བོད་ཀྱི་ཞི་ལུ་ཞིག་ལ་ཧྲང་ཧེ་ནས་བྱ་དགའ་ཐོབ།

ཨོ་རྒྱན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-28


        ཤེར་བྱམས་ཐེབས་ཚོགས་ནི་སྤྱི་ལོ༢༠༡༡ལོའི་ཟླ༢པར་ཧྲང་ཧེ་གྲོང་ཁྱེར་དམངས་སྲིད་ཁག་གིས་ཆོག་མཆན་འོག་བཙུགས་པའི་སྤྱི་བསྡུ་མིན་པའི་ཐེབས་རྩ་ཚོགས་པ་ཞིག་ཡིན་ལ། དེ་ཡང་གྲོས་འདོན་པ་དང་ལས་འཛིན་བཅུ་གཉིས་ཀྱིས་རྩ་འཛུགས་བྱས་ཏེ། དབུལ་སྐྱོར་དང་གནོད་སྐྱོབ། སློབ་སྐྱོར་སོགས་དམངས་ཕན་བྱ་བ་གཙོ་གཉེར་གྱི་སྡེ་ཁག་ཅིག་ཏུ་གྱུར། དེ་ནས་བཟུང་རྒྱལ་ནང་གི་ས་ཆ་སོ་སོ་ནས་དམངས་ཕན་གྱི་བྱ་བ་སྣ་ཚོགས་རྩ་འཛུགས་དང་དོན་གནས་ཀྱི་དཀའ་ཁག་མང་པོ་རིམ་གྱིས་སེལ་ནས་མི་ལོ་བདུན་ཙམ་འགོར་ཅིང་། ལོ་གསུམ་ཙམ་ནས་བཟུང་རྒྱལ་ནང་གི་མངོན་གསལ་ཚད་བརྒྱ་ཆ་བརྒྱ་ཡིན་པའི་བློས་ཐུབ་ཀྱི་ཐེབས་ཚོགས་ཤིག་ཏུའང་གྱུར། མི་ལོ་དེ་དག་གི་རིང་ལ་རྒྱལ་ཡོངས་ཀྱི་ས་ཁུལ་ཉེར་དྲུག་དང་སློབ་གྲྭ་ཆེ་འབྲིང་བརྒྱ་དང་བཅུ་དྲུག་གི་དབུལ་ཁྱིམ་སློབ་མ་སུམ་སྟོང་བཞི་བརྒྱ་སོ་གསུམ་དང་ལྷག་པར་བོད་ཁུལ་གྱི་དབུལ་ཁྱིམ་སློབ་མ་ཆིག་སྟོང་དྲུག་བརྒྱ་ལྷག་ལ་སློབ་དངུལ་རོགས་སྐྱོར་གྱིས་མཐོ་འབྲིང་ནས་སློབ་ཆེན་མཐར་ཕྱིན་པར་བྱས་ཤིང་། ཁོ་ཚོའི་སློབ་དངུལ་དང་འཚོ་དངུལ་གྱི་དཀའ་ཁག་སེལ་བར་མཛད་པ་རེད།
རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཕེབས་པའི་ཚོགས་ཞུགས་ཁེ་ལས་པ། 
ད་ལོའི་ཟླ༣ཚེས༢༥ཉིན་གྱི་ཕྱི་དྲོར། སྤྱི་ལོ༢༠༡༨ལོའི་འཚར་ལོང་དྲིན་གཟོའི་བསྡོམས་ཞུ་ཚོགས་འདུ་ཧྲང་ཧེ་གྲོང་ཁྱེར་གྱི་ཕུའུ་ཏོང་ཁུལ་ཧྭང་ཐིང་གླིང་དུ་ཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཡོངས་ས་ཆ་སོ་སོའི་ཁེ་ལས་དང་ཐེབས་ཚོགས་ཀྱི་ཚོགས་ཞུགས་མི་སྣ་བཞི་བརྒྱ་ཙམ་འདུས་པ་རེད། ཚོགས་འདུའི་སྟེང་འདས་སོང་ལ་ཕྱི་མིག་དང་མ་འོངས་པར་རྒྱང་ལྟའི་ཚུལ་དུ་བརྗོད་དོན་ཕུན་སུམ་ཚོགས་པའི་ལེ་ཚན་བཀོད་སྒྲིག་མཛད་ཡོད་ཅིང་། ལྷག་པར་དུ་མི་ལོ་དེ་དག་གི་རིང་ལ་རང་འདུན་བྱས་རྗེས་འབུར་ཐོན་ཅན་གྱི་མི་སྣ་གསུམ་ལ་གཟེངས་བསྟོད་བྱ་དགའ་ཕུལ་ཞིང་། དེ་ལས་སྐུ་ཞབས་ཆོས་བཞིན་ལགས་ལ་ལོ་བདུན་རིང་ཆེས་ཕུན་སུམ་ཚོགས་པའི་ལག་རྗེས་ཅན་གྱི་བྱ་དགའ་ཐོབ་པ་རེད།
སྐུ་ཞབས་ཆོས་བཞིན་ལགས་ལ་བྱ་དགའ་ཐོབ་པའི་ཡུལ་དངོས།

སྐུ་ཞབས་ཆོས་བཞིན་ལགས་ཀྱིས་མདོ་འཛིན་པའི་དྲི་བར་ལན་བསྐྱོན་བཞིན་པ།

སྐུ་ཞབས་ཆོས་བཞིན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

ཐེངས་འདིའི་བྱ་དགའ་ཐོབ་མཁན་གྱི་མི་སྣ་དག་གི་ལྷན་སྒྲོན་འདྲ་པར། 



        ཆོས་བཞིན་ལགས་ནི་ལོ་རབས་བརྒྱད་ཅུ་པར་ཁམས་བྲག་མགོ་རྫོང་ནས་སྐྱེས་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་སྨྱུག་ཐོགས་པ་ཞིག་ཡིན། སྤྱི་ལོ2004ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་ཐོན་བྱུང་ཞིང་། སྤྱི་ལོ2005ལོ་ནས་བོད་ཀྱི་རིག་གནས་སྲུང་སྤེལ་ཚོགས་པའི་དྲུང་ཡིག་ཆེན་མོ་དང་ཞུ་དག་པའི་འགན་ཁུར། སྔ་ཕྱིར་སྙན་ངག་དང་ལྷུག་རྩོམ་སོགས་ཀྱི་བརྩམས་ཆོས་བརྒྱ་ལྷག་བོད་ཁམས་ཀྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་ཏུ་བཀོད་ཡོད་པས་མ་ཚད། རྒྱུགས་གཞི་དྲིས་ལན་ཉིས་སྟོང་མ་དང་ཚན་རིག་སྐོར་གྱི་ཤེས་བྱ༼འགྱུར་དེབ༽སོགས་ཁྱོན་པོད་བཞི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་ཚན་རྩལ་དཔེ་སྐྲུན་ཁང་གཉིས་ནས་དཔེ་བསྐྲུན་འགྲེམ་སྤེལ་བྱས། སྤྱི་ལོ2012ལོར་དེང་རབས་བོད་ཀྱི་རྩོམ་པ་པོའི་ཁོངས་མིར་བདམས། ད་ལྟར་ཁམས་བྲག་མགོ་རྫོང་བོད་ཡིག་སློབ་འབྲིང་དུ་སྐལ་ལྡན་གདུལ་བྱ་སྐྱོང་བའི་བྱ་བའི་ཞོར་དུ་ཧྲང་ཧེ་ཤེར་བྱམས་རྐང་རྩ་ཚོགས་པའི་བོད་ཁུལ་གྱི་འགན་འཛིན་པ་དང་ལི་ཁོག་སློབ་དངུལ་རོགས་སྐྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་བྱ་བའི་འགན་གཅིག་ལྕོགས་སུ་བཞེས་བཞིན་ལགས་སོ། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1