གཏམ་པདྨའི་ཚལ་གྱི་ཟློས་གར་དང་ མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་གཉིས་ཀྱི་གཤིབ་བསྡུར།
བསོད་ནམས་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30
གཅིག བརྗོད་བྱ་གཤིབ་སྡུར།
གཏམ་པདྨའི་ཚལ་གྱི་ཟློས་གར་ནི་དུས་རབས་བཅུ་དགུ་བའི་སྐབས་སུ་སྐུ་ཚེ་གང་པོར་བྱ་བྲལ་གྱི་མཛད་པ་བསྐྱངས་བའི་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་རང་བྱུང་ལྷུན་གྱིས་གྲུབ་པའི་མེ་ཏོག་པདྨའི་སྐྱེས་ཚལ་ཞིག་གདམས་ནས་མཛད། དུས་སྐབས་དེ་ནི་བསྟན་པ་ཕྱི་དར་གྱི་མེ་རོ་གསོས་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་རྒྱ་གར་གྱི་ལོ་པཎ་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་མཛད་པ་མ་ཟད། བོད་རང་ས་ནས་མཉམ་མེད་ཙོང་ཁ་པ་སོགས་མཁས་དབང་དགུང་གི་ཉི་ཟླ་འདྲ་བ་དག་གིས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་སྟོན་ནས་དགེ་ལྡན་བསྟན་པ་ལེགས་སྤེལ་ནས་བསྟན་པའི་མེ་ལྕེ་དགུང་ལ་མཆེད་བཞིན་པའི་བོད་བརྒྱུད་ནང་བསྟན་ནི་གཙོ་རྒྱུགས་རིག་གནས་སུ་གྱུར་ཡོད་ཕྱིར། རྟེན་རབ་བྱུང་བ་ཡིན་པའི་རྩོམ་པ་པོའི་དཔུང་སྡེ་གྲུབ་ཅིང་། གསར་རྩོམ་གྱི་ཀུན་སློང་། བརྗོད་དོན་གྱི་གྲུབ་སྟངས། སྒྱུ་རྩལ་གྱི་བློས་བསླངས་ཡོད་རྒུ་སངས་རྒྱས་ཆོས་ལུགས་ཀྱི་ཕྱོགས་སུ་གཞོལ་བས། གཏམ་པདྨའི་ཚལ་གྱི་ཟློས་གར་ནི་དཔེ་མཚོན་བརྩམས་ཆོས་སུ་བརྩི་ཆོག ལྗོན་ཤིང་གི་ར་བས་ཡོངས་སུ་བསྐོར་ཞིང་བཞད་སྟངས་སྣ་ཚོགས་སུ་གྱུར་བའི་མེ་ཏོག་པདྨ་ཚང་ཚིང་དུ་འཁྲིགས་པ་དེ་རུ། སྦྲང་རྩི་དོན་དུ་གཉེར་བའི་གསེར་སྤྲང་འདབ་ཡངས་དང་གཡུ་སྦྲང་ངག་སྙན་གཉིས་མི་རྟག་འཁོར་བ་ལ་ཞེ་སྐྱོ་དྲགས་ནས་དྲང་སྲོང་དོན་གྲུབ་པ་ལས་དམ་ཆོས་ཞུས་ཀྱང་། དུས་ལྟར་ཉམས་སུ་མ་བླངས་པས། གཡུ་སྦྲང་ངག་སྙན་གྱིས་མེ་ཏོག་གི་ཟིལ་མངར་འཐུང་ཞིང་། གསེར་སྦྲང་འདབ་ཡངས་ནམ་མཁའ་ན་འཕུར་ལྡིང་བྱེད་པའི་སྐབས་ཤིག་ཏུ་གློ་བུར་དུ་སྤྲིན་ནག་ལྡིང་སྟེ་ཉི་འོད་བསྒྲིབས་ཤིང་། མེ་ཏོག་པད་མ་ཁ་བསུམས་ཏེ་གཡུ་སྦྲང་ངག་སྙན་པད་མའི་སྦུབས་སུ་བཏུབས་སྟབས། དམ་ཆོས་ཉམས་སུ་མ་བླངས་བར་འགྱོད་དེ་གསེར་སྦྲང་འདབ་ཡངས་ལ་དམ་ཆོས་ཉམས་སུ་ལེན་དགོས་བའི་ཁ་ཏ་སློབ་གསོ་གནང་། དེ་ནས་གནམ་ནས་སྤྲིན་ནག་འཁྲིགས་ཏེ་སེར་བ་དྲགས་པོ་བབས་པས་གཡུ་སྦྲང་ངག་སྙན་གྱི་ཚེ་སྲོག་ཤོར། དེའི་རྗེས་ནས་གསེར་སྦྲང་འདབ་ཡངས་ཀྱིས་འཆི་བ་མི་རྟག་པ་ཡིན་པར་རྟོགས་ནས་འཁོར་བར་ངེས་འབྱུང་གཏིང་ནས་སྐྱེས་ཏེ་མི་ཚེ་དོན་ཡོད་བྱ་ཕྱིར་བྲམ་ཟེ་ཁྱིའུ་པད་མ་དགྱེས་པ་ལས་དམ་ཆོས་ཞུས་ནས་ཐར་བའི་ལམ་དུ་བཞུགས་པ་བརྗོད་པ་ནི་ཕྱི་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག་པ་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཚེ་མི་རྟག་པ། འཆི་རྐྱེན་མང་ལ་འཚོ་རྐྱེན་ཉུང་། འཁོར་བ་རུ་བདེ་བ་མེད་ཚུལ་དང་དེ་ལས་ཐར་དགོས་ཚུལ། ཐར་བ་ལ་བསླུ་བ་མེད་པའི་སྐྱབས་ནི་དཀོན་མཆོག་གསུམ་ཡིན་པ་སོགས་བོད་བརྒྱུད་ནང་བསྟན་གྱི་བསམ་བློ་མངོན་པར་མཚོན་པ་དང་མི་སྣའི་སྣང་བརྙན་དེ་དམ་ཆོས་ལ་རྩེ་གཅིག་ཏུ་ཉམས་སུ་ལེན་པའི་རབ་བྱུང་པའམ་ནང་ཆོས་ཀྱི་ལྟ་སྤྱོད་མཚོན་བྱེད་བྱས་ཡོད། འདི་ལྟར་བོད་ཀྱི་གནའ་རབས་རྩོམ་རིག་གི་ཁྲོད་གོ་གནས་ངེས་ཅན་ཟིན་པའི་རབ་རྟོག་བརྩམས་སྒྲུང་གི་བརྗོད་བྱར་བོད་བརྒྱུད་ནང་བསྟན་གྱི་སྲོག་ཞུགས་པ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཞིག་དུ་གྲུབ།
མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཞེས་པའི་བརྩམས་སྒྲུང་འདི་ནི་རྩོམ་པ་པོ་གླིང་མདུན་དཔལ་འབྱོར་ལགས་ཀྱིས་ལྡུམ་རའི་ནང་གི་མེ་ཏོག་ཁ་ཤས་ཀྱི་རྩོད་པའི་མེ་ལོང་ལས་གསལ་བའི་གཤིས་ཀ་སློང་སྐྲུན་བྱས་ནས། ལྡུམ་ར་འདིར་མེ་ཏོག་གཅིག་གཙུག་རྒྱན་བྱས་ཏེ་གཞན་རྣམས་ལ་མཐོང་ཆུང་དམའ་འབབ་བྱ་བའམ་ཡང་ན་གཅིག་ཕན་གཅིག་རོགས་ཀྱིས་མེ་ཏོག་སོ་སོའི་བཀྲག་མདངས་རྣམ་པར་རྒྱས་པའི་འཆམ་མཐུན་དྲོ་སྐྱིད་ལྡན་པའི་ལྡུམ་ར་ཞིག་གསོ་སྐྱོང་བྱེད་པའི་ལྟ་བ་མི་འདྲ་བ་གཉིས་ཀྱི་འགལ་ཟླ་དེ་རང་ཐག་གཅོད་རྒྱུ་དེ་ཡིན་པས། མཇུག་མཐར་ཨ་མ་གཡུ་སྒྲོན་གྱིས་མེ་ཏོག་ལྡུམ་ར་འདི་ནི་སྐྱེ་བོ་ཀུན་གྱིས་སྨོན་པའི་གནས་དང་གེ་སར་སྤྱོད་རྣམས་རྩེན་པའི་གནས་ལྟ་ན་སྡུག་པ་ཞིག་དགོས་ན་གཅིག་ཕན་གཅིག་རོགས་ཀྱིས་མེ་ཏོག་སོ་སོའི་བཀྲག་མདངས་རྣམ་པར་རྒྱས་པའི་འཆམ་མཐུན་དྲོ་སྐྱིད་ལྡན་པའི་ལྡུམ་ར་ཞིག་གསོ་སྐྱོང་བྱ་དགོས་པར་བརྗོད་པ་བརྒྱུད་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཕྲག་དོག་ང་རྒྱལ་དང་། མཐོ་འདོད་གྲགས་འདོད། ཁ་ཡག་ངོ་དགའ། གཞན་ལ་ཁྱད་གསོད་དམའ་འབེབས་སོགས་མཐུན་སྒྲིལ་དང་ཀུན་མཐུན་གྱི་གནོད་བྱེད་དུ་གྱུར་པ་དག་སུན་འབྱིན་དང་དགག་རྒྱག་གིས་མཐུན་སྒྲིལ་དང་འཆམ་མཐུན། འདྲ་མཉམ་སོགས་ནི་བདེ་སྐྱིད་དང་འཕེལ་རྒྱས་ཀྱི་རྩ་བ་ཡིན་པར་ཤུགས་ཀྱིས་བསྟན་ཡོད། “རྩོམ་རིག་ནི་རིག་གནས་ཀྱི་ཆེས་འགྱུར་སླ་བའི་ཆ་དེ་ཡིན་པས། རིག་གནས་ཆ་གཞན་དག་དང་བསྡུར་ན་རིག་གནས་གཞན་གྱི་ཤུགས་རྐྱེན་ཐེབས་སླ་མོ་ཡིན།” ཞེས་པ་ལྟར། <<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ>>ལ་སྐབས་དེའི་རྒྱལ་ཕྱི་ནང་གི་རྩོམ་རིག་གིས་ཤུགས་རྐྱེན་ཐེབས་པ། བརྩམས་སྒྲུང་འདིའི་བརྗོད་བྱ་ལ་བོད་ཀྱི་སྔར་ཡོད་སྲོལ་རྒྱུན་བརྩམས་སྒྲུང་གི་བོད་བརྒྱུད་ནང་བསྟན་གྱི་ལྟ་སྤྱོད་མཚོན་པའི་བརྗོད་བྱ་ལས་གཡོལ་ནས་སྤྱི་ཚོགས་གསར་བའི་འཚོ་བ་དང་མི་ཕན་ཚུན་བར་གྱི་རྙོག་འཛིང་གི་འབྲེལ་བ་དང་ཐ་ཤལ་བའི་སྤྱོད་པ་དག་ལ་སུན་འབྱིན་དང་ཟུར་ཟ་བྱ་བའི་བརྗོད་བྱ་གསར་པ་ཞིག་བསྣན་ཡོད།
གཉིས། སྒྲིག་གཞི་གཤིབ་སྡུར།
དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་གང་དང་གང་ཞིག་ལ་མཚོན་ན། ལྷུག་བརྗོད་ནང་དོན་གྱི་རྩ་བའི་གྲུབ་ཆ་ནི་གཏམ་རྒྱུད་ཡིན་ཞིང་། བརྗོད་དོན་གྱི་གནས་སྟངས་ནི་སྒྲིག་གཞི་ཡིན་ཞེས་པས་རྩོམ་མཁན་ཞིག་གིས་བརྩམས་སྒྲུང་གི་བརྗོད་དོན་ག་གེ་མོ་ཞིག་བློས་བསླངས་བྱས་པའི་ཚེ། དོན་གྱིས་རྩོམ་གྱི་སྒྲིག་གཞིའི་སྔ་ཕྱིའི་གོ་རིམ་ནང་དོན་གྱི་གྲུབ་སྟངས་ལ་བསམ་གཞིག་གཏོང་གི་ཡོད། ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་རྩོམ་མཁན་ཚོའི་བརྩམས་ཆོས་ཀྱི་བརྗོད་དོན་ལ་ཧེ་བག་བྱུང་བས་སྒྲིག་གཞིར་ཡང་སོ་སོར་ཁྱད་ཆོས་བཟུང་ཡོད། གཏམ་པད་མའི་ཚལ་གྱི་ཟློས་གར་ལས་གསེར་སྦྲང་འདབ་ཡངས་ཀྱིས་འཆི་བ་མི་རྟག་པ་ཡིན་པར་རྟོགས་ནས་འཁོར་བར་ངེས་འབྱུང་གཏིང་ནས་སྐྱེས་ཏེ་མི་ཚེ་དོན་ཡོད་བྱ་ཕྱིར་བྲམ་ཟེ་ཁྱིའུ་པད་མ་དགྱེས་པ་ལས་དམ་ཆོས་ཞུས་ནས་ཐར་བའི་ལམ་དུ་ཞུགས་སྟངས་ནི་ ལས་འབྲས་ཀྱི་བླང་དོར་དེ་ཡག་པོ་བྱས་ནའང་རང་ཉིད་འཁོར་བ་ལས་ཐར་བ་ཞིག་མ་བྱུང་ན་རང་ཉིད་སླར་ཡང་སྡིག་པ་བསགས་ནས་ངན་སོང་ལ་སྐྱེ་དགོས་བར་བརྟེན་འཁོར་བ་དེ་སྡུག་བསྔལ་ཡིན་པ་ཤེས་དགོས་པ་དང་། སྡུག་བསྔལ་ཡོང་སའི་རྩ་བ་དེ་ཉོན་མོངས་དུག་གསུམ་ཡིན་པས་ཀུན་འབྱུང་བདེན་པ་ཡིན། ཉོན་མོངས་སྤོང་བ་ནི་འགོག་པའི་བདེན་པ་ཡིན། ཉོན་མོངས་སྤོང་བའི་རྒྱུ་ལམ་བསླབ་པ་གསུམ་ཡིན་པས་ལམ་གྱི་བདེན་པ་ཡིན།” ཞེས་ནང་ཆོས་ཀྱི་བདེན་པ་བཞིའི་རྣམ་གཞག་ལ་སྦྱར་ཡོད་ཏེ། དེ་ནི་གཏམ་པད་མའི་ཚལ་གྱི་ཟློས་གར་གྱི་སྒྲིག་གཞི་ཡིན། འཚོ་གནས་ཀྱི་རྣམ་པ་ནི་སྒྲིག་གཞིའི་རྣམ་པ་ཡིན་ཞེས་པ་ལྟར་དུ་རྩོམ་པ་པོའི་ནང་ཆོས་དོན་གཉེར་བྱེད་སྟངས་ནི་དོན་གྱིས་ཁོའི་འཚོ་གནས་ཀྱི་རྣམ་པ་ཡིན་པས། བརྩམས་ཆོས་ཀྱི་སྒྲིག་གཞིའི་རྣམ་པའང་དེ་ལྟར་གྲུབ་པ་རེད།
མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ལས་མེ་ཏོག་འགའི་བར་གྱི་ཀླན་ཀ་དེ་ཉིད་རྩོམ་གྱི་བརྗོད་བྱར་བཀོལ་ཅིང་། སྒྲིག་གཞི་ནི་ཁོ་ཚོའི་རྩོད་གླེང་གི་ངོར་གྲུབ་ཡོད། དཔེར་ན། མེ་ཏོག་ཧ་ལོས་ཨ་མ་གཡུ་སྒྲོན་གྱིས་ལྡུམ་རར་ཆུ་ལྡུག་པ་མང་བ་ཚོར་བཞིན་དུ་ད་དུང་ཁོ་མོས་ཆུ་མི་ལྡུག་བ་ཅི་ཡིན་ནམ་ཞེས་བཤད་དུས། མེ་ཏོག་སེ་བ་ཡིས་ཨ་མ་གཡུ་སྒྲོན་གྱིས་ཆུ་ལྡུག་ཟིན་པའི་གནས་ཚུལ་བཤད་པར། ཧ་ལོ་ཕྲག་དོག་དང་ང་རྒྱལ་གྱིས་ཁེངས་ནས་མེ་ཏོག་སེ་བ་ལ་སྡིགས་མོད་དང་རང་ལ་ཆེ་བརྗོད་ཀྱིས་རྩོད་གླེང་གི་འགོ་བརྩམས། དེ་ནས་ཧད་ཏྭ་མཚལ་ཀས་ཧ་ལོ་ལ་ངག་འཇམ་གྱི་སྒོ་ནས་མཐུན་སྒྲིལ་གལ་ཆེ་ཚུལ་བརྗོད་པ་ལ། ཧ་ལོ་ཁོང་ཁྲོ་ཆེན་པོ་ལངས་པ་དང་། རང་གི་ཁེ་ཕན་གྱི་ཆེད་དུ་མེ་ཏོག་ཐག་ཁྱུད་ཀྱིས་ཧ་ལོ་ལ་ངོ་བསྟོད་བྱས་པས་ཧ་ལོ་སྔར་ལས་ཁོང་ཁྲོ་དང་ང་རྒྱལ་ཆེན་པོ་ལངས་ནས་ལྡུམ་རའི་མེ་ཏོག་ཡོངས་ལ་དམའ་འབེབ་ཀྱིས་རང་ཉིད་མེ་ཏོག་གི་གཙུག་རྒྱན་བྱ་འདོད་ཀྱི་རྣམ་འགྱུར་བསྟན། མེ་ཏོག་ཁྲ་ཐིག་གིས་ཨ་མ་གཡུ་སྒྲོན་རྒྱབ་བརྟེན་ལ་བཙོལ་ནས་ཧ་ལོའི་བྱ་སྤྱོད་ལ་མི་འཐད་པའི་གཏམ་སྨྲས་ཤིང་བུང་བ་བློ་གསལ་ཡང་མ་འཐད་པར་བཅུད་ལྡན་སྦྲང་རྩི་བཟོ་བར་མེ་ཏོག་ཀུན་འདྲ་མཉམ་ཡིན་པར་གླེང་། མེ་ཏོག་ཐག་ཁྱུད་ཀྱིས་སླར་ཡང་རང་དོན་ལ་དམིགས་ནས་ཧ་ལོ་ལྡུམ་ར་ནས་དབྱུང་དགོས་ཚུལ་གྱི་ཁ་རྩོད་དང་མེ་ཏོག་ཉི་མ་ལ་ངོ་བསྟོད་བྱས། མཐར་ཨ་མ་གཡུ་སྒྲོན་གྱིས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་བསྟན་པས་མེ་ཏོག་བར་གྱི་འགལ་བ་སེལ་བར་བྱས་ནས་ལྡུམ་ར་སྔར་ལས་མཛེས་བར་གྱུར། རྩོམ་གྱི་སྒྲིག་གཞི་དེ་རྩོད་གླེང་གི་ངོར་གྲུབ་པར་བྱས་ཡོད།
གསུམ། རབ་རྟོག་གི་སྣང་བརྙན་གཤིབ་སྡུར།
རབ་རྟོག་བརྩམས་སྒྲུང་ཁྲོད་དུ་སྲོག་ཆགས་དང་རྩྭི་ཤིང་སོགས་ལ་མིའི་འདུ་ཤེས་དང་བསམ་བློ། སྐད་ཆ་བཅས་ལྡན་པར་བྱས་ནས་མིའི་བྱ་སྤྱོད་ཤུགས་སུ་བསྟན་པར་བྱས་པ་ནི་རབ་རྟོག་གི་སྣང་བརྙན་ཞེས་འབོད་པས། གཏམ་པད་མའི་ཚལ་གྱི་ཟློས་གར་ལས་མི་སྣའི་སྣང་བརྙན་དེ་དམ་ཆོས་ལ་རྩེ་གཅིག་ཏུ་མཉམ་སུ་ལེན་པའི་རབ་བྱུང་བའམ་ནང་ཆོས་ཀྱི་ལྟ་སྤྱོད་མཚོན་བྱེད་བྱས་ཡོད། མི་སྣའི་གཤིས་ཀ་སློང་བསྐྲུན་བྱ་རྒྱུ་ལས་མི་སྣའི་ལས་དབང་ཤུགས་ཆེན་གྱིས་བརྗོད་ཡོད་པ། དཔེར་ན། དྲང་སྲོང་དོན་ཀུན་གྲུབ་པ། བྲམ་ཟེའི་ཁྱེའུ་པད་མ་དགྱེས་པ། གསེར་སྦྲང་འདབ་ཡངས་སོགས་འཁོར་བ་སྙིང་བོ་མེད་པ་ལ་ངེས་འབྱུང་སྐྱེས་ནས་ཐར་བ་དོན་གཉེར་ལ་འབད་པས་མཚོན། མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཞེས་པའི་བརྩམས་སྒྲུང་འདིར་རྩོམ་པ་པོས་ལྡུམ་རའི་ནང་གི་མེ་ཏོག་ཁ་ཤས་ཀྱི་རྩོད་པའི་མེ་ལོང་ལས་གསལ་བའི་མེ་ཏོག་ཁ་ཤས་ཀྱི་གཤིས་ཀ་སློང་སྐྲུན་བྱས་ཡོད་ཏེ། མི་གཤིས་ནི་བརྩམས་སྒྲུང་གི་མཐར་ཐུག་གི་ཟབ་ཚད་ཡིན་ཞེས་པ་ལྟར་མིའི་གཤིས་རྒྱུད་ཇི་འདྲ་ཡིན་པ་རྟོག་འཇུག་བྱ་རྒྱུ་ནི་བརྩམས་སྒྲུང་གི་གཡོལ་དུ་མེད་པའི་བརྗོད་གཞི་ཞིག་ཡིན། བརྩམས་སྒྲུང་མི་འདྲ་བའི་མི་སྣའི་གཤིས་ཀ་ལ་ཟླུམ་གཟུགས་ཀྱི་གཤིས་ཀ་ཅན་དང་། ལེབ་གཟུགས་ཀྱི་གཤིས་ཀ་ཅན། ཟུར་ཐོན་པའི་གཤིས་ཀ་ཅན་སོགས་སུ་དབྱེ་བ་མཛད་ཡོད་ཅིང་། ད་དུང་མི་སྣ་འབྲི་བར་ཕྱོགས་གཉིས་སུ་དགར་རུང་སྟེ། གཅིག་ནི་མི་སྣའི་ལས་དབང་བརྗོད་པ་དང་ཅིག་ཤོས་ནི་མི་སྣའི་གཤིས་ཀ་འབྲི་བ། གཞུང་ལུགས་འདི་ཚད་གཞིར་སྤྱད་ནས་བརྩམས་སྒྲུང་གཉིས་ཀྱི་མི་སྣའི་སྣང་བརྙན་ལ་བཅོལ་ན། གཏམ་པདྨའི་ཚལ་གྱི་ཟློས་གར་ཁྲོད་ཀྱི་མི་སྣའི་གཤིས་ཀ་བཞེངས་བསྐྲུན་བྱས་པ་ནི་ལེབ་གཟུགས་ཅན་དང་མི་སྣའི་ལས་དབང་བརྗོད་པ་གཙོ་ཆེ། དཔེར་ན། མི་སྣ་གཙོ་བོ་གསེར་སྦྲང་འདབ་ཡངས་ནི་ན་ཚོད་གཞོན་པ། ཤེས་རབ་དར་བ། བློ་ཁོག་ཡངས་བ། གསར་འགྲོགས་མེད་པ། རྒྱུ་བ་ལྷོད་པ། གཏོང་ལ་དགའ་བ་དང་གཡུ་སྦྲང་ངག་སྙན་ནི་གཏོང་ཕོད་ཆེ་བ། ཕན་སེམས་ལྡན་པ། ངང་རྒྱུད་འཇམ་པ། ཆོས་ལ་དཀར་བ། གཡོ་རྒྱུད་མེད་པ། ཕྲག་དོག་དང་སེར་སྣ་ཆུང་བ་ཡིན་ཞེས་པས་མི་སྣར་ཡ་རབས་སྤྱོད་བཟང་གི་སྐྱོན་གང་ཡང་མེད་པ་ལྟ་བུའི་གཤིས་ཀའི་ངོས་གཅིག་ཁོ་ན་ལས་མི་གསལ་ཕྱིར། སྒྱུ་རྩལ་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་གཤིས་ཀ་ཆིག་རྐྱང་བ་ཙམ་ལས་ཐུན་མིན་གྱི་རང་གཤིས་བཞེངས་བསྐྲུན་བྱས་མེད། མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ལས་མི་སྣའི་གཤིས་ཀ་བཞེངས་བསྐྲུན་བྱས་པ་ནི་ཟུར་ཐོན་པའི་གཤིས་ཀ་ཅན་ཡིན་ལ་མི་སྣའི་ལས་དབང་བརྗོད་པ་དེ་མ་ཡིན་པར་གཤིས་ཀ་འབྲི་བ་ཡིན་པ། དཔེར་ན། ཧ་ལོ་མེ་ཏོག་ནི་ཕྲག་དོག་ཆེ་ཞིང་ཁ་ཡག་ངོ་དགའ་ལ་དགའ་བ། ང་མཐོ་ང་ཆེའི་སེམས་པ་དང་མཐོ་འདོད་གྲགས་འདོད་ལ་མོས་པ། གཞན་ལ་ཁྱད་གསོད་དང་དམའ་འབེབས་བྱེད་མཁན་ཞིག་ཡིན་པ། ཧ་ལོའི་ལོ་མ་རྣམས་ཟིང་ཟིང་དུ་ལངས་ཤིང་། མེ་ཏོག་གི་འདབ་མ་ནི་སྨུག་པོར་གྱུར་ནས་སྐད་གསར་མཐོན་པོས། སེ་བ་སེར་ཆུང་ལྐོག་མདའ་མ་འཕེན་ཨང་། །རྐྱེན་གཅིག་མེད་པར་ན་ཚ་གང་ནས་ལངས། །མེ་གཅིག་མེད་པར་དུ་བ་གང་ནས་ཐོན། །ཁྱེད་ཀྱིས་ང་ལ་ཟུར་ཟ་བྱེད་པ་ནི། །བློ་ཆུང་ཕྲག་དོག་ལངས་བའི་རྟགས་མཚན་རེད། །ང་རྒྱལ་ཞེ་སྡང་ཅི་ཙམ་བྱས་གྱུར་ཀྱང་། །མཛེས་ལྡན་ཧ་ལོའི་མཛངས་ཡོན་འཕྲོག་མི་ཐུབ། །ཞེས་པ་དང་དཀར་མདངས་འཕྲོ་བའི་ཧ་ལོའི་མེ་ཏོག་ནི། །ཀུན་གྱི་ཡིད་དབང་འགུག་པའི་ལྕགས་ཀྱུ་ཡིན། །ལྡུམ་ར་འདི་ན་ཧ་ལོ་མེད་གྱུར་ན། །མེ་ཏོག་ལྡུམ་རའི་མིང་ནི་ག་ལ་ཐོབ། །ད་དུང་ཁྱེད་དང་འདྲ་བའི་རྩྭ་སྙིགས་མང་སྐྱེས་ཀྱང་། །མཛེས་ལྡན་ཧ་ལོར་འགྲན་ཟླ་ག་ལ་ཐུབ། །ཞེས་པ་སོགས་སྤྱི་ཚོགས་སྟེང་གི་ཡོན་ཏན་ཅུང་ཟད་ཡོད་པ་རྒྱུར་བྱས་ནས་མཐོ་བ་ལ་ཕྲག་དོག་དང་མཉམ་པ་ལ་འགྲན་འཛུགས་པ། དམའ་ལ་ཁྱད་གསོད། མཐོ་འདོད་ཆེ་འདོད་ཁོ་ན་ལྷུར་ལེན་པའི་ཐ་ཤལ་སྐྱེས་བུའི་མཚོན་བྱེད་དུ་གྱུར་ཡོད། དེ་བཞིན་ཐག་ཁྱུད་མེ་ཏོག་ནི་ཡིན་མིན་གྱི་དབྱེ་བ་ཤེས་བཞིན་དུ་རང་གི་ཁེ་གྱོང་ལ་དམིགས་ནས་བདེན་ལུགས་སྦས་ཏེ་གཅམ་གསག་ཟོལ་ཚིག་སྨྲ་བ། མཐོ་ས་ལ་ངོ་དགའ་དང་དམའ་ས་ལ་ཁྱད་གསོད། བྱ་བའི་འགྱུར་ལྡོག་དང་བསྟུན་ནས་བྱ་བ་སྒྲུབ་པའི་རང་ཚུགས་ཤོར་ཞིང་ལངས་ཕྱོགས་མེད་པ། གཞན་བརྟེན་ལ་དགའ་བ་ཞིག་ཡིན་པ། མེ་ཏོག་ཁྲ་ཐིག་ནི་གཞན་རྣམས་དང་བསྡུར་ན་བདེན་ལུགས་འཛིན་ཞིང་། སྙིང་སྟོབས་ཡོད་པའི་དྲང་བདེན་ལ་དགའ་བ་ཅན་ཞིག་ཡིན་ཡང་། ཨ་མ་གཡུ་སྒྲོན་ལྟ་བུའི་རྒྱབ་བརྟེན་མེད་ན་བདེན་ལུགས་ཁར་འབྱིན་མི་ཐུབ་མཁན་ཞིག་ཡིན་པའི་མཚོན་བྱེད་དུ་གྱུར་ཡོད། ཧད་ཏ་མཚལ་ཀ་ནི་བསམ་པ་བཟང་ཡང་བདེན་དོན་མཐར་འཁྱོལ་མི་ཐུབ་མཁན་གྱི་མཚོན་བྱེད་དུ་གྱུར་ཡོད། མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ལས་རྩོམ་གྱི་མི་སྣ་མེ་ཏོག་རྣམས་ལ་རང་ཉིད་ཀྱི་གཤིས་ཀ་ཆེས་གསལ་ཞིང་འབྱོར་ལ་སྤྱི་ཚོགས་ཀྱི་རང་གཤིས་ཀྱང་ཡོད་པ་ཅན་དུ་བཞེངས་བསྐྲུན་བྱས་པར་སྣང་།
གཏམ་པདྨའི་ཚལ་གྱི་ཟློས་གར་ཀྱི་བརྗོད་བྱ་དང་སྒྲིག་གཞི། མི་སྣའི་སྣང་བརྙན་བཅས་བོད་བརྒྱུད་ནང་བསྟན་གྱི་ལྟ་སྒོམ་ལ་ཤུགས་ཅན་གྱིས་སྦྱར་ཡོད་སྟབས། དེ་ལ་རྩོམ་རིག་གི་ཁྱད་གཤིས་ཀྱི་ངོས་ནས་ཚད་བཅལ་ན་སྒྱུ་རྩལ་དང་མཛེས་རྟོག་གི་རིན་ཐང་ཆེན་པོ་མེད་པས། དེ་ལྟ་བུའི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དེ་སྒྱུ་རྩལ་གྱི་བྲོ་བ་ལྡན་པའི་རྩོམ་རིག་གི་ཁྲི་འཕང་མཐོན་པོར་འཛེགས་ཐབས་དེ་བས་མེད་དོ། དེང་རབས་ལ་མཐོང་ཆེན་བྱེད་པ་ནི་ཐོད་བརྒལ་གྱི་ལམ་བུ་འཚོལ་ཞིབ་བྱེད་པ་ཡིན་ཕྱིར། མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཡིས་སྲོལ་རྒྱུན་རབ་རྟོག་རྩོམ་རིག་གི་ཁྱད་ཆོས་ཏེ་རབ་རྟོག་གི་རྩོམ་ཐབས་སྤྱད་ཡོད་པ་དང་མི་སྣའི་ཁ་བརྡས་རྩོམ་གྱི་གྲུབ་ཆ་གལ་ཆེན་ཟིན་ཡོད་པ་གཉིས་རྒྱུན་འཛིན་བྱས་ཐོག། དེའི་སྟེང་བརྗོད་བྱར་མིའི་འཚོ་བ་དང་སེམས་ཁམས། ཚེ་འདིའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་བརྗོད་ནས་མིའི་རང་གཤིས་ལ་རྟོག་འཇུག་བྱས་ཡོད་པ་བཅས་ནི་སྲོལ་རྒྱུན་བརྩམས་སྒྲུང་གི་རྩོམ་ཐབས་ལས་རིང་དུ་བརྒལ་ཡོད་པས། གཏམ་པདྨའི་ཚལ་གྱི་ཟློས་གར་དང་བསྡུར་ན་ལྟོས་བཅས་ཀྱིས་བརྩམས་སྒྲུང་ཞེས་པའི་རྩོམ་ལུས་ཀྱི་རྣམ་པ་གྲུབ་པའམ་ཡང་ན་བརྩམས་སྒྲུང་ཞེས་པར་ལྡན་འོས་པའོི་ཆ་རྐྱེན་ལྡན་ཞིང་འཛོམས་འོས་ཀྱི་ཁྱད་ཆོས་འཛོམས་པར་མཐོང་། །
◆ བསོད་ནམས་དོན་གྲུབ། བོད་ལྗོངས་སློབ་ཆེན་རིག་གཞུང་ཞིབ་འཇུག་སློབ་གླིང་གི་2016ལོའི་ཞིབ་འཇུག་སློབ་མ་ཡིན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1