གནས་ཚུལ་རྒྱུས་ལོན་པ་ལྟར་ན། བོད་ཀྱི་མིང་དུ་གྲགས་པའི་སྐྱེས་མའི་ཚན་སྡེབ། མཐོ་སྒང་མཁུར་ཚོས་དམར་པོ་ཚན་སྡེབ་ཀྱིས་ཉེ་ལམ་གསར་དུ་སྒྲ་ཕབ་བརྙན་ལེན་སྒྲིག་སྦྱོར་བྱས་པའི་ཆེད་སྒྲིག་གསར་པ«མཁུར་ཚོས་དམར་པོ»ཞེས་པ་ཉེ་ལམ་དངོས་སུ་འགྲེམ་སྤེལ་བྱས་པའི་དུས་མཚུངས་སུ། ཁྲིན་ཏུའུ་ནས་རྒྱལ་ཡོངས་ཀྱི་ཚོང་རར་བཀྲམས་པས་ད་ལྟ་ས་གནས་ཁག་གི་སྒྲ་སྙན་རོལ་མོ་བཙོང་ས་ཆེ་གྲས་ཁག་ནས་ཆེད་སྒྲིག་ཟེར་སྡེར་དེ་ཉོ་ཐུབ། བུ་མོ་སྤུན་གསུམ་གྱིས་ད་རེས་འགྲེམ་སྤེལ་བྱས་པའི་ཆེད་སྒྲིག་གསར་པ«མཁུར་ཚོས་དམར་པོ»ལ་སྣ་གང་གི་ཐད་ནས་ཀྱང་སྔོན་དང་བསྡུར་ན་གསར་གཏོད་ཀྱི་ཆ་ཤིན་ཏུ་དོད་པས། ཉན་པ་པོ་སུ་དང་གང་ལ་མཚོན་ནའང་སྒྱུ་རྩལ་གྱི་ལོངས་སྤྱོད་ཁྱད་པར་བ་ཞིག་ཡིན་པར་གདོན་མི་ཟ།
«མཁུར་ཚོས་དམར་པོ»ཞེས་པ་ནི་བུ་མོ་སྤུན་གསུམ་གྱི་ཆེད་སྒྲིག་ཟེར་སྡེར་གསུམ་པ་ཡིན་ལ། ཁོ་མོ་ཚོའི་རེ་བ་ནི་རྒྱ་ཆེའི་གཟིགས་མོ་བ་དང་ཉན་པ་པོ་དག་གིས་ད་རེས་འགྲེམ་སྤེལ་བྱས་པའི་ཆེད་བསྒྲིགས་གསར་པ་འདི་ལ་རྒྱབ་སྐྱོར་དོ་སྣང་དང་རྟིང་སྐུལ་གྱི་ཞོར་དུ། བསམ་འཆར་ལྷུག་འདོན་བྱེད་རྒྱུ་དེ་ཡིན། ཚན་སྡེབ་འདིས་སྔ་ཕྱིར་ཁྲིན་ཏུའུ་དང་པེ་ཅིན། ཀོང་ཀྲིག ཟི་ལིང་། ལྷ་ས་སོགས་ནས་མིང་རྟགས་འགོད་པའི་ཕྱིར་འཚོང་གི་བྱ་འགུལ་སྤེལ་རྒྱུ་རེད།