མིག་ཆུ་རྡོག་ཅིག(ཞར་བཀོད་བཞི)

རྒན་གོང་ཨོ་རྒྱན་རྡོ་རྗེ། (ལྷོ་ཁ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


དཔལ་གྱི་ངང་ཚུལ། དཔལ་གྱི་ངང་ཚུལ།

བོད་རྒྱལ་ཁྲི་རལ་གྱི་བཙུན་མོ་སྙིང་ལ་རྗེ་བོ།

དུས་རབས་བརྒྱད་པ་ནས་རྡོག་ཐོན་བྱས་ཟིན་སྐད།

ཤུལ་དུ་ལུས་པའི་བཙན་ཐང་གཡུ་ཡི་ལྷ་ཁང་། ཡང་ན།

ཡར་ཀླུང་རྟེན་གསུམ་གནས་གསུམ་གྱི་ཡ་གྱལ།

གནའ་སྔ་མོཀ་ཁའིཡུལ་ན་རླུང་ལྟར་གྲགས་མོད།

ད་ལྟ་བཙན་ཐང་གི་ལྕང་གསེབ་ཏུ་གབ་ནས་འདུག

མཛོ་རྒན་གྱི་སྣ་ཁུག་ལ་འགྲན་པའི་རྡོ་ཁང་གྲུ་བཞི།

དེ་རིང་མི་ཚོགས་ཀྱིས་འཚང་ཁས་བཀས་ལ་ཉེ།

ཁང་ཆུང་ནང་གི་འཇིམ་བརྙན་སེར་བོ། ཡང་ན།

ཅི་ཞིག་གི་ཟློག་བཅོས་ལྟ་བུའི་ལྷ་སྐུའི་རུ་སྟར།

གློ་བུར་བའི་མི་ཚོགས་འདི་དག་ལ་ཧ་ལས་པ་མིན་ནམ།

ཐག་རིང་ནས་འཁྱེར་འོང་བའི་མི་ཚོགས་ཀྱི་དྲི་བར།

བཀའ་ལན་མི་གསུང་ཚོམ་མེ་ཚོམ་མེར་བཞུགས་འདུག

དེ་རིང་ཁོ་ན་འདུས་པའི་སྐྱེས་པ་རྒད་པོ། ཡང་ན།

བཙུན་པ་ཡིན་ཆོག་ལ་མིན་ཡང་ཆོག་པའི་སྐྱེ་བོ། ཡང་ན།

འཁོར་བའི་རླུང་ཁར་གཡོ་བའི་མི་པོ་སྐྱ་མིན་སེར་མིན།

ཅིའི་ཕྱིར་པུས་མོ་ཡོད་ཚད་གཤིབ་གཤིབ་ཏུ་རུབ་ཡོད།

ཅིའི་ཕྱིར་ཆོས་དབྱངས་ལྟ་བུའི་ངུ་སྒྲ་དེ་འདོན་གྱིན་ཡོད།

མདུན་ངོས་ཀྱི་ཅོག་ཙེ་ནར་མོ་སྒོར་མོས་ཁེངས་སོང་།

མག་མོག་གི་མིག་ཟུང་དེས་ཡང་ཡང་གཟིགས་རོགས།

གཡུ་ཡི་རྒྱ་ཕིབས་སྔ་ས་ནས་བརྐུས་སོང་ཟེར།

ང་རང་ལ་རྩ་བ་ནས་བརྐུ་རྒྱུ་མ་བྱུང་། དྲང་པོ་ཡིན།

གཡུ་ཡི་གྱང་རྩིག་སྔ་ས་ནས་བཤིག་སོང་ཟེར།

ང་རང་ལ་གཏན་ནས་བཤིག་རྒྱུ་མ་བྱུང་། ངོ་མ་ཡིན།

ཀ་བ་རླུང་བུས་འཁྱེར་བའི་ཀ་བརྟེན་བརྒྱད་པོ།

བཟོ་བརྐོས་མཛེས་ཀྱང་བདག་གི་ཁ་གནོན་མིན་པར་ཤོག

ལོ་རྒྱུས་ཀྱི་དཔེ་ཆ་རྙིང་ཧྲུལ་དུ་གྱུར་སོང་།

ད་ལྟ་རུལ་སུངས་ཀྱི་དྲི་མ་ཞིག་འཐུལ་གྱིན་འདུག

རྒད་པོའི་ངག་རྒྱུན་དགུན་རླུང་གིས་དེད་སོང་།

ད་ལྟ་བྲག་གསེབ་དང་རྡོ་གསེབ་ཏུ་འཁར་འདུག

གཡུ་ཡི་ལྷ་ཁང་། བཙན་ཐང་གཡུ་ཡི་ལྷ་ཁང་།

ཡང་ཡང་ལྡང་བའི་ལོ་ཟླའི་རླུང་ཆེན་གྱི་དཀྱིལ་ན།

ལྕང་གསེབ་ཏུ་འཁེན་པའི་དར་རས་ཚལ་བ་ཞིག

གཡུ་ཡི་ལྷ་ཁང་། བཙན་ཐང་གཡུ་ཡི་ལྷ་ཁང་།

ཡང་ཡང་འཁྲབ་པའི་སྐྱེ་བོའིཟློས་གརགྱི་བར་ན།

རྡོག་པས་བརྫིས་པའི་རྡོ་ཁང་ཆུང་ངུ་ཞིག

གཡུ་ཡི་ལྷ་ཁང་། བཙན་ཐང་གཡུ་ཡི་ལྷ་ཁང་།

ཡང་ཡང་ཟློས་པའི་འཇིག་རྟེན་ཆགས་འཇིག་གི་བར་ན།

སུ་ཞིག་གིས་བཞུར་བའི་མིག་ཆུ་རྡོག་ཅིག

དགུན་གཞུང་གི་མཚན་མོའི་ཐོལ་བྲིས།

མུན་ནག་གི་ཡོལ་བ་དབྲལ་མཁན་སུ་ཡིན།

ཕྱི་རོལ་གྱི་རླུང་བུ་མཚན་གང་ངུ་གྱིན་འདུག

ཐབ་ནང་གི་མེ་ལྕེ་སྣུབ་མཁན་སུ་ཡིན།

སྲམ་ལམ་གྱི་ཁྱི་མོ་ཁྱགས་ལ་ཤོར་གྱིན་འདུག

རྟ་རྔ་ལྟ་བུའི་བསམ་གཞིགས་སྔ་ས་ནས་གྲང་ཟིན།

བྱ་སྤུ་ལྟ་བུའི་རྣམ་ཤེས་སྔ་ས་ནས་འཕུར་ཟིན།

ད་དུང་དགུན་གཞུང་གིདགུལ་སྐྲག་གམ།

དེ་བས་ངུ་མ་དགོད་ཀྱི་གླུ་ཞིག་ལོངས་དང་།

སེམས་པ་དེ་ཚ་ལྷོག་ལྷོག་ཏུ་འགྱུར་འགྲོ།

རྒྱང་རིང་གི་རྨི་ལམ་རྐུ་མཁན་སུ་ཡིན།

རབ་རིབ་ཀྱི་ལོ་ཟླས་གང་སར་འཚོལ་གྱིན་འདུག

རྐང་ལམ་ཀྱོག་མོ་བཤིག་མཁན་སུ་ཡིན།

མག་མོག་གི་དྲན་པས་ཞིག་གསོ་བྱེད་ཀྱིན་འདུག

མིག་ཆུ་ལྟ་བུའི་གཏམ་རྒྱུད་སྔ་ས་ནས་བཤད་ཟིན།

མི་ཚེ་ལྟ་བུའི་འཕྲང་ལམ་སྔ་ས་ནས་སྒྲོལ་ཟིན།

ད་དུང་མྱ་ངམ་ཐང་རྒོད་ལ་སྐྲག་དགོས་སམ།

དེ་བས་ལྷ་འདྲེ་སྐྲག་པའི་ཀི་ཞིག་འཐེན་དང་།

ལུས་པོ་དེ་ལྷོད་ཤིག་ཤིག་ཏུ་འགྱུར་འགྲོ།

སྐྱུར་རྩིས་བསྐྱངས་པའི་རྒྱ་སེ་མེ་ཏོག

ཆང་ཕོར་དང་ཆང་ཕོར་གཏུགས་པའི་ཐིང་སྒྲ།

དབེན་འཇགས་ཀྱི་མཚན་མོར་ཤིན་ཏུ་སྙན།

ཞབས་དག་དང་ཞབས་དག་གི་བར་ན།

གཏམ་གླེང་གི་སྒོ་མོ་རིམ་བཞིན་ཕྱེ།

བརྒྱ་ལོར་གྱིས་གཏོད་པའི་ལྦུ་བ་སྐྱ་བོ། ཡང་ན།

སྦི་རག་གི་སྐྱུར་རྩིས་བསྐྱངས་པའི་རྒྱ་སེ་མེ་ཏོག

དགུན་གཞུང་གི་མཚན་མོར་ལྷག་པར་མཛེས།

གཏམ་གྱི་ཞགས་པ་ཕར་ལ་གཡུགས་ཟིན།

ལན་གྱི་ཨ་ལོང་ཚུར་ལ་བསྐོན་ཟིན།

དགུན་གཞུང་གི་མཚན་མོའི་རྒྱ་སེ་མེ་ཏོག

ཞགས་མདུད་ཀྱིས་དམ་པོར་བསྡམས་སྐད།

འོན་ཀྱང་དགུན་གཞུང་ནི་དགུན་གཞུང་སྟེ།

སྐྱུག་པ་ལན་གཅིག་གི་རྗེས་སུ་། ཡང་ན།

ཕྱི་རོལ་དུ་རླུང་བུ་ཆུང་ངུ་ཞིག་ལྡང་རྗེས།

ཁྱོད་ཚོའི་སྦི་རག་གི་འབབ་རྒྱུན་ཆད་སོང་།

ཁྱོད་ཚོའི་ཞགས་མདུད་ལྷུག་པོར་གྲོལ་སོང་།

ཁྱོད་ཚོའི་རྒྱ་སེ་ཁྱགས་ལ་ཤོར་སོང་།

གལ་ཏེ། བརྒྱ་ལོར་གྱིས་ཁུག་མ་ཁེངས་ན།

འབབ་རྒྱུན་ཆད་པའི་ཁྱོད་ཚོའི་སྦི་རག་སྐྱུར་མོ།

སླར་ཡང་ལྦུ་བ་སོག་སོག་ཏུ་འབབ་འོང་།

གལ་ཏེ། བཟི་མདངས་ཀྱིས་ད་དུང་བཟུང་ན།

ཁྱགས་ལ་ཤོར་བའི་ཁྱོད་ཚོའི་རྒྱ་སེ་མེ་ཏོག

སླར་ཡང་འདབ་མ་ལྷུག་ལྷུག་ཏུ་གྲོལ་ཆོག

གལ་ཏེ། ཕྱི་རོལ་དུ་རླུང་དམར་མ་ལྡང་ན།

ཞིག་ལ་ཉེ་བའི་ཁྱོད་ཚོའི་ཁྱིམ་གཞིས་ཕྲ་མོ།

སླར་ཡང་སོ་ཕག་རེ་འགས་བསྐྱོར་ཆོག

མེ་ལྕེ། ད་དུང་ཡང་འབར་འོང་།

སྔོ་བསངས་ཀྱི་ནམ་མཁར་ལྟ་དུས།

སྐར་ཚོགས་ཀྱི་འཛུམ་མདངས་ལྷུག་ཤིག་ཤིག

མུན་ནག་གི་རྒྱ་མཚོ་ལུད་པའི་མཚན་གཞུང་རིང་མོ།

ད་གཟོད་རེ་རེ་བཞིན་མགོ་སྟེང་ནས་ཕུད་ཟིན།

འདབ་རྒྱས་ཀྱི་ས་གཞིར་ཉན་དུས།

བྱིའུ་ཆུང་གི་གསུང་སྐད་སྙན་ལྷང་ལྷང་།

ངར་སེམས་ཀྱི་མེ་ཕུང་འབར་བའི་ལོ་ཟླ་དྲོན་མོ།

ད་གཟོད་རེ་རེ་བཞིན་རྒྱང་རིང་དུ་བཞུད་ཟིན།

རླུང་ཆེན་འཇགས་སོང་།

དྲག་ཆར་ཆད་སོང་།

འུར་སྒྲ་ཡོད་ཚད་ལྷིང་འཇགས་སུ་གྱུར་སོང་།

ལྷིང་འཇགས་ཀྱི་ནམ་ཟླ་འདི་ན།

ཆེས་འཇམ་པའི་མལ་དུ་གཉིད་ཆོག

ལྷོད་ཤིག་གེར།

ལྷིང་འཇགས་ཀྱི་ནམ་ཟླ་འདི་ན།

ཆེས་ཟིང་བའི་ཇ་ཁང་དུ་འཛུལ་ཆོག

འཛུམ་མུལ་ལེར།

འོན་ཀྱང་སྲིན་འབུ་མེ་ཁྱེར་གྱི་འོད་སྣང་ཕྲ་མོ།

རྨི་ལམ་ཁྲ་ཁྲས་སྲུང་བའིཚིག་རྡུམགྱི་མེ་ལྕེ།

ད་དུང་ཡང་སེམས་སྲུབས་ནས་འབར་འོང་།

ལྷབ་ལྷབ་ནས་ལྷབ་ལྷབ་ཏུ།

འོ་ན། མཚན་གཞུང་དང་ལོ་ཟླ་དེ་དག་གི་ནང་།

བདག་གིས་ཅི་ཞིག་བཞག་ཡོད་ཅེ་ན།

སྐྱོབ་ལྷ་འདྲ་ལ་གནོད་འདྲེ་ཡང་འདྲ་བའི་མིང་ཡ་མ་ཟུང་ཞིག

ལ་རྒྱ་འདྲ་ལ་ཀུ་ཅོ་ཡང་འདྲ་བའི་སྐད་སྒྲ་ར་མ་ལུག་ཅིག

ནམ་ཞིག་མིང་དེ་ཁྱེད་ཀྱི་སྤྱན་ལམ་དུ་

མི་རིག་པའི་ཚེ་ན།

ནམ་ཞིག་ཀུ་ཅོ་དེ་ཁྱེད་ཀྱི་རྣ་ལམ་དུ་

མི་ལྷུང་བའི་དུས་ན།

ཁྱེད་ཀྱིས་བདག་ལ།

ཡིག་དྲུག་གི་སྦྱིན་པ་ཞིག་ཅིས་ཀྱང་གཏོང་རོགས།

གམ་པ་ལ་རྩེའི་ཐོལ་བྲིས།

གམ་པ་ལ་མོའི་རྩེ་ཏོག་ནས་ལྟ་དུས།

དབྱར་སྒང་གི་ཡར་འབྲོག་ཤིན་ཏུ་ལྗང་།

ཡར་འབྲོག་གི་གནམ་ངོ་ཤིན་ཏུ་དྭངས།

མིག་འོག་གི་ཡར་འབྲོག་གཡུ་མཚོ།

གཡུ་འབྲུག་ས་ལ་འཁྱུག་པ་ཅིས་མ་ཡིན།

ཡུལ་ལུང་ལྗང་ལ་གནམ་ངོ་ཡངས།

གཡུ་མཚོ་ཕྱུག་མོ་སྔོ་ཞིང་དྭངས།

དབྱར་སྒང་འདིའི་ཡར་འབྲོག་གི་རི་ཀླུང་།

ཁོ་བོའི་ཡིད་ཀྱི་ལོག་མལ་དེ་མིན་ནམ།

ལག་ཟུང་གི་སྐེད་གཟེར་ཞིག་བྱེད་དུས།

མིག་རྒྱང་དེ་རྒྱང་རིང་དུ་ཤོར་ཟིན།

སྤྲིན་དཀར་ཕ་གིའི་འོག་ན་ཡོད་སྙམ་པའི།

སྤང་རྒྱན་མེ་ཏོག་གི་ཕ་ས། དོན་དུ།

ཡར་འབྲོག་དཀར་མ་གླིང་།

ཇི་ལྟར་བལྟས་ཀྱང་རིག་མི་འགྱུར།

ཇི་ལྟར་བཙལ་ཀྱང་རྙེད་མི་འགྱུར།

བལྟས་ཀྱང་མ་རིག་བཙལ་ཀྱང་མ་རྙེད་མོད།

བདག་གི་ཡིད་ཁམས་དོག་མོ་འདིས།

གནས་དེ་ཡང་ཤིན་ཏུ་ལྗང་བའི་བསམ་བཀོད་བྱས།

གནའ་སྔ་མོ་སྔ་མོ་ཞིག་ལ།

ཁ་སང་འདྲ་བའི་གནའ་སྔ་མོ་ཞིག་ལ།

དཀར་མ་གླིང་གི་ཁུགས་སོ་ན།

སྤང་རྒྱན་ཚོམ་བུའི་བར་གསེབ་ན།

རྨི་ལམ་ལྟ་བུའི་གཏམ་རྒྱུད་ཅིག་བོར་སོང་།

འགྲུལ་བཞུད་པའི་གཏམ་རྒྱུད་ཅིག

མཇུག་མ་འཁྱོངས་པའི་གཏམ་རྒྱུད་ཅིག

ཁ་རལ་བའི་གཏམ་རྒྱུད་ཅིག

བདག་གི་ཁུག་མ་རང་ནས་བོར་སོང་།

གཏམ་རྒྱུད་དེ་ད་ལྟ་སུ་ཞིག་གིས་རྙེད་ཡོད།

གཏམ་རྒྱུད་དེ་ད་ལྟ་སུ་ཞིག་གིས་སྦས་ཡོད།

གཏམ་རྒྱུད་དེ་ད་ལྟ་གང་དུ་བརྗོད་ཀྱིན་ཡོད།

གནའ་སྔ་མོ་ཞིག་ནས།

ཁ་སང་འདྲ་བའི་གནའ་སྔ་མོ་ཞིག་ནས།

བདག་གིས་ཁྱེད་ཅག་ཀུན་ལ་དྲིས་མོད།

ད་བར་སུས་ཀྱང་ལན་འདེབས་མཁན་མ་བྱུང་།

འོ་ན། མཚོ་སྟེང་དུ་འཕྱོ་བའི་སེར་བྱ་ཕོ་མོ།

མཚོ་ངོགས་ནས་གྲགས་པའི་རྫི་བོའི་གླུ་སྒྲ།

གཏམ་རྒྱུད་དེའི་མཇུག་སྐྱོང་མཁན་ཡིན་ནམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1