མཛོད་དགེ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཚེ་བརྟན་ལ་བཅར་འདྲི་བྱས་པ།

ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


      2018ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བྱེད་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་རྔ་འཛིན་ཕྱི་གཏོད་དགོས་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་པ་དང་བསྟུན་ནས་མཛོད་དགེ་རྫོང་གིས་འཕེལ་རྒྱས་ཀྱི་རྨང་གཞི་ཇི་ལྟར་སྲ་བརྟན་དུ་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ཇི་ལྟར་ལེགས་སྒྲིག་དང་། ནང་་རྐྱེན་ཇི་ལྟར་འདོན་སྤེལ་བྱེད་པ་དང་། ཇི་ལྟར་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་བྱེད་པ་བཅས་དང་། རྩྭ་ཐང་གི་སྣེ་ཁྲིད་དེ། ཁུལ་ཡོངས་ཀྱི་སྔོན་ཐོན་པར་བརྩོན་ལེན་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་བྱེད་པའི་དམིགས་ཡུལ་མངོན་འགྱུར་ཇི་ལྟར་བྱེད་དམ། ཉེ་སྔོན་གསར་འགོད་པས2018ལོར་མཛོད་དགེ་རྫོང་ལ་དཔལ་འབྱོར་འཕེལ་རྒྱས་དང་། སྐྱེ་ཁམས་འཛུགས་སྐྲུན་དང་། སྤྱི་ཚོགས་ཡར་ཐོན་བཅས་ཀྱི་ཕྱོགས་ལ་ཐབས་ཇུས་གལ་ཆེན་གང་དག་ཡོད་པའི་སྐོར་ནས་མཛོད་དགེ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཚེ་བརྟན་ལ་བཅར་འདྲི་བྱས་པ་ཡིན།
        གསར་འགོད་པ། ཁུལ་ཚོགས་ཆེན་གཉིས་ཀྱི《 སྲིད་གཞུང་གི་ལས་ཀའི་སྙན་ཞུ》རུ། 2018 ལོའི་རང་ཁུལ་གྱི་ལས་དོན་སོ་སོ་བཀོད་སྒྲིག་བྱས་པ་རེད། ཁུལ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་ཡོང་ཆེད། ད་ལོར་མཛོད་དགེ་རྫོང་ལ་གཙོ་གནད་དུ་གྱུར་པའི་ལས་དོན་བཀོད་སྒྲིག་བྱས་པ་གང་དག་ཡོད་དམ།
        ཚེ་བརྟན། མིག་སྔར་དང་མ་འོངས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་རིང་དུ་མཛོད་དགེ་རྫོང་འཐོབ་པར་དཀའ་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་དང་འཕྲད་ཡོད་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ་དང་། མཐའ་མཚམས་ས་ཁུལ་དང་། དབུལ་ཕོངས་ཀྱི་ས་ཁུལ་དང་། གལ་ཆེའི་སྐྱེ་ཁམས་ཕན་ནུས་ཁུལ་བཅས་འཕེལ་རྒྱས་མྱུར་དུ་གཏོང་བའི་འཐབ་ཇུས་བཏོན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཛེས་སྡུག་ལྡན་ལ་དར་རྒྱས་དང་འཆམ་མཐུན་ཆེ་བའི་སི་ཁྲོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་། སི་ཁྲོན་དང་། ཀན་སུའུ་དང་། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ་དང་། ཁུལ་ཨུ་དང་། ཁུལ་སྲིད་གཞུང་གིས་ཁུལ་གསུམ་དང་ལྟེ་གནས་གཅིག་གི་འཛུགས་སྐྲུན་གྱི་འཐབ་ཇུས་དོན་འཁྱོལ་བྱས་པ་བཅས་ཀྱིས་ངེད་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་སྔར་ལས་ལྷག་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྣམ་གྲངས་ཀྱི་རོགས་འདེགས་ཐོབ་ངེས་ཡིན།
        2018ལོར། མཛོད་དགེ་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ངེས་པར་མ་ཟད། ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་འོག ཞིང་ཆེན་ཏང་ཨུ་དང་། ཁུལ་ཨུའི་ཐབས་ཇུས་ཀྱི་བཀོད་སྒྲིག་དང་ཁུལ་ཚོགས་ཆེན་གཉིས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དམིགས་ཡུལ་དུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དམ་དུ་བཟུང་བ་དང་། འཕེལ་རྒྱས་ཀྱི་སྲོག་ཤིང་དམ་འཛིན་བྱེད་པ་དང་། སྤྱི་ཚོགས་བརྟན་རླིང་གཙིག་ཏུ་བཟུང་ནས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་། དམངས་ཀྱི་འཚོ་བ་དམ་དུ་བཟུང་ནས་མི་སེར་ལ་ཕན་པར་བྱེད་པ་དང་། ཏང་འཛུགས་སྐྱོང་དམ་དུ་བཟུང་ནས་རྨང་གཞི་བརྟན་པོ་འདིང་བ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། སྐྱེ་ཁམས་དང་པོར་འཇོག་པ་དང་། ལྗང་མདོག་གི་བདེ་འཇགས་སྲུང་སྐྱོབ་ཀྱི་དངོས་པོ་འཛུགས་སྐྲུན་སྲ་བརྟན་དུ་གཏང་ངེས་ཡིན།
        གསར་འགོད་པ། གོ་སྐབས་དང་འགྲན་སློང་། རེ་བ་དང་དཀའ་ཁག སྒུལ་ཤུགས་དང་གནོན་ཤུགས་བཅས་ལ་ཁ་གཏད་དེ། 2018ལོར་མཛོད་དགེ་རྫོང་ལ་གཙོ་གནད་ཀྱི་ལས་དོན་བཀོད་སྒྲིག་ལ་ཕྱོགས་པའི་བྱེ་བྲག་གི་ཐབས་བཀོད་གང་དག་ཡོད་དམ།  
         ཚེ་བརྟན། 2018ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བྱེད་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་རྔ་འཛིན་ཕྱི་གཏོད་དགོས་པའི་འགག་རྩའི་ལོ་ཞིག་ཡིན་པར་མ་ཟད། དབུལ་བྲལ་གནད་སྒྲོལ་གྱི་བྱ་བར་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ལེན་དགོས་པའི་ལོ་ཞིག་ཀྱང་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད་། ལོ་རྒྱུས་ཀྱི་ལས་འགན་གསར་བ་དང་འཕེལ་རྒྱས་ཀྱི་བླང་བྱ་ལྟར། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པའི་གནས་བབ་གལ་ཆེན་ལ་གཞིགས་ནས། འཆར་འགོད་སྔོན་ནས་བྱེད་པ་དང་། རང་འགུལ་གྱིས་བྱ་བ་བསྒྲུབ་པ་དང་། ནུས་པ་གཅིག་སྒྲིལ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་འབད་པ། གཙོ་གནད་དམ་དུ་འཛིན་པ་དང་། ཞན་ཆར་ཁ་གསབ་བྱེད་པ་སོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྣམ་པ་ཀུན་ཏུ་འབད་ངེས་ཡིན་ཏེ།
     གཅིག་ནས་གཙོ་གནད་དམ་དུ་བཟུང་བ་དང་། ཞན་ཆར་ཁ་གསབ་དང་། འབད་པས་མངོན་འགྱུར་བྱེད་པའི་འཐབ་ཕྱོགས་གསུམ་དང་རྒྱལ་ཁ་ཡོངས་སུ་ལེན་པ་སྟེ། བློ་སེམས་རྩེ་གཅིག་གིས་དབུལ་བྲལ་གནད་སྒྲོལ་གྱི་བྱ་བར་རྒྱལ་ཁ་བླངས་ནས་འབྲོག་རྫོང་དབུལ་བོ་སྔོན་ནས་དབུལ་བྲལ་བྱེད་པ་མངོན་འགྱུར་དང་། བློ་སེམས་རྩ་གཅིག་གིས་འོས་འགན་སློབ་གསོ་ཞིབ་བཤེར་ལ་རྒྱལ་ཁ་བླངས་ཏེ།  འོས་འགན་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་རྒྱས་འགྲོ་བའི་ཚད་གཞི་མཐོན་པར་བསླེབ་པ་དང་། འགྲིམ་འགྲུལ་རིམ་འཕར་བྱེད་པར་རྒྱལ་ཁ་བླངས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ལས་མགོ་ཕུན་སུམ་ཚོགས་པ་ཞིག་མངོན་འགྱུར་བྱ་རྒྱུ་བཅས་ལ་འབད་ངེས་ཡིན།
     གཉིས་ནས་གནས་བབ་ལེགས་པོ་དར་སྤེལ་དང་། ཞན་པའི་ཆ་ལ་ཁྱོན་ནས་བརྩོན་ཏེ། འབད་པ་ཆེན་པོས་ལས་རིག་གསུམ་གྱི་གནས་བབ་གོང་དུ་སྤར་བ་སྟེ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ལས་རིགས་ཕྱེས་ནས།  སྔོན་ཐོན་བརྩོན་ལེན་དང་གནས་འཕར་མངོན་འགྱུར་བྱེད་པ་དང་། ཁྱད་ལྡན་གྱི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་བཏང་ནས། འབྲོག་རྫོང་སྔོན་དུ་ཐོན་པར་བྱེད་པ་དང་། བཟོ་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་དར་རྒྱས་བཏང་ནས། ཚད་བརྒལ་ཆེན་པོ་མངོན་འགྱུར་བྱ་ངེས་ཡིན། 
     གསུམ་ནས་ལས་དོན་ལ་བྱང་ཞིང་། བྱེད་ཐབས་སྣ་ཚོགས་སྤྱད་དེ། འབད་པ་ཆེན་པོས་ལེགས་པའི་རྣམ་པ་གསུམ་མངོན་འགྱུར་བྱེད་པ་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་བྱ་བ་གལ་ཆེན་དུ་བཞག་ནས། ནམ་མཁའ་སྔར་བས་སྔོ་ཞིང་། ཆུ་སྔར་བས་དྭངས་ཤིང་གཙང་བ་དང་། རྩྭ་ཐང་སྔར་བས་ལྫང་མདོག་ཏུ་གྱུར་པའི་རང་བྱུང་གི་སྐྱེ་ཁམས་ཤིག་བསྐྲུན་ངེས་ཡིན་ལ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་བའི་དོན་དེ་གལ་ཆེན་དུ་བཞག་ནས། སྔར་བས་འགྲིག་མཐུན་ཆེ་བ་དང་། སྔར་བས་འཆམ་མཐུན་ཆེ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་བསྐྲུན་ངེས་ཡིན། རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་རྒྱུ་གལ་ཆེན་དུ་བཞག་ནས། སྔར་བས་བཟང་བ་དང་། སྔར་བས་དོན་གཉེར་ཆེ་བ་དང་། སྔར་བས་ཀྱང་སྤྱོད་པ་གཙང་བའི་ཆབ་སྲིད་ཀྱི་རྣམ་པ་ཞིག་ཆགས་པ་བྱ་ངེས་ཡིན།  
      གསར་འགོད་པ། ལས་དོན་སོ་སོ་རྒྱ་ཆེར་སྤེལ་བ་བརྒྱུད་དེ། མཛོད་དགེ་རྫོང་འཕེལ་རྒྱས་ཀྱི་དམིགས་ཚད་ཅི་འདྲ་ཞིག་ཏུ་འཐོན་ངེས་ཡིན་ནམ།
      ཚེ་བརྟན། ལོ་གསར་བ་འདི་གོ་སྐབས་དང་འགྲན་རྩོད་མཉམ་དུ་གནས་པ་ཞིག་རེད། ང་ཚོས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་། ཁུལ་ཨུ་བཅས་ཀྱི་འགྱུར་བ་མེད་པའི་འགོ་ཁྲིད་འོག་ཏུ། ལྷོད་པ་མེད་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་བས་ཇེ་ལེགས་སུ་གཏང་ཐུབ་པར་བརྩོན་པ་བྱ་ངེས་པར་མ་ཟད། དམངས་ཀྱི་འཚོ་བ་ཞིང་བདེ་སྐྱིད་ལྡན་པར་ལེགས་བཅོས་གཏིང་ཟབ་བྱ་རྒྱུ་དང་། སྒྱུར་བཅོས་ཀྱི་ཕན་འབྲས་མགྱོགས་མྱུར་ངང་འདོན་པ་དང་། གྲོང་གསེབ་དར་རྒྱས་ཁྱོན་ཡོངས་ནས་གཏོང་མགོ་ཚུགས་པར་བྱ་རྒྱུ་དང་། ཁྲིམས་ལྟར་རྫོང་སྐྱོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྔར་བས་ཡིད་དུ་འོངས་པ་དང་། བསམ་བློ་དང་ལྟ་བར་སྔར་བས་བཅིངས་འགྲོལ་འཐོབ་པ་དང་། མཛོད་དགེ་རྫོང་ལ་ཐོད་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་ཞིག་འཆར་བར་འབད་པ་ཧུར་ཐག་བྱས་ཏེ། རྒྱལ་ཡོངས་དང་། ཞིང་ཆེན་ཡོངས་དང་། ཁུལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ནུས་པ་ཡོད་ཚད་གདོན་ངེས་ཡིན་ནོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1