ཕ་རྒན།

རྡོ་རིང་།( མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


        ངའི་ཕ་རྒན་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་མ་མྱོང་ནའང་། སྔགས་ཁྱིམ་ཞིག་ནས་སྐྱེས་པའི་ཁོ་ནི་སྔགས་ཁྱིམ་གྱི་སློབ་གསོ་ལ་བརྟེན་ནས་ནར་སོན་པས། བོད་ཡིག་གི་ཆུ་ཚད་རབ་ཅིག་ཡོད་ལ། དབུ་ཅན་དང་དབུ་མེད་གང་ཞིག་བྲིས་ན་ཡང་ཡིག་གཟུགས་ཤིན་ཏུ་ལེགས་པར་མ་ཟད། དཔེ་ཆའི་ལྟ་རྒྱ་དང་དོན་གྱི་གོ་བ་སོགས་གང་གི་ཆ་ནས་ཀྱང་ཆུ་ཚད་རབ་ཅིག་ཡོད་པས། ང་སློབ་ཆེན་མཐར་ཕྱིན་དུས་ཀྱང་ཁོང་གིས་ངའི་སྐད་ཡིག་ཆུ་ཚད་དང་རྩོམ་རྒྱག་པའི་ནུས་པ་ལ་འགྲན་ཡང་ཡང་སློང་བ་ཡིན།
        ངའི་ཕ་རྒན་ལ་སྔགས་པའི་དཔེ་ཆ་སྣ་རིང་སྣ་ཐུང་མང་བོ་ཞིག་ཡོད། དཔེ་ཆ་དེ་དག་ནི་ཨ་མྱེས་ཀྱིས་རིག་གསར་སྐབས་སུ་སྦས་སྐུང་བྱས་ཏེ་ཐར་བའི་གནའ་དཔེ་འབའ་ཞིག་ཡིན་པ་དང་། ངའི་ཨ་ཕར་ཆོས་དཔེ་ལས་གཞན་བཅིངས་འགྲོལ་བྱས་རྗེས་ལྕགས་པར་དུ་བཏབ་པའི་བོད་ཀྱི་མཁས་པའི་རྣམ་ཐར་དང་ཆོས་འབྱུང་ལོ་རྒྱུས། སྐྱེས་རབས་གཏམ་རྒྱུད་སོགས་ཀྱང་མང་བོ་ཞིག་ཡོད། སྔགས་པའི་དཔེ་ཆ་དེ་དག་ནི་མང་ཆེ་བ་དབུ་མེད་ཡིན་ལ། དབུ་མེད་ཀྱི་ནང་དུ་སྐུང་ཡིག་ཀྱང་མང་བོ་ཞིག་ཡོད་པས། དབུ་མེད་འབྲི་ཀློག་གི་ཆུ་ཚད་རབ་ཅིག་མེད་ན་དཔེ་ཆ་དེ་དག་ཐོགས་རྡུགས་མེད་པར་ཀློག་མིི་ཐུབ།
        ང་དམའ་འབྲིང་དུ་ཞུགས་དུས་ཨ་ཕས་ཁོང་གི་དཔེ་ཆའི་གྲས་ཀྱི་དགེ་བཤེས་ཆོས་ཀྱི་གྲགས་པས་མཛད་པའི་བརྡ་དག་མིང་ཚིག་གསལ་བ་ཞེས་པའི་དཔེ་ཆ་དེ་ཁྱོད་ལ་བྱིན་པ་ཡིན་ཟེར། ཚིག་མཛོད་དེ་ནི་དེབ་ཚད་ཆེ་ཞིང་ཤིན་ཏུ་མཐུག་པ་དང་ཁྱེར་སྟབས་མི་བདེ་བས། དཔེ་ཆ་དེ་ང་ལ་བྱིན་ན་ཡང་ངས་ཚིག་མཛོད་དེ་དངོས་སུ་བཀོལ་མ་མྱོང་། ཨ་ཕའི་དཔེ་ཆའི་ཁྲོད་ནས་ང་ཆེས་ཀློག་པར་སྤྲོ་བ་ནི་ཆུ་ངོགས་གཏམ་རྒྱུད་དང་མི་རོ་རྩེ་སྒྲུང་སོགས་ཡིན། དམའ་འབྲིང་གི་སྐབས་སུ་ངས་ཆུ་ངོགས་གཏམ་རྒྱུད་ལ་ཁ་ཚང་དུ་བལྟས་མྱོང་། སྐབས་དེར་ང་ལ་རྩོམ་རིག་ཅེས་པར་ངེས་ཤེས་གསལ་བོ་ཞིག་མེད་ན་ཡང་། ཆུ་ངོགས་གཏམ་རྒྱུད་ཀྱི་བྱུང་རིམ་གྱིས་ངའི་ཡིད་སེམས་དབང་མེད་དུ་དྲངས་པས། ངས་དེ་ལ་ལྟ་ཐེངས་གཅིག་གིས་བལྟས་པར་མ་ཟད། གཏམ་རྒྱུད་ཁྲོད་ཀྱི་ཚིགས་བཅད་སྙན་ངག་དག་ཟིན་བྲིས་སུ་ཡང་བཏབ་མྱོང་།
        ངས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་སློབ་ཆེན་དུ་ཐོག་མར་འགྲོ་སྐབས། ཕ་རྒན་གྱིས་ང་ལ་ཆེད་དུ་སྐྱེལ་མ་བྱེད་མ་ཐུབ་པར་ཡུལ་ཕྱོགས་གཅིག་པའི་བུ་མོ་སློབ་གྲྭར་སྐྱེལ་མཁན་ཞིག་གི་རྗེས་སུ་ལམ་འཇུག་བྱས། ཁྱིམ་བདག་དེས་ངའི་ཨ་ཕར་བུས་སློབ་ཆེན་དུ་རྒྱུགས་འཕྲོད་ན་ཁྱོད་ཀྱིས་སྐྱེལ་མ་ཡང་མི་བྱེད་པའི་སྲོལ་ཞིག་གང་དུ་ཡོད་ཟེར། ངས་ཕ་རྒན་གྱིས་ཕྱིར་ལན་ཇི་ལྟར་བཏབ་པ་མི་དྲན་མོད། རང་གི་བུ་དང་བུ་མོར་སྐྱེལ་མ་དང་ལམ་འཇུག་བཟང་བོ་ཞིག་བྱེད་མི་འདོད་པའི་ཕ་མ་ཞིག་ཡོད་མི་སྲིད། ཡིན་ནའང་། ངའི་ཨ་ཕར་ཁོ་ནང་བཞིན་ཟླ་ཕོགས་མེད་པས། ཡོང་སྒོ་ཅི་ཡང་མེད་པའི་ངེད་ཚང་ལ་མཚོན་ན། སྐར་གང་གི་འགྲོ་སོང་ཡང་ཁྱིམ་ཚང་གིས་ཐེག་དཀའ་བའི་ཁུར་བོ་ལྷག་མ་ཡིན་པས། ཨ་ཕས་ང་མི་ཆ་ཡོད་ཅིག་རྗེས་སུ་ལམ་འཇུག་བྱེད་ཐུབ་པ་ཡང་ཁོ་ལ་མཚོན་ན་འདོད་ཐོག་ཏུ་རྟ་རྒྱུག་པ་ཡིན་ངེས།
        ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་སློབ་མགོ་རྩོམ་དུས་སློབ་གྲྭར་འབྱོར་རྗེས་ཕྱིར་ཕ་ཡུལ་དུ་ལོག་མ་མྱོང་། སློབ་གྲྭ་རུ་ངས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། སློབ་སྦྱོང་ཐད་ནས་ཕ་མ་དང་སྤུན་མཆེད་དག་སྡུག་ལ་མི་གཏོད་པའི་དམ་བཅས། ཡིན་ནའང་ངའི་སློབ་གྲྭ་ཆེན་མོའི་འཚོ་བ་ནི་ཕ་མ་དང་སྤུན་ཆུང་གཉིས་ཀྱི་རྔུལ་ཁྲག་ལ་བརྟེན་ནས་རོལ་བ་ཡིན་པས། སྐབས་དེར་ཕ་རྒན་དང་སྤུན་ཆུང་གཉིས་རྔ་རྡུང་རྒྱུག་དང་དུད་པ་ལངས་རྒྱུག་བྱས་ནས་ཞོར་ལས་བྱས་ན་ཡང་ང་དང་ནུ་བོ་གཉིས་ཀྱི་སློབ་ཡོན་འཚག་པར་དཀའ་ཁག་ཤིན་ཏུ་ཆེ།
        ངའི་ཕ་མ་གཉིས་ལ་མཚོན་ན་དཀའ་སྡུག་གི་ཁྲོད་ནས་ལང་ཚོའི་བཀྲག་མདངས་ཡལ་ཞིང་། མེད་མུག་གི་ཀློང་ནས་དབུ་སྐྲ་དཀར་པོར་གྱུར་པས། མི་ཚེ་འདིར་བྱ་བ་འདི་འགྲུབ་སོང་དང་། བྱ་བ་ཀན་འཁྱོངས་སོང་ཞེས་སྟོན་རྒྱུ་ཅན་ཞིག་མེད་ན་ཡང་། ང་དང་ནུ་བོ་ནུ་མོ་རྣམས་སློབ་གྲྭར་བསྐྱལ་བ་ནི་ཁོང་གཉིས་ལ་མཚོན་ན་མི་ཚེ་གཅིག་གི་ནོམ་པ་ཡིན། ཕ་མ་གཉིས་ཀྱིས་ངེད་མིང་སྲེིང་རྣམས་ཀྱི་ཆེད་དུ་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་དཀའ་ལས་མྱངས་པ་དང་། ད་ལྟ་ཁོང་གཉིས་ན་སོ་རྒས་ནས་ལུས་པོ་ཁོམ་ན་ཡང་། ཉི་འོག་ཕ་མ་ཚོ་དང་མཚུངས་པར་ཁྱིམ་ཚང་དང་ང་ཚོ་བྱིས་པ་ཚོའི་ཆེད་དུ་ལུས་ཁོམ་རུང་སེམས་མ་ཁོམ་པར་ཡོད།
        ཕ་མ་གཉིས་ད་ལྟ་སོས་དལ་བས་ངས་ཁྱེད་གཉིས་ལྟ་སྐོར་དང་མཇལ་སྐོར་དུ་སོང་ཞེས་བསྐུལ་ན་ཡང་། ཨ་ཕས་ས་མཐའ་སྐོར་བ་ལས་སེམས་མཐའ་སྐོར་དགོས་ཞེས་བཤད་དེ་མི་འགྲོ། ཉིན་ཞིག་གི་ཞོགས་པར་ཨ་ཕ་དང་ངེད་གཉིས་ཟི་ལིང་གི་ཞིན་ཉིན་ཐང་ཆེན་བརྒྱུད་ནས་འགྲོ་སྐབས་མི་མང་བོས་དེར་ཞོགས་རྩལ་སྦྱོང་བཞིན་འདུག ངའི་སེམས་སུ་གྲོང་ཁྱེར་གྱི་མི་འདི་དག་གིས་འཚོ་བ་སྐྱིད་པ་ལ། གལ་ཏེ་ཕ་ཡུལ་ཡིན་ཚེ་ལོ་ལོན་རྒན་པ་འདི་དག་ཀྱང་གང་ཞིག་ལ་མ་ཁོམ་པར་ཡོད་ངེས་སྙམ་ནས་ཨ་ཕར་མི་འདི་དག་སྐྱིད་པ་ལ་ཞེས་བཤད་པ་ན། ཨ་ཕས་མི་དེ་དག་ལ་ལྟ་བཞིན་འདི་ཚོ་སྙིང་མ་རྗེ། འཆི་བར་འཇིགས་ནས་ཇི་འདྲའི་སྦྱོང་བརྡར་བྱས་ཀྱང་འཆི་བ་བཟློག་ག་ལ་ཐུབ་ཟེར། སྐད་ཆ་དེ་ཐོས་མ་ཐག་ང་ཡ་མཚར་ཞིང་། ཞིབ་ཏུ་འདང་རྒྱག་དུས་ངས་ཨ་ཕར་ཁོང་ལ་དབང་བའི་སེམས་ཀྱི་རྒྱལ་ཁམས་ཤིག་ཡོད་པ་རྟོགས་བྱུང་།
        ཕྱི་ཚུལ་ནས་བལྟས་ན་ངའི་ཨ་ཕའི་གོམ་པ་གྲལ་མི་དག་ཅིང་། ཟས་ཞིམ་པོ་དང་མངར་མོ་ཡང་ཟ་ཐུབ་ཀྱིན་མེད་ན་ཡང་། ཁོང་ལ་ནང་སེམས་ཀྱི་བདེ་བ་ཁྱད་པར་ཅན་ཞིག་གིས་བསྐོར་ནས་ཡོད་པ་རྟོགས་བྱུང་། དེ་ནི་ཁོང་གིས་ཆོས་ལུགས་སྦྱངས་པའི་བཀའ་དྲིན་ཡིན་ལ། དད་པ་བརྟན་པོ་ཞིག་ཡོད་པའི་སེམས་ཤུགས་ཀྱང་ཡིན། དེ་ལྟར་བསམས་ཤིང་བསམས་ན་རང་ཉིད་ཀྱི་འདོད་སྲེད་ལ་ཚོད་འཛིན་བྱེད་ཐུབ་ཅིང་། ནང་སེམས་ཀྱི་ཆགས་སྡང་ལ་མགོ་སྙོམས་བྱེད་ཐུབ་ཚེ་བདེ་བ་ནི་རང་ལ་ལུས་དང་གྲིབ་མ་བཞིན་དུ་འབྲེལ་ཡོད་པ་ཡང་རྟོགས་བྱུང་།
        ཐེངས་ཤིག་ལ་ཨ་ཕས་ང་ལ་ཀློང་ཆེན་མཛོད་བདུན་སོགས་ལ་བལྟས་མྱོང་མིན་དྲིས་བྱུང་། ངས་དེ་དག་ལ་བལྟས་མ་མྱོང་ཞེས་བཤད་པ་ན། ཁོང་གིས་དེ་དག་ལ་མ་ལྟ། སེམས་ངོ་མ་འཕྲོད་པར་བལྟས་ན་གནད་མི་གོ་ཞིང་ལོག་ལྟ་སྐྱེས་སླ་བས་ལྟ་མི་རུང་། གལ་ཏེ་ལྟ་འདོད་ན་སྔོན་འགྲོའི་སྟ་གོན་གྲུབ་ཅིང་བླ་མའི་དབང་ལུང་ཐོབ་རྗེས་བལྟས་ན་རྒྱུད་ལ་གོ་བ་ཟབ་མོ་སྐྱེས་ཐུབ་ཟེར། དོན་གྱིས་དེ་ནི་ཁོང་གིས་ང་ལ་དཔེ་ཆར་ལྟ་ན་སྔོན་འགྲོའི་ཆ་རྐྱེན་ངེས་པར་བསྒྲུབ་དགོས་པའི་སློབ་སྟོན་གནང་བ་ཡིན་ཀྱང་སྲིད།
        ཨ་ཕ་ཞོགས་པའི་དུས་ཚོད་ལྔའི་སྟེང་མལ་ལས་ལངས་ཏེ་ཁ་ཏོན་འདོན་པ་དང་། སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་སུ་ཁ་ཏོན་བཏོན་ནས་ཚར་འགྲོ་ལ། དེ་ནི་ཁོང་གི་ཉིན་གཅིག་གི་བྱ་བ་གཙོ་བོ་ཡང་ཡིན། ད་ལོའི་དགུན་ཁའི་གུང་གསེང་གི་སྐབས་སུ་ང་ཕ་ཡུལ་དུ་ལོག་སྟེ་ཕ་མ་གཉིས་དང་ལྷན་དུ་བསྡད་པ་ཡིན། ཞོགས་པའི་ཆུ་ཚོད་ལྔའི་སྟེང་ཨ་ཕ་མལ་ལས་ཡར་ཙོག་པའི་སྒྲས་ང་རང་གཉིད་ལས་བསླངས་བྱུང་། ངས་མུན་པའི་ཁྲོད་ནས་རྣ་བ་བླགས་ཏེ་ཉན་པ་ན། ཨ་ཕས་མགོ་སྐྱབས་འགྲོ་ནས་བཟུང་སྟེ་སྐད་དམའ་མོས་ཁ་ཏོན་བཏོན། སྐབས་དེར་ངའི་སེམས་ལ་ཨ་ཕས་ཁ་ཏོན་འདོན་པའི་སྒྲ་རྣ་ལམ་དུ་གྲགས་པ་འདི་ཡང་སེམས་ཀྱི་བདེ་སྐྱིད་ཅིག་ཡིན་པའི་ཚོར་བ་སྐྱེས་བྱུང་། དེ་ལྟར་མུན་པའི་ཁྲོད་ནས་ངས་ཨ་ཕའི་ཁ་ཏོན་གྱི་སྒྲ་ལ་ཉན་བཞིན་བསྡད་པ་ན་ཡིད་ལ་རང་ཉིད་ཀྱི་བློ་ངོ་ན་ཡོད་པའི་ཤེས་བྱ་དག་དྲན་བྱུང་། ང་ལ་མཚོན་ན་སྔོན་ཆད་བློར་བཟུང་བ་དག་ད་ལྟ་བློ་ངོ་ན་ཐར་ཐོར་ཙམ་ལས་མེད་ལ། ཐ་ན་སུམ་རྟགས་གཉིས་ཀྱི་རྩ་བ་ཡང་ཁ་ཚང་དུ་བློར་མི་ཡོང་། ཕ་རྒན་གྱིས་བློ་ནས་ཁ་ཏོན་ཆུ་བཞུར་བཞུར་བྱས་ནས་འདོན་དུས་ངས་རང་གི་བློ་ན་ཡོད་པ་དང་ཨ་ཕའི་བློ་ན་ཡོད་པ་གཉིས་གཤིབ་སྡུར་ཞིག་བྱས་ཤིང་། རིག་པ་གླེགས་བམ་ལ་གནས་པའི་ང་ཚོར་དོན་གྱིས་ནུས་པ་ག་འདྲ་ཞིག་ཡོད་དམ་སྙམ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1