་སློབ་མའི་རྫུན་སྒྲིག་གི་བྱ་སྤྱོད་ལ། དེ་བསྟུན་གྱི་སློབ་བསྡུའི་འོས་བབ་ཐོབ་ཐང་མེད་པར་བཟོ་རྒྱུ་ཕུད། ཆབས་ཅིག་ལོ་དེའི་མཐོ་རྒྱུགས་མིང་ཐོ་འགོད་པའི་ཐོབ་ཐང་དང་། རྒྱུགས་ལེན་དང་སློབ་བསྡུའི་ཐོབ་ཐང་མེད་པར་བཟོ་རྒྱུ།
ལྔ་ནི་གོམ་གང་མདུན་སྤོས་ཀྱིས་མཐོ་སློབ་ཀྱི་རྒྱུགས་ལེན་སློབ་བསྡུའི་ཆ་འཕྲིན་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ།
            བདེ་འཇགས་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་སེལ་ནས། སློབ་བསྡུའི་ཆ་འཕྲིན་བདེ་འཇགས་ལ་འགན་ལེན་བྱེད་པ།
དྲུག་ནི་སློབ་བསྡུའི་དྲིལ་བསྒྲགས་ཞབས་ཞུ་ལས་དོན་གཏིང་ཟབ་སྤེལ་བ།
            རྒྱུགས་སྤྲོད་སློབ་མའི་ཡིད་སྟོན་སློབ་གསོ་ཤུགས་ཆེར་གཏོང་བ། སློབ་བསྡུའི་དྲིལ་བསྒྲགས་དང་ཕྱོགས་བསྡུས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དབང་པོ་སྐྱོན་ཅན་འདྲ་མཉམ་གྱིས་མཐོ་རྒྱུགས་ནང་ཞུགས་རྒྱུར་སྟབས་བདེ་སྐྲུན་རྒྱུ། ཡང་དག་པའི་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས། དང་བླངས་མཛུབ་ཁྲིད་དང་གསར་འགྱུར་སྒྲོག་སྤེལ་ཚད་ལྡན་དུ་གཏོང་དགོས།
            《 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》 དང་《སློབ་གསོ་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། སྤྱི་བདེ་པུའུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་མཐོ་རྒྱུགས་ཀྱི་སྐར་གྲངས་སྣོན་པའི་རྣམ་གྲངས་དང་སྐར་གྲངས་སྔར་བས་ཉུང་འཕྲི་དང་ཚད་ལྡན་དུ་གཏོང་བའི་བསམ་འཆར་》 གྱི་འབྲེལ་ཡོད་གཏན་འབེབས་ལྟར། ལུས་རྩལ་ལ་མཁས་པའི་སློབ་མ་དང་། སློབ་འབྲིང་སློབ་མའི་སློབ་ཚན་གྱི་ཨོ་ལིན་ཕིག་འགྲན་སྡུར། ཚན་རྩལ་རིགས་ཀྱི་འགྲན་བསྡུར། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་མ། བསམ་བློ་ཆབ་སྲིད་ཀུན་སྤྱོད་ཐད་བྱས་རྗེས་མངོན་གསལ་དོད་པོ་ཡོད་པ་སོགས་རྒྱལ་ཡོངས་རང་བཞིན་གྱི་མཐོ་རྒྱུགས་སྐར་སྣོན་རྣམ་གྲངས་ཁྱོན་ཡོངས་ནས་མེད་པར་བཟོས་པ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1