《བོད་ལྗོངས་ཀྱི་དམངས་ཁྲོད་གནམ་དཔྱད་གཏམ་དཔེའི་ཕྱོགས་བསྒྲིགས》(བོད་ཡིག་པར་གཞི)དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། 04-02


             མིག་སྔར།《བོད་ལྗོངས་ཀྱི་དམངས་ཁྲོད་གནམ་དཔྱད་གཏམ་དཔེའི་ཕྱོགས་བསྒྲིགས》(བོད་ཡིག་པར་གཞི)ཐོག་མ་དཔེ་སྐྲུན་འགྲེམས་སྤེལ་གྱི་མཛད་སྒོ་དེ་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་སུ་འཚོགས་ཤིང་།འདི་ནི་གནའ་ནས་ད་ལྟའི་བར་གྱི་བོད་ལྗོངས་ཀྱི་གནམ་གཤིས་སྐོར་གྱི་གཏམ་དཔེ་བསྡུ་སྒྲིག་བྱས་པ་ཆ་ཚང་ཤོས་དང་།སྣ་ཁ་མང་ཤོས།ནང་དོན་ཆེས་ཆ་ཚང་བའི་དམངས་ཁྲོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས་ཤིག་ཡིན།
སྔ་ཕྱིར་ལོ་60ཡན་གྱི་རྒན་རྒོན་200ལྷག་ལ་བཅར་འདྲི་བྱས་པ།
             བོད་ལྗོངས་ཀྱི་དམངས་ཁྲོད་ཀྱི་གནམ་གཤིས་གཏམ་དཔེ་བསྔོག་འདོན་དང་ལེགས་སྒྲིག་དང་།སྔར་ལས་ལེགས་པོའི་སྒོ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱ་ཆེད།2016ལོར།བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས“བོད་ལྗོངས་དམངས་ཁྲོད་ཀྱི་གནམ་གཤིས་གཏམ་དཔེ་བསྡུ་སྒྲིག་དང་ལེགས་སྒྲིགདཔེ་སྐྲུན”གྱི་ཞིབ་འཇུག་ལས་གཞིའི་རྣམ་གྲངས་ཇུས་འགོད་བྱེད་འགོ་ཚུགས་ཤིང་།ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་པོའི་འོགལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ཞིབ་ཕྲའི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་ཀྱི་འགན་འཁུར་ཏེ་ཆེད་མཁས་པ་རང་ལྗོངས་ཀྱི་ས་ཁུལ་གྲོང་ཁྱེར་བདུན་དང་རྫོང་(ཆུས་)72དང་ཤང་(གྲོང་རྡལ)མང་ཆེ་བར་རྟོག་ཞིབ་གཏིང་ཟབ་བྱ་བའི་རྩ་འཛུགས་བྱས་ཏེ།དུས་ཡུན་ལོ་གཅིག་ལྷག་ཙམ་སོང་ཞིང་།སྔ་ཕྱིར་ལོ60ཡན་གྱི་རྒན་རྒོན་200ལྷག་ཙམ་ལ་བཅར་འདྲིས་བྱས་ཏེ།དམངས་ཁྲོད་ཀྱི་གནམ་དཔྱད་ཀྱི་གཏམ་དཔེ་དང་སྲོལ་རྒྱུན་གྱི་ཞིང་ལས་རིག་གནས་དང་འབྲོག་ཁུལ་རིག་གནས་ཀྱི་འབྲེལ་ཡོད་རྒྱུ་ཆ་འབོར་ཆེན་སྡུད་སྒྲིག་དང་ལེགས་སྒྲིག་བྱས་པར་མ་ཟད།ལས་གཞིའི་ཆེད་མཁས་པའི་ཚན་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད།མཐར་བདེན་ཐུབ་རང་བཞིན་དང་།རིག་གནས་རང་བཞིན།ལོ་རྒྱུས་དཔྱད་ཡིག་གི་རང་བཞིན།ཚན་རིག་རང་བཞིན།ཞིབ་འཇུག་རང་བཞིན་གཅིག་བསྡུས་ཀྱི《བོད་ལྗོངས་ཀྱི་དམངས་ཁྲོད་གནམ་དཔྱད་གཏམ་དཔེའི་ཕྱོགས་བསྒྲིགས》ཞེས་པའི་དེབ་གཅིག་ཕྱོགས་བསྒྲིགས་བྱས།
             རྣམ་གྲངས་འདི་ད་དུང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་2017ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱི་གསར་གཏོད་རྣམ་གྲངས་སུ་བདམས་པ་རེད།
རྒྱ་ཡིག་གི་པར་གཞི་དེ་ད་ལོར་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན།《བོད་ལྗོངས་ཀྱི་དམངས་ཁྲོད་གནམ་དཔྱད་གཏམ་དཔེའི་ཕྱོགས་བསྒྲིགས》(བོད་ཡིག་པར་གཞི)ལ་ཡིག་འབྲུ་ཁྲི8ལྷག་ཡོད་པ་དང་།བསྡོམས་པས་ལེའུ་གསུམ་དང་ས་བཅད25ཡོད་ཅིང་།དེར་གནམ་དང་སྤྲིན་གྱི་སྣང་ཚུལ་དང་།སྐར་མའི་སྣང་ཚུལ།རི་སྐྱེས་སྲོག་ཆགས་ཀྱི་གོམས་གཤིས་དང་འགུལ་སྐྱོད།སྐྱེ་དངོས་ཀྱི་སྐྱེ་ཚད་དང་དུས་ཚིགས་ཀྱི་བརྗེ་རེས་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ནམ་ཟླ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ཐད་ཀྱི་རིགས་བཅུ་ལྷག་དང་།གནམ་གཤིས་ཀྱི་གཏམ་དཔེ་270ལྷག་བསྡུས་ཡོད།དེ་མིན་སྲོལ་རྒྱུན་གྱི་རྨོ་འདེབས་དཔྱིད་འདེབས་དང་།ལོ་ལེགས་བྱུང་བའི་མཛད་སྒོའི་རིག་གནས་དང་ཞིང་ལུད་དང་།ཞིང་ཆུ་གཏོང་བ་དང་།སྟོན་བསྡུ་བ།ཕྱུགས་རིགས་གསོ་སྐྱོང་སོགས་གནམ་གཤིས་དང་འབྲེལ་བ་ཡོད་པའི་ཞིང་འབྲོག་ལས་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་བཞག་དང་སྲོལ་རྒྱུན་གྱི་ཐོན་སྐྱེད་ཉམས་མྱོང་དང་།རྩལ་ནུས་ཐད་ཀྱི་ནང་དོན་སྡུད་སྒྲིག་བྱས་ཏེ་འཐུས་ཚང་དང་ཆ་ཚང་བའི་དམངས་ཁྲོད་ཀྱི་གནམ་དཔྱད་གཏམ་དཔེའི་ཟིན་ཐོ་ཞིག་གྲུབ་ཡོད།
             ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུད་ཀྱི་ཏང་ཙུའུ་ཧྲུའུ་ཅི་མའོ་ཧྲི་ཁྲེང་གིས་བཤད་རྒྱུར།《བོད་ལྗོངས་ཀྱི་དམངས་ཁྲོད་གནམ་དཔྱད་གཏམ་དཔེ་ཕྱོགས་བསྒྲིགས》ཀྱི་ནང་དོན་གྱི་ཡིད་རྟོན་རང་བཞིན་དང་གོ་སྐོན་བློ་འགུག་གི་བྱེད་ནུས་ཇེ་ཆེར་གཏོང་ཆེད།ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུད་ཀྱིས་གནམ་གཤིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་མཐོ་སྒང་གི་ནམ་ཟླ་དང་།གནམ་གཤིས་ཀྱི་ཁྱད་ཆོས།མཐོ་སྒང་གི་ཆུ་རླངས་ཀྱི་འབྱུང་ཁུངས་དང་བགྲོད་ལམ།གནམ་གཤིས་ཀྱི་སྣང་ཚུལ་གྱི་དངོས་ལུགས་ལམ་སྲོལ་སོགས་ཀྱི་ཐད་ནས་ཚབ་མཚོན་རང་བཞིན་ལྡན་པའི་དམངས་ཁྲོད་ཀྱི་གནམ་དཔྱད་གཏམ་དཔེར་དེང་རབས་ཀྱི་གནམ་གཤིས་གཞུང་ལུགས་ཀྱིས་འགྲེལ་བཤད་བརྒྱབ་སྟེ།གོ་བདེ་ཤེས་སླ་བའི་མཆན་འགྲེལ་བཟོས་ཡོད།དུས་མཚུངས་སུ།དཔེ་མཚོན་ཁ་ཤས་ཀྱི་དམངས་ཁྲོད་ཀྱི་གནམ་དཔྱད་གཏམ་དཔེས་ས་མཐོའི་ཆུ་རླངས་སྐྱེལ་འདྲེན་གྱི་ཐབས་ལམ་དང་།ས་མཐོའི་དཔེ་མཚོན་འཁོར་རྒྱུན་གྱི་གནས་བབ་དང་མཛུབ་སྟོན་རང་བཞིན་སྤྲིན་རིས་དང་།འཁོར་སྐར28ལྷག་དང་།སྲོལ་རྒྱུན་གྱི་རྨོ་འདེབས་མཛད་སྒོའི་བར་བཅུག་རི་མོ་བཟོས་ཏེ་འགྲེལ་བཤད་བརྒྱབ་ནས་མི་དམངས་མང་ཚོགས་ལ་ལྟ་ཀློག་དང་གོ་བདེ་བ་བྱས་ཡོད།
             ཤེས་རྟོགས་བྱུང་བར་གཞིགས་ན།《བོད་ལྗོངས་ཀྱི་དམངས་ཁྲོད་གནམ་དཔྱད་གཏམ་དཔེ་ཕྱོགས་བསྒྲིགས》(རྒྱ་ཡིག་པར་གཞི)ཀྱི་རྩོམ་སྒྱུར་ལས་དོན་བྱེད་མགོ་བརྩམས་ཏེ་འདི་ལོའི་ནང་པར་སྐྲུན་འགྲེམས་སྤེལ་བྱ་ཐུབ་བརྩོན་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1