༄༅། །གནས་མཆོག་ཀཾ་པོ་གངས་ཀྱི་ར་བའམ་ཀཾ་པོ་གནས་ནང་།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 08-15



 རྡོ་རྗེ་ཕུན་ཚོགས་ཀྱིས་པར་བླངས།

               ཀཾ་པོ་གངས་ཀྱི་ར་བ་འདི་སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་རྫོང་དབྲ་ཁོག་ཤང་གི་ཁོངས་སུ་གཏོགས། དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་ལི་ཐང་རྫོང་ནས་རྒྱང་ཐག་སྤྱི་ལེ་82དང་། འདབ་པ་རྫོང་ཉི་སྟེང་གནམ་གྲུ་ཐང་ནས་རྒྱང་ཐག་སྤྱི་ལེ་112དང་། འབའ་པ་རྫོང་ནས་རྒྱང་ཐག་སྤྱི་ལེ་80ཡོད་པའི་མཐའ་མཚམས་འདྲེས་ནས་ཡོད། གནས་འདིའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4500ཡོད་པའི་ས་བབ་ཅུང་མཐོན་པོ་ཞིག་ཡིན། ཀརྨ་པ་དུས་གསུམ་མཁྱེན་པས་སྤྱི་ལོའི་དུས་རབས་བཅུ་གཉིས་པར་གནས་སྒོ་ཕྱེས་ནས་ད་ལྟའི་བར་ལོ་ངོ་848ཀྱི་ལོ་རྒྱུས་ལྡན་ཞིང་། དེའི་སྔོན་གསང་སྔགས་རྙིང་མའི་རྣལ་འབྱོར་པ་མང་པོ་དང་། དཔལ་རྒ་ལོ་དང་ཉག་རེ་སེ་བོ་སོགས་གྲུབ་ཆེན་མང་པོ་བཞུགས་པའི་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཧ་ཅང་ཆེའི་གནས་མཆོག་ཅིག་ཡིན། གནས་འདིའི་མིང་དངོས་ལ་ཀཾ་པོ་གངས་ཀྱི་ར་བ་ཟེར། ཀཾ་པོ་གནས་ནང་ནི་ཀཾ་པོ་གངས་ཀྱི་ར་བ་ལས་བསྡུས་པའི་མིང་ཡིན། དགེ་བསྙེན་ལྷ་རི་ཞེས་པ་ནི་བཤད་རྒྱུན་དང་དོན་གང་ཐད་མི་མཐུན་པའི་མ་དག་རྒྱུན་འབྱམས་སུ་བྱུང་བའི་མིང་ཞིག་ཡིན་པར་སྙམ།

              གནས་མཆོག་ཀཾ་པོ་གངས་ཀྱི་ར་བ་འདི་གནས་ཆེན་ཉེར་བཞིའི་ནང་ཚན་ཀཱ་མ་རུ་པའི་གནས་ཡིན་ལ། གནས་འདིའི་རི་བྲག་ནགས་ཚལ་ཐམས་ཅད་གཞི་ལམ་འབྲས་གསུམ་གྱི་བདེ་སྟོང་དབྱེར་མེད་ཀྱི་རྟགས་སུ་མཚོན་ཡོད་པས་བོད་སྐད་དུ་འདོད་པའི་གཟུགས་ཞེས་བྱ་བ་ཡིན། ཀཱ་མ་རུ་པའི་མིང་ཡིག་དང་པོ་ཀཱ་ལ་ཐིག་ལེས་བརྒྱན་པའི་ཀཾ་ཞེས་ཡི་གེ་རང་བྱོན་ཅན་གནས་འདིའི་ལྟེ་བ་ཕ་བོང་ཆེན་པོ་ཞིག་ལ་གསལ་བ་ཡོད་པས་ཀཾ་པོ་གནས་ཞེས་གྲགས་པ་མ་ཟད། མདོ་ཕལ་པོ་ཆེ་ལས། ཡུལ་ཀཾ་པོ་ཙ་ཞེས་པ་འདི་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་གྱི་གནས་ཡིན་ཞིང་། གནས་བདག་རྡོ་རྗེ་དཔལ་བརྩེགས་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་སྟོང་རྩ་གཉིས། ཚེའང་བསྐལ་པ་གཅིག་ཐུབ་པ་ཡིན་པ་སོགས་ལུང་དོན་ལྟར། ཀཾ་ཕུ་བརྒྱད་ཅེས་ལུང་པ་བརྒྱད་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཚུལ་དུ་ཡོད། གཡས་གཡོན་དབུས་གསུམ་གྱི་ལུང་པ་གསུམ་ནི་རྩ་དབུ་རྐྱང་རོ་གསུམ་ཚུལ་དུ་ཡོད་ཅིང་རི་བྲག་དང་བྱེ་མ་རྡོ་རིགས་སོགས་མདོག་དམར་པོ། དཀར་པོ། སྔོན་པོ་སོགས་ཀྱི་མདངས་སུ་མངོན་པ་དང་། གནས་ཀྱི་ཕ་ཁར་གནས་སྲུང་རྒྱལ་ཆེན་སྡེ་བཞི་བྲག་རིའི་ཚུལ་དུ་ཡོད་པ། འཇིག་རྟེན་སྐྱོང་བ་བཞིས་གནས་ལ་མཎྜལ་ཕུལ་བའི་ཚུལ་དང་། སྤང་ལྗོངས་ཐོག་ཏུ་ནགས་ཚལ་ཚོམ་བུ་བཀོད་པའི་རྣམ་པ་དང་། དཔལ་འཁོར་ལོ་སྡོམ་པའི་སྐུའི་རྣམ་པ་ལ། གཡས་གཡོན་གྱི་རི་གཉིས་ཞབས་གཡས་བརྐྱང་གཡོན་སྐུམ་གྱི་ཚུལ་དང་། སྟག་ལྤགས་ཐང་ཟེར་པ་འདི་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ་སོགས་ཀྱི་རྣམ་པ་ཡོད། དེར་བརྟེན་གནས་འདི་འཁོར་ལོ་བདེ་མཆོག་གི་གནས་སུ་གྲགས། གངས་རི་ཆེ་བ་ཞིག་དང་འཁོར་གྱི་ལྷ་རྣམས་གངས་རི་ཆུང་ངུ་མང་པོ་ཕྲེང་བསྒྲིགས་ལ།གནས་དང་ཡུལ་ཐམས་ཅད་གསང་སྔགས་ཀྱི་ཕོ་བྲང་དུ་ཆགས། གནས་འདི་བསྐོར་བའི་ཁྱད་པར་གྱི་དུས་ནི། རྟ་ལོ་ནམ་ཤར་དུ་ཕྱོགས་བཅུའི་རྩ་བ་གསུམ་པོའི་དཀྱིལ་འཁོར་གནས་མཆོག་འདིར་འདུ་བ་ཡིན་ཅིང་། དེ་ལས་ཀྱང་རྟ་ལོའི་སྤྲེལ་གྱི་ཟླ་བ་དང་། ལོ་བསྟར་དུའང་སྤྲེལ་ཟླ་ནམ་བྱུང་ལ་བསྐོར་ན་བྱིན་རླབས་ལྷག་པར་ཆེ་བ་གསུངས་པས་རྟ་ལོ་ནམ་ཤར་གནས་འདིའི་གནས་འདུས་ཡིན། གནས་སྐོར་ལ་མཐའ་བསྐོར་དང་། བར་བསྐོར། རྩེ་བསྐོར། སྟེང་བསྐོར་བཅས་གནས་རི་གཞན་དང་འདྲ་བ་བསྐོར་སྲོལ་ཡོད།

              གནས་ནང་དུ་ད་ལྟའི་བར་དུ་གནས་སྒོ་གྲྭ་ཚང་ཞེས་པའི་དགོན་པ་ཡོད་ལ། དགོན་པ་ནས་ཡར་འགྲོ་བའི་གནས་ཀྱི་ཕུར་ཀཾ་ཕུག་དགོནདང་། གནས་ཕུ་དགོན། གེ་སར་ལྷ་ཁང་། མཚོ་སྔོན་ནོར་བུ་གླིང་། ཤུགས་བཀྲ་ས་སྐྱ་དགོན་སོགས་དགོན་སྡེ་མང་པོ་ཡོད་མྱངས། དེའང་གེ་སར་ལྷ་ཁང་དུ་གླིང་གེ་སར་གྱི་དཔལ་བརྟུལ་མང་པོའི་གོ་ཁྲབ་དང་མདའ་གྲི་མདུང་སོགས་མཚོན་ཆ། རྒྱལ་ཚ་ཞལ་དཀར་གྱི་གྲི་ཡ་ཟི་སྐར་ཕྲན། གེ་སར་གྱི་འབུམ་ཟེར་བའི་དཔེ་ཆ་སོགས་མཇལ་རྒྱུ་ཡོད་པ་མ་ཟད། ད་དུང་གནས་ནང་དང་གནས་འདིའི་ཉེ་སྐོར་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་འཇང་གླིང་གཡུལ་འགྱེད་ལས་བྱུང་བའི་གཏམ་རྒྱུད་དང་མཐུན་པའི་ཤུལ་རྗེས་མང་པོ་ཡོད་པར་གྲགས། སྟག་ལྤགས་ཐང་མགོ་ནས་ཆུ་གྱེད་དེད་དུ་འགྲོ་བའི་དྲེལ་རྒྱུགས་ཐང་དུ་མ་སླེབས་ཙམ་གྱི་རི་གདོང་མཚམས་སུ། གཡས་གཡོན་རྡོ་རྩིག་ཞིག་རལ། བར་དུ་གཤར་ལམ་དོད་པ་ཞིག་འདུག དེ་ནི་གནས་ཀྱི་ནང་སྒོ་ཆེན་པོ་རེད་ཟེར་སྲོལ་ཡོད་ལ། སྔོན་དེ་ལ་ཤིང་སྒོ་རུ་བཞི་ཅན་དང་། རྒྱ་བོད་སོག་གསུམ་གྱི་ཡི་གེ་གསེར་རིས་ཅན་གྱི་སྒོ་བྱང་ཡོད་པར་གྲགས།

              ཡང་གནས་བདག་འཁྲུལ་མེད་ནི་དཔལ་ལྡན་དུས་གསུམ་མཁྱེན་པ་ཡིན་ཏེ་མཉམ་མེད་དྭགས་པོ་རིན་པོ་ཆེའི་སློབ་མ་ནམ་མཁའི་སྐར་ཚོགས་ཙམ་གྱི་ནང་དུ་ཁོང་ལ་བཀའ་བརྒྱུད་ཀྱི་བསྟན་པ་གཏད་པར་མཛད་ནས་ཁྱོད་ཀྱིས་སྒྲུབ་པ་ཁམས་ཀྱི་ཀཾ་པོ་གངས་ར་ཡིས། འགྲོ་དོན་དབུས་གཙང་ཁམས་གསུམ་ཁྱབ་པ་འོང་ཞེས་ལུང་བསྟན་པ་ལྟར། ཀརྨ་པ་དུས་གསུམ་མཁྱེན་པ་དགུང་ལོ་ལྔ་བཅུ་རྩ་ལྔ་ལ་ཀཾ་པོ་གནས་ནང་དུ་ཕེབས་ཏེ་གནས་སྒོ་ཕྱེས། རྗེ་ཉིད་མནལ་ལམ་འོད་གསལ་ཉིན་མཚན་འཁོར་ཡུག་རྒྱུན་ཆད་མེད་པ་བྱུང་། སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས་སྐུའི་གདན་ས་དང་པོ་འདི་ཕྱག་བཏབ། ཀརྨ་པཀྵྀས་གཙུག་ལག་ཁང་དང་དགོན་སྡེ་རྒྱ་བསྐྱེད་དུ་བཏང་བ་དང་། མར་མེ་མཛད་ཀྱི་སྐུ་བཞེངས། རྗེ་ཉིད་རྟ་མགྲིན་ཕུག་འདིར་རྟ་མཆོག་གི་སྒྲུབ་པ་མཛད། བགེགས་དང་བར་ཆད་ཐམས་ཅད་བསལ། རྟེན་དང་བརྟེན་པ་བཅས་པར་རབ་གནས་མཛད། རྒྱལ་སྲས་སྤོམ་བྲག་པ་སྨར་ཁམས་སུ་སྐུ་གཤེགས་སྟེ་གདུང་སྦྱངས་བའི་ཚེ། འཇའ་དང། འོད་དང་། ས་གཡོ་བ་དང་། འུར་འུར་གྱི་སྒྲ་ཆེན་པོའི་ནང་ན་ལྷའི་སིལ་སྙན་གྱི་སྒྲ་བརྗོད་ཀྱིས་མི་ལང་བ་བྱུང་། ཐུགས་ལྗགས་སྦྲེལ་མ་དང། སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་ལ་སོགས་པ་ཡ་མཚན་རྨད་དུ་བྱུང་བའི་ལྟས་དུ་མས་སྐྱེ་དགུ་ཐམས་ཅད་ངོ་མཚར་གྱི་དགའ་སྟོན་དང་ལྡན་པར་མཛད་དེ་གདུང་འབུལ་མཆོད་རྟེན་གནས་སྒོ་དགོན་དུ་བཞེངས། གདུང་བཞུགས་ད་ལྟའི་བར་དུ་དེར་ཡོད། 

             མཁྱེན་རྐང་མཆོག་གསུམ་གྱི་ཡ་གྱལ་མཆོག་གྱུར་བདེ་ཆེན་གླིང་པའི་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། བོད་ཀྱི་མདོ་ཁམས་པུ་འབོར་ཞེས་བྱ་རུ༔ བཀྲ་ཤིས་ཞེས་བྱ་བྲག་རི་མེ་འབར་འདྲ༔ དབུས་སུ་ཨོ་རྒྱན་བདག་གི་སྒྲུབ་ཕུག་དང༔ ཤར་གྱི་རི་བོ་གངས་ལ་སྤྱན་རས་གཟིགས༔ ལྷོ་ཡི་སྤེ་ནེ་རི་ལ་རྟ་ཕག་དང༔ ནུབ་ཀྱི་བྲག་དམར་རི་ལ་ཆེ་མཆོག་དང༔ བྱང་གི་དྷིས་ཀྱི་བྲག་ལ་ཕུར་པའི་སྐུ༔ དབུས་ཀྱི་བྲག་ལ་བཅུ་གཅིག་ཞལ་རང་བྱོན༔ དེ་རྣམས་ཀུན་གྱི་སྔགས་བྱང་ཡང་བྱང་བཞུགས༔ ཞེས་པ་ལྟར། འདི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ། པད་འབྱུང་གི་སྒྲུབ་ཕུག་སོགས་སྒོམ་ཆེན་གྲུབ་ཐོབ་བཞུགས་པའི་ཕ་ཝང་དཀར་ལེབ་སོགས་སྒྲུབ་ཕུག་ཆེ་ཆུང་སྣ་ཚོགས་དང་། དུང་དཀར་ཐང་དུ་ཀརྨ་པ་རང་བྱུང་རྡོ་རྗེས་ཆོས་དུང་གཏེར་ནས་བཞེས་པ་སོགས་གཏེར་ཤུལ་ཁྱད་མཚར། གླིང་གེ་སར་གྱིས་རལ་གྲིས་གཏུབས་པའི་ཕ་ཝང་དང་མདའ་འཕངས་པའི་སར་གེ་སར་མདའ་ར་ཞེས་པ། བྲག་ངོས་དང་རྡོ་སོགས་ལ་ཨོཾ་ཡིག་སོགས་ཡི་གེ་དང་། དཀྱིལ་འཁོར། རྗེ་བཙུན་བྱམས་པ། སངས་རྒྱས་སྨན་ལྷ། ཀརྨ་པ་རང་བྱུང་རྡོ་རྗེ། རྗེ་བཙུན་མི་ལ་དང་རས་ཆུང་སོགས་ཀྱི་སྐུ་རང་བྱོན་མངོན་སུམ་གསལ་ཐོན། རྡོ་རྗེ་རྣལ་འབྱོར་མའི་སྐུའི་དབྱིབས་དང་བྷ་ག་ན་སིནྡྷུ་ར་འབབ་པ། བདུད་རྩི་སྨན་གྱི་ཆུ་མིག་སོགས་གྲུབ་རྗེས་མང་པོ། ཀརྨ་པ་ཆོས་གྲགས་རྒྱ་མཚོ་སོགས་ཀྱི་གཟིགས་སྣང་ལ་ནོར་བུའི་གླིང་། མཁའ་འགྲོའི་གླིང། པད་མ་གླིང་། བྱ་རྒོད་གླིང་ལ་སོགས་རྣམ་ཐར་སྟོན་པའི་གནས། དཔལ་ལྡན་ལྷ་མོའི་དྲེལ་རྒྱུག་ཐང་། རྡོ་རྗེ་དཔལ་བརྩེགས་ཀྱི་གོང་དུ་སྔོན་ཉག་རེ་སེ་བོའི་རྫུ་འཕྲུལ་གྱིས་གངས་ཐམས་ཅད་བཞུ་སྐབས་དགེ་བསྙེན་ཆེན་པོས་འདུད་ཅིང་དམ་ལ་བཏགས་པའི་གནས་དང་ཕ་ཝང་ལ་ཞབས་རྗེས་སོགས་ལྟ་བས་ཆོག་མི་ཤེས་པ་མང་པོ་གནས་ཡིག་ནང་འཁོད་པ་ལྟར་ཡོད། 


   

                འབྲེལ་ཡོད་རྣམ་ཐར་དང་ལོ་རྒྱུས་ལས་བྱུང་བར་བལྟས་ན། གནས་ནང་གི་གཙུག་ལག་ཁང་འདི་དུས་མཁྱེན་གཤེགས་རྗེས་དབྲ་དགེ་ཆོས་བརྩོན་གྱིས་ཡུན་རིང་བསྐྱངས་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་ཡུལ་དུ་ཕེབས་སྐབས། དབྲ་དགེ་ཆོས་བརྩོན་གྱིས་འབུལ་ནོད་དང་དགོན་གནས་ལ་བདག་རྐྱེན་ཞུས་པས་ལྷ་ཁང་འདི་རྣམས་རྩིས་བཞེས་མཛད་དེ། དེ་ནས་བརྩམས་དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་དུ་གྱུར་རྗེས་སུ་མཚན་ཉིད་ཀྱི་བཤད་གྲྭ་དང་རིགས་གཏེར་རྩ་འགྲེལ་ལ་འཆད་ཉན་ཤིན་ཏུ་དར་ཞིང་བཀའ་བཞི་པ་རིག་པའི་སེང་གེ་སོགས་ཀྱིས་གདན་ས་འདིར་རིགས་གཏེར་ལ་སྦྱོང་པ་མཛད། དེ་དག་དགོན་གསར་སྟག་དེལ་གོང་འོག་ཐང་འབོལ་ཕན་ཚུན་སོགས་དཔལ་ལྡན་ས་སྐྱའི་མདོ་ལུགས་ཀྱི་བཤད་པ་སྔགས་ལུགས་ཡི་དམ་ཆོས་སྐྱོང་དཀྱིལ་འཁོར་གྱི་ཕྱག་བཞེངས་བཅས་དར་རྒྱས་བྱུང་བ་དང་། སླར་ཡང་དགེ་སློང་ཆོས་ཀྱི་དབང་ཕྱུག་གིས་ལྷ་ཆེན་བྱིན་རླབས་དཔལ་འབར་བཞེངས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་བསྐྱར་གསོ་མཛད་པ། གཞན་ཡང་དགོན་སྡེ་མང་པོ་དར་གུད་སྣ་ཚོགས་རྐྱེན་གྱིས་ཕྱིས་སུ་མེད་པར་གྱུར་བ་འདྲ། སྔོན་རྗེས་སུ་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་ཁམས་ཀྱི་ཀཿཐོག་དགོན་པ་ཕྱག་འདེབས་པ་པོ་ཀཿདམ་པ་བདེ་གཤེགས་ཀྱིས་རྗེ་དུས་གསུམ་མཁྱེན་པ་གནས་འདིར་མཇལ་ཏེ། འཁོར་ལོ་བདེ་མཆོག་གི་དབང་བསྐུར་དང་གདམས་པ་མང་པོ་ཞུས་ནས་ཡུན་རིང་བཞུགས་མྱོང་བ་དང་། ཡང་འགྲོ་མགོན་རས་ཆེན་བསོད་ནམས་གྲགས་པ་འགོང་སྨད་ནས་ཡར་གནས་ནང་དུ་བྱོན་པའི་ཚེ། དགེ་བསྙེན་རྡོ་རྗེ་དཔལ་བརྩེགས་རྟ་པ་མང་པོའི་ཚོགས་ཀྱིས་བསུ་བ་བྱས། གནས་ནང་དུ་དུས་མཁྱེན་དང་མཇལ་བས་ཁྱོད་སྔགས་ཆུང་ཤེས་རབ་ཅན་ཞིག་འདུག ངའི་སློབ་མ་འབལ་ཚ་སྟག་དེལ་བ་དང་ལྡེ་ཆུང་སངས་རྒྱས་ལ་སོགས་པ་ཡོད་ཁྱེད་རང་ཡང་དེ་རྣམས་ཀྱི་རྩར་སོང་གསུང་སྟེ་བྱོན་ནས། ནུས་པ་འགྲན་པས་སློབ་མ་ལ་ཡོན་ཏན་འདི་ལྟ་བུ་ཡོད་པ་ལ། བླ་མ་ལ་ནི་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དད་པ་རང་དབང་མེད་པ་སྐྱེས། དུས་མཁྱེན་ཡབ་སྲས་ཀྱི་ཉམས་རྟོགས་ཡོན་ཏན་གྱིས་ཐུགས་ཡིད་འཕྲོག་སྟེ་རྗེས་སུ་བཟུང་། གདམས་ངག་མང་པོ་ཞུས་ཤིང་གདུལ་བྱ་དང་སྐུ་བསོད་རྒྱས་པར་ལུང་བསྟན། ཡང་དཔལ་ཀརྨ་པ་ན་རིམ་གཉིས་པ་ཀརྨ་པཀྵྀ། ཀཾ་པོ་གནས་ནང་དུ་བྱོན་པའི་ཚེ། འཇའ་ཚོན་ལྟ་བུའི་གཞལ་ཡས་ཁང་དུ་བདེ་མཆོག་གི་ལྷ་ཚོགས་དང་། དགེ་བསྙེན་དཔལ་བརྩེགས་ཀྱིས་རིན་པོ་ཆེའི་ཁྲི་བརྩིགས་ནས་ཁྱེད་འདིར་བཞུགས་ཟེར་བ་རྨིས་པ་གདན་ས་གསར་རྙིང་གཉིས་ཟུག་པའི་བརྡར་འདུག་གསུངས། གནས་ནང་ནས་འཆར་སློང་ནས་སྒོམ་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་སྐུའི་བཀོད་པ་ཐམས་ཅད་ཞག་བདུན་གྱི་བར་དུ་གསལ་བར་གཟིགས་པ་བྱུང་བ། དེ་ནས་སྤུངས་རི་ལ་འབྱོན་པའི་ཚེ། གནས་ནང་ལུང་པའི་གཡས་ཕྱོགས་དཔའ་བོའི་དཀྱིལ་འཁོར།གཡོན་ཕྱོགས་དཔའ་མོའི་དཀྱིལ་འཁོར་རྣམས་གར་ཁྱུག་ཁྱུག་བྱེད་ཅིང་བསྐྱེལ་བར་གཟིགས། ཡང་ཀརྨ་པ་རང་བྱུང་རྡོ་རྗེ། ཀཾ་པོ་གནས་ནང་དུ་བྱོན་པའི་ཚེ་དགེ་བསྙེན་རྡོ་རྗེ་དཔལ་བརྩེགས་དེ་རྟ་དཀར་རྔོག་དམར་ཞོན་ཞིང་དར་མདུང་ཐོགས་ནས་དགའ་བཞིན་དུ་བསུ་བ་བྱེད་པ་གཟིགས།ཤར་ཀོལ་ཏེའི་འཁྲུག་ཆེན་སུས་ཀྱང་མ་བཟླུམ་པར་ཡུན་རིང་བ་དེ་ལྷ་འདྲེ་འཁྲུགས་པར་མཁྱེན་ནས་ཏིང་ངེ་འཛིན་གྱིས་ལྷ་འདྲེ་རྣམས་བཀུག་སྟེ་ཟིལ་གྱིས་མནན་པས་བཀའ་བསྒྲུབ་པར་དམ་བཅས་ཏེ་དེ་ཉིད་དུ་རང་ཞིར་སོང་བ། ཡང་དཔལ་ཀརྨ་པ་ན་རིམ་བདུན་པ་ཆོས་གྲགས་རྒྱ་མཚོ་གདན་ས་གནས་སྒོའི་ཀ་ཀ་རི་ཕུག་ཏུ་ཕེབས། མཁན་ནང་དགེ་འདུན་གྱིས་བསུ་ཚེ་ངོ་མཚར་གྱི་ལྟས་དང་གཟིགས་སྣང་མང་དུ་བྱུང་། གྲུབ་ཆེན་པཀྵྀའི་སྒྲུབ་གནས་རྣམས་སུ་ཕེབས། གྲུབ་ཐོབ་ཆེན་པོའི་སྐུ་འདྲ་གསུང་བྱོན་མ་སོགས་ལ་མཆོད་པ་ཆེར་མཛད། ཕྱག་ནས་མང་དུ་ཟུག ཆོས་འབྱུང་སྟེང་གི་ཕ་ཝང་ཞིག་ལ་ཞབས་རྗེས་དྲུག རྒ་ལོ་ཕུག་ཏུ་ཞབས་རྗེས་དྲུག་རྣམས་བཞག ཆོས་ཁྲི་སར་ཀུན་གྱིས་མཐོང་བར་ཞབས་གཉིས་ཀའི་རྗེས་ཤིན་ཏུ་གསལ་བར་བཞག རྟོགས་ལྡན་ཆོས་འབུམ་ལ་རྒ་ལོ་ཕུག་གི་ལམ་དུ་ཆིབས་པ་ལྷུན་གྲུབ་ཀྱི་ཞབས་རྗེས་ཡོད་ཟེར་བ་རྨིས་པས་ནམ་ལངས་པ་ན་ཕྱིན་ཏེ་ཉུལ་བས་གསལ་པོར་མཇལ། ཡང་དཔལ་ཀརྨ་པ་ན་རིམ་བརྒྱད་པ་རྗེ་བཙུན་མི་བསྐྱོད་རྡོ་རྗེ་ཀཾ་པོ་གངས་རར་ཕེབས། ཀ་ཀ་རི་ཕུག འཇའ་ཚོན་གླིང་། ཆོས་འབྱུང་གོང་འོག་རྣམས་སུ་ཞབས་རྗེས་རེ་གནང་སྟེ་བྱོན་པ། ཡང་གོང་མའི་དབུ་བླ་ལྕང་སྐྱ་རོལ་པའི་རྡོ་རྗེ་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཁམས་མགར་ཐར་ནས་ལྷ་ལྡན་དུ་བསུར་ཕེབས་སྐབས་གནས་འདིར་ཕེབས་ཏེ་ཆོས་འབྲེལ་མཛད། ཡང་རྗེ་བརྒྱད་པའི་རིགས་ཀྱི་བདག་པོ་འདན་མ་གྲུབ་ཆེན་སངས་རྒྱས་མཉན་པ་ཀཾ་པོ་གནས་ནང་དུ་བྱོན་ཏེ། མེ་མ་བུས། གཡོས་པའི་ཟས་མ་གསོལ་བར་རླུང་དང་རིག་པའི་བཅུད་ལེན་ཁོ་ན་ལོ་གསུམ་བཞུགས། གཞན་ཡང་ཞྭ་དམར་དཀོན་མཆོག་ཡན་ལག་དང་། གོ་ཤྲཱི་གྲགས་པ་དོན་གྲུབ། སི་ཏུ་ཆོས་ཀྱི་རྒྱལ་མཚན། གར་དབང་དྲུག་པ། སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀཾ་པོ་གནས་ནང་དུ་ཕེབས་ཏེ་དགོན་སྡེ་ཞིག་གསོ་དང་། སྐུ་མཚམས་བཞུགས་པ། དད་ལྡན་རྣམས་ལ་ཆོས་ཁྲིད་དང་། རབ་བྱུང་དང་བསྙེན་རྫོགས་མཛད། ཤཱཀྱའི་དགེ་སློང་སྤོང་བ་པ་ཆོས་ཀྱི་དབང་ཕྱུག་གིས་གནས་མཆོག་དེ་ཉིད་ཀྱི་གནས་ཡིག་རྒྱས་པ་བཀོད་པ་སོགས་ལོ་རྒྱུས་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་དང་བསྟུན་པའི་རྣམ་བཤད་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་མཐོང་ཐོས་དྲན་རེག་ཐམས་ཅད་གྲོལ་བ་བཞི་ལྡན་གྱི་གནས་མཆོག་ཁྱད་དུ་འཕགས་པར་ཆགས་སོ། །

              དེ་ལྟར་གནས་མཆོག་འདི་ནི་གོང་ཞུས་ཀྱི་ཐུན་མིན་རྣལ་འབྱོར་པ་དང་། འཕགས་པ་ཆེན་པོ་རྣམས་ཀྱི་གཟིགས་ངོ་ཇི་ལྟར་ཡོད་པ་ཙམ་མ་ཡིན་པ། ཐུན་མོང་གི་སྣང་ངོ་ལའང་། མཐོ་ཞིང་བརྗིད་པའི་གངས་རིའི་ཕྲེང་བ། སྐར་ཚོགས་བཀྲམ་འདྲའི་མཚེའུ་དང་ཆུ་མིག མ་སླེབས་མྱོང་མེད་བྲག་དང་བྲག་ཕུག ཁེངས་པས་རྒྱགས་པའི་རི་སྐྱེས་སྲོག་ཆགས། དྲི་བཟང་ཁྱབ་པའི་ལྗོན་ཤིང་ནེའུ་གསིང། མངོན་སུམ་གསལ་བའི་རང་བྱོན་ཤུལ་རྗེས། ལོ་རྒྱུས་ཡུན་རིང་ལྡན་པའི་སྒྲུབ་ཕུག་སོགས་ཐུན་མོང་མ་ཡིན་པའི་རང་བྱུང་ཁམས་ཆེན་པོས་གནས་འདིར་མཛེས་སྡུག་གི་ཁོར་ཡུག ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་དང་ལི་ཐང་རྫོང་གཉིས་ཀྱི་སྲིད་གཞུང་གིས་གནས་མཆོག་འདི་ཡུལ་སྐོར་གྱི་སྤྱིའི་འཆར་འགོད་ལེགས་སུ་གཏོང་བཞིན་པ་དང་། ཡུལ་སྐོར་གྱི་ཐོན་ཁུངས་གསར་གཏོད་དང་དྲིལ་བསྒྲགས། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་བཞིན་པའི་སྐབས་སུ། སྔར་ལས་ལྷག་པའི་སྒོ་ནས་འགོ་མཇུག་ཡོད་པའི་འཛུགས་སྐྲུན་དང། ཚན་རིག་གི་སྒོ་ནས་བདག་གཉེར་བྱེད་དགོས་པའི་ཀཾ་པོ་གངས་རའི་ཡུལ་སྐོར་ཁུལ་གྱི་སྤྱིའི་འཆར་འགོད་ཅེས་བྱ་བ་གཏན་འབེབས་དང་ལག་བསྟར་བྱ་བ་ནི་གལ་ཆེའི་ཆེ་བ་ཞིག་ཡིན་པར་སྙམ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1