ཁྲང་མིང་གིས་པར་བླངས།
དགེ་ལུགས་པའི་དགོན་སྡེ་ཆེ་བ་དྲུག་ལས་བླ་བྲང་བཀྲ་ཤིས་འཁྱིལ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ཆགས་ཡོད་ཅིང་། དེ་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་གླང་སྟེ་སྤྱི་ལོ་1709ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གིས་གསར་དུ་བཏབ། བཏབ་སའི་གནས་ནི་དགེ་བཅུ་ཡོན་ཏན་ཡོངས་སུ་ཚང་ཞིང་ཕྱོགས་དང་ཕྱོགས་མཚམས་སུ་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་སོགས་ཀྱིས་ཉེ་བར་མཛེས་པ། ཚད་མའི་སྐྱེས་བུ་དུ་མས་ལུང་བསྟན་གྱི་སྙན་པའི་བདུད་རྩི་ཆར་དུ་བསྙིལ་ཏེ། དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཞེས་སུ་གྲགས། དགོན་དེར་མཚན་ཉིད་གྲྭ་ཚང་﹙ཐོས་བསམ་གླིང་﹚དང་། རྒྱུད་སྨད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་། རྒྱུད་སྟོད་པ་གྲྭ་ཚང་བཅས་གྲྭ་ཚང་དྲུག་ཡོད་ཅིང་། ད་དུང་ལྷ་ཁང་མང་པོ་ཡོད་པ་དཔེར་ན། རྗེའི་ལྷ་ཁང་དང་ཐུགས་རྗེ་ཆེན་པོའི་ལྷ་ཁང། བྱམས་ཁང་། ཇོ་ཁང་། གདུགས་དཀར་ལྷ་ཁང་། སྒྲོལ་མའི་ལྷ་ཁང་།སེང་གེ་ང་རོའི་ལྷ་ཁང་། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། ཐུབ་བསྟན་ཕོ་བྲང་། མགོན་ཁང། གཙང་ཁང་སོགས་ལྟ་བུ་དང་། དགེ་འདུན་སུམ་སྟོང་ཤོང་བའི་ཚོགས་ཆེན་འདུ་ཁང་འགྲན་གྱིས་དོ་མེད་ཅིག་ཡོད། དགོན་དེའི་ནང་བཞུགས་སུ་གསོལ་བའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཡོད་ཅིང་། དགོན་པ་དེའི་རྟེན་གྱི་གཙོ་བོ་ནི། སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དབུས་ཀྱི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཉམས་ཇི་བཞིན་དང་དབུས་ཀྱི་ཇོ་ཤཱཀ་རྣམ་གཉིས་དང་སྐུ་རྒྱུ་གཅིག་པ། ཇོ་བོ་བརྒྱ་རྩ་མར་གྲགས་པའི་ནང་ཚན། སྟོན་པ་ཉིད་ཀྱི་ཕྱག་ནས་མ། སློབ་དཔོན་ཞི་བ་འཚོའི་ཐུགས་དམ་གྱི་རྟེན་འབུམ་སྟོད་ཇོ་བོར་གྲགས་པ་བཞུགས། དྲི་གཙང་ཁང་ནུབ་མའི་རྟེན་གཙོ་སྟེ་གསེར་ཟངས་ལས་བཞེངས་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་བཟང་པོའི་བཞུགས་སྟངས་ཅན་ཉིས་ཐོག་དང་མཉམ་པ་ཡོད་པ་དང་། གཡས་གཡོན་དུ་རྗེ་ཙོང་ཁ་པ་ཆེན་པོ་དང་མར་མེ་མཛད། ཉེ་བའི་སྲས་ཆེན་བརྒྱད་དང་བཅས་པའི་སྨན་སྐུ་ཐོག་ཚད་དང་མཉམ་པ་འདི་དག་སྐྱབས་མགོན་འཇམ་དབྱངས་བཞད་པས་བཞེངས་ཤིང་གཟུངས་བཞུགས་རབ་གནས་སོགས་བྱམས་ཆེན་དང་མཉམ་དུ་མཛད།
གཞན་ཡང་ལྷ་ཁང་དང་གྲྭ་ཚང་ཁག་ཏུ་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས་ཡོད་པ་དང། གསུང་རྟེན་གྱི་ཆ་ནས་དཔལ་ལྡན་ཟླ་བ་གྲགས་པའི་ཕྱག་དཔེ་ཏ་ལའི་ལོ་མར་ལཉྫའི་གཟུགས་སུ་བྲིས་པ་བུདྷ་བཱ་ལི་ཏ་དང་། སྡེ་དགེ་དང་སྣར་ཐང་། ཅོ་ནེའི་དཔར་མ་བཅས་ཡིན་པའི་བཀའ་འགྱུར་དང་བསྟན་འགྱུར་ཡོད་པ་དང་།གསེར་དངུལ་དང་གཡུ་བྱུར། དུང་བཅས་བརྡར་བཏུལ་གྱི་བྱེ་མ་ལས་བྲིས་པ་དང་། འཚེམ་དྲུབས། མཚལ་དང་སྣག་གིས་བྲིས་དཔར་བཅས་ཉུང་མཐའ་ཡང་པོ་ཏི་བརྒྱད་ཁྲི་ལྷག་བཞུགས་ཤིང་། གསུང་རྩོམ་གྱི་ཆ་ནས་རྗེ་ཙོང་ཁ་པ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་སོགས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བགྲང་ལས་འདས་སོ།
དགོན་པ་བཏབ་ནས་ལོ་སུམ་བརྒྱ་ལྷག་གི་རིང་ལ་མཁས་བཙུན་བཟང་གསུམ་ལྡན་ཞིང་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་པ་སྐར་ཚོགས་ལྟར་གྲངས་མང་པ་དང་། སྒོས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་དང་གཉིས་པ། གུང་ཐབ་བསྟན་པའི་སྒྲོན་མེ། ཞང་སྟོན་བསྟན་པ་རྒྱ་མཚོ། ཤེས་རབ་རྒྱ་མཚོ། དབལ་མང་པཎྡི་ཏ་དཀོན་མཆོག་རྒྱལ་མཚན། གུང་ཐང་བློ་གྲོས། བླ་ཁོ་རིན་པོ་ཆེ། བྲག་སྒོམ་པ་བསྟན་པ་རབ་རྒྱས། དཔའ་རིས་པ་བློ་བཟང་རབ་གསལ། དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོ་ཚུལ་ཁྲིམས། ཉེ་དུས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་དང་འཇམ་དབྱངས་རྒྱ་མཚོ། འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་མཁས་པའི་ཡང་རྩེར་སོན་པ་མཁས་མང་རྒྱུ་སྐར་གྱི་ཁྲོད་དུ་ཉི་ཟླ་ལྟར་བྱོན་ནོ།
གྲྭ་ཚང་དྲུག་པོའི་འཆད་ཉན་གྱི་བྱ་བ་ཡང་། ཐོས་བསམ་གླིང་གིས་རིག་གནས་ཆེ་བ་ལྔའི་གཙོ་བོ་ནང་རིག་པ་སྡེ་སྣོད་གསུམ་གྱིས་བསྡུས་པའི་མདོ་ཕྱོགས་བཀའ་པོ་ཏི་ལྔའི་འཆད་ཉན་གཙོ་བོར་བྱེད། གྲྭ་ཚང་གཞན་ལྔས། སྤྱིར་གསང་སྔགས་རྒྱུད་སྡེ་བཞིའི་འཆད་ཉན་སྒོམ་སྒྲུབ་གཙོ་བོ་དང་། བྱེ་བྲག་ཏུ་དེའི་ཡན་ལག་ལ། དུས་འཁོར་དང་ཀྱེེ་རྡོར་གྲྭ་ཚང་གཉིས་ཀས་སྒྲ་དང་སྙན་ངག སྐར་རྩིས། མངོན་བརྗོད་བཅས་ཀྱི་འཆད་ཉན་དང་། སྨན་པ་གྲྭ་ཚང་གིས་གསོ་བ་རིག་པའི་འཆད་ཉན་གཙོ་བོར་བྱེད། གཞན་ཡང་གྲྭ་ཚང་སོ་སོས་བཟོ་རིག་པའི་ཐད་ལ་ཡིག་རིས་སྣ་ཚོགས་དང་པར་བརྐོ་གཏོར་མ་སོགས་ཀྱི་བཅའ་བཟོ། མར་བཟོས་མེ་ཏོག་མཆོད་པ། ཐིག་རྡུལ་ཚོན་སོགས་ཀྱི་ཕྱག་ལེན་དངོས་དང་། ཟློས་གར་རིག་པའི་ཆར་གཏོགས་འཆམ་དང་རྣམ་ཐར་བཅས་རྣམ་གྲངས་བདུན། འབུད་བརྡུང་དཀྲོལ་གསུམ་དང་སྦྲགས་པའི་རིག་རྩལ་འཁྲབ་སྟོན་སོགས་རིག་གནས་ཆེ་ཆུང་བཅུ་བོའི་འཆད་ཉན། ཧ་ལམ་བོད་ཁུལ་དུ་དར་བའི་ཕྱག་ལེན་ཆེས་མང་པོའི་རྒྱུན་ལེགས་པར་དར།
དགོན་པ་དེ་ཉིད་སྤྱི་ལོ1982ལོའི་ཟླ་2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ནང་བའི་ཆོས་ལུགས་ཀྱི་དགོན་སྡེ་ཆེན་པོ་དྲུག་གི་ཡ་གྱལ་དུ་བརྩིས་ཏེ་རིག་གནས་གནའ་རྫས་སྲུང་སྐྱོབ་བྱ་སའི་ལྟེ་བའི་གྲས་སུ་བཀོད་པས་ཆོས་སྡེ་ཆེན་པོ་དེར་སླར་ཡང་དཔྱིད་ཀྱི་དཔལ་ཡོན་རྒྱས་ཤིང་། ལྷ་ཁང་དང་འདུ་ཁང་། ལྷ་སྐུ་དང་མཆོད་རྟེན། ལྡེབས་བྲིས་དང་གྲྭ་ཤག་ལ་སོགས་པར་ཉམས་གསོ་དང་སྲུང་སྐྱོབ། དོ་དམ་སོགས་བཀའ་དྲིན་ཆེན་པོས་སྐྱོང་མུས་ལ་བརྟེན་མཚན་སྙན་གྱི་བ་དན་ཕྱོགས་བཅུར་གཡོ། ཀན་སུའུ་ཞིང་ཆེན་གྱི་ནང་བསྟན་སློབ་གླིང་ཡང་དེར་བཙུགས་པ་དེས་ཀྱང་རྣམ་པ་གསར་བའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་པ་དང་ཆོས་ལུགས་པ། གནས་སྐོར་བ་བཅས་ལ་དགའ་བསུ་བྱེད་བཞིན་ཡོད་ཅིང་། ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ཡང་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད།
2012ལོའི་ལོ་འགོ་ནས་བཟུང་། ཀན་སུའུ་རིག་དངོས་ཅུས་ཀྱིས་རིག་གནས་ཐོན་ལས་འགྲེམ་སྟོན་གྱི་ཆེད་མཁས་རྩ་འཛུགས་བྱས་ནས་འཛམ་གླིང་བོད་རིག་པའི་སློབ་གླིང་དུ་གྲགས་པའི་བླ་བྲང་དགོན་པའི་ཤཱཀྱ་མུ་ནེའི་ལྷ་ཁང་དང་སྒྲོལ་མའི་ལྷ་ཁང་། དུས་འཁོར་གྲྭ་ཚང་སོགས་བཟོ་བཀོད་རྙིང་མ་རིགས་7སྲུང་སྐྱོབ་ཞིག་གསོའི་འཆར་གཞིར་བཀོད་པ་རེད།
2012ལོའི་ཟླ་9བའི་ཚེས་17ཉིན་ནས་བཟུང་བླ་བྲང་དགོན་པའི་ལོ་ངོ་སུམ་བརྒྱའི་རིང་གི་ཞིག་གསོ་ཆེས་ཆེན་པོའི་རིག་དངོས་སྲུང་སྐྱོབ་ཨར་ལས་དེའི་འགོ་བརྩམས་ཤིང་། ཨར་ལས་དེའི་འཆར་གཞིར་སྤྱིའི་མ་དངུལ་སྒོར་དུང་ཕྱུར3.05གཏོང་བ་དང་། དེ་ནི་རྒྱལ་ཁབ་ཀྱིས་ཕོ་བྲང་པོ་ཏ་ལ་དང་བཀྲ་ཤིས་ལྷུན་པོ་དགོན་པ་ལ་མ་དངུལ་གཏོང་བར་མཐུད། བོད་བརྒྱུད་ནང་བསྟན་དགོན་པར་མ་དངུལ་གཏོང་བ་ཆེས་མང་བའི་ལས་གཞི་ཞིག་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་མཚོན་པས། ཆོས་ལུགས་ལས་རིགས་དང་བོད་ཁུལ་གྱི་ཆོས་ལུགས་ལས་རིགས་སོ་སོའི་ཆོས་དད་མང་ཚོགས་ཀྱིས་དགའ་བསུ་ཐོབ།