རྔ་བ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་སུའུ་ཅོན་ལ་བཅར་འདྲི་བྱས་པ།
ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-03
ཁུལ་ཚོགས་ཆེན་གཉིས་ཀྱི་《སྲིད་གཞུང་གི་ལས་དོན་སྙན་ཞུ》རུ། 2018ལོའི་ཁུལ་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་པ་སྟེ། གོ་སྐབས་དམ་འཛིན་བྱེད་པ་དང་། གྲོང་གསེབ་སྤེལ་གཏོང་བ་དང་། རིག་གནས་དར་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་འཐབ་ཇུས་དང་རང་འགུལ་གྱིས་འབྲེལ་ཏེ། འབད་པ་ཆེན་པོས“ས་ཕྱོགས་གཅིག་ལ་ལམ་བུ་གཅིག” དང་། “འབྲི་ཆུའི་དཔལ་འབྱོར་ས་ཁུལ”དང་། “སི་ཁྲོན་དང་། ཀན་སུའུ་དང་། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་ས་ཁུལ” སོགས་ཀྱི་འཐབ་ཇུས་ཀྱི་བཀོད་པར་ཞུགས་ཏེ། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་བར་སྟོང་གྲུབ་སྟངས་ཇེ་ལེགས་སུ་གཏང་དགོས། ཉེ་བའི་ལོ་འགའི་རིང་ནས་རྔ་བ་རྫོང་གིས“སི་ཁྲོན་དང་། ཀན་སུའུ་དང་། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ས་ཁོངས་འཕེལ་རྒྱས་ཀྱི་སྔོན་སྐྱོད་རྫོང་”དང་། བཟང་པོ་ལྔ་དང་ལྡན་པའི་རྔ་བ་འཛུགས་སྐྲུན་བྱེད་པའི་ལས་འགན་ལ་ཆེས་ཆེར་དམིགས་ནས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་དམིགས་སུ་བཟུང་སྟེ། མཛེས་སྡུག་ལྡན་ལ་མཐུན་སྒྲིལ་ཆེ་བའི་རྔ་བ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། ཉིན་འགའི་སྔོན་དུ། འདི་ག་གསར་འགྱུར་ཁང་གི་གསར་འགོད་པས་རྔ་བ་རྫོང་གིས་ཁུལ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཇི་ལྟར་དོན་འཁྱོལ་བྱ་རྒྱུའི་ཐད་དང་། འཕེལ་རྒྱས་དང་བརྟན་འཇགས། དམངས་འཚོ་སོགས་གཙོ་གནད་ཀྱི་ལས་དོན་རྣམས་ལ་ཆེད་དམིགས་ཀྱིས་རྔ་བ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་སུའུ་ཅོན་ལ་བཅར་འདྲི་བྱས་པ་ཡིན།
གསར་འགོད་པ། 《 སྲིད་གཞུང་གི་ལས་དོན་སྙན་ཞུ》རུ། 2018 ལོའི་རང་ཁུལ་གྱི་ལས་དོན་སོ་སོ་བཀོད་སྒྲིག་བྱས་པ་རེད། ཁུལ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་ཡོང་ཆེད། 2018ལོར་རྔ་བ་རྫོང་ལ་གཙོ་གནད་དུ་གྱུར་པའི་ལས་དོན་བཀོད་སྒྲིག་བྱས་པ་གང་དག་ཡོད་དམ།
སུའུ་ཅོན། 2018 ལོར། རྔ་བ་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་ནམ་ཡང་དམ་དུ་བཟུང་ནས། ཞིང་ཨུ་དང་། ཁུལ་ཨུའི་ཐབས་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁུལ་ཚོགས་ཆེན་གཉིས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་ལག་ལེན་ནན་ཏན་བྱེད་པ་དང་། སི་ཁྲོན་དང་། ཀན་སུའུ་དང་། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ས་ཁོངས་འཕེལ་རྒྱས་ཀྱི་སྔོན་སྐྱོད་རྫོང་འཛུགས་བྱེད་པའི་དམིགས་ཡུལ་ལ་བསམས་ནས། ལས་རིགས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པ་དང་། མང་ཚོགས་རྣམས་ལ་དོན་གྱི་བདེ་སྐྱིད་འཐོབ་པར་སྔར་བས་མཐོང་ཆེན་བྱ་ངེས་པར་མ་ཟད། ཁྲིམས་སྐྱོང་ལག་ལེན་ནན་ཏན་བྱེད་པར་མཐོང་ཆེན་དང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ རྒྱུན་ཆད་མེད་པར་ཆེ་རུ་གཏང་ངེས་ཡིན། ཏང་འཛུགས་སྐྱོང་ལ་སྔར་བས་མཐོང་ཆེན་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏང་ངེས་ཡིན་ལ། རྔ་བ་རྫོང་འཕེལ་རྒྱས་ཆེས་ཆེར་གཏོང་བ་དང་ཡུན་རིང་བདེ་འཁོད་ཡོང་བའི་དངོས་པོའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི་དང་། སྤྱི་ཚོགས་ཀྱི་རྨང་གཞི་དང་། སྲིད་སྐྱོང་གི་རྨང་གཞི་བཅས་རིམ་གྱིས་སྲ་བརྟན་དུ་གཏང་ངེས་ཡིན། .
གསར་འགོད་པ། 2018ལོར། གཙོ་གནད་ཀྱི་ལས་དོན་བཀོད་སྒྲིག་ལ་ཕྱོགས་པའི་བྱེ་བྲག་གི་ཐབས་བཀོད་གང་དག་ཡོད་དམ།
སུའུ་ཅོན། ང་ཚོས་ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་འཕེལ་ཕྱོགས་ཟིན་ཞིང་། དམིགས་ཡུལ་དམ་པོར་བཟུང་ནས་ནུས་པ་གཅིག་སྒྲིལ་གྱིས་དབུལ་བྲལ་གནད་སྒྲོལ་བྱ་ངེས་ཡིན།
གཅིག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱིས་སྣེ་ཁྲིད་དེ། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་ངེས་ཡིན།
གཉིས་ནས་མི་དམངས་དཀྱིལ་སྙིང་དུ་བཟུང་བའི་འཐབ་ཕྱོགས་ཀྱིས་སྣེ་ཁྲིད་དེ། ནུས་པ་ཡོད་རྒུ་བཏོན་ནས་དབུལ་བྲལ་གནད་སྒྲོལ་བྱ་ངེས་པར་མ་ཟད། དབུལ་བྲལ་གནད་སྒྲོལ་དེ་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བའི་ལས་འགན་དང་པོར་གཞག་ངེས་ཡིན།
གསུམ་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་། དེར་ཤུགས་སྣོན་བྱེད་པ་བརྒྱུད་དེ། སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ངེས་ཡིན།
བཞི་ནས་དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་རེ་བ་ལྟར། བློ་བརྟན་འགྱུར་མེད་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གོང་མཐོར་གཏང་ངེས་ཡིན།
གསར་འགོད་པ། གཙོ་གནད་ཀྱི་ལས་དོན་རྒྱ་ཆེར་སྤེལ་བ་བརྒྱུད་དེ། འཕེལ་རྒྱས་ཀྱི་དམིགས་ཚད་ཅི་འདྲ་ཞིག་ཏུ་འཐོན་པ་བྱ་ངེས་ཡིན་ནམ།
སུའུ་ཅོན། ལོ་གསར་བ་འདི་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པ་ཞིག་ཡིན་པས། ང་ཚོས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་བཅས་ཀྱི་འགྱུར་བ་མེད་པའི་འགོ་ཁྲིད་འོག་ཏུ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། ཡིད་ཆེས་དམ་དུ་བཟུང་བ་དང་། བསྒྱུར་བཅོས་གསར་གཏོད་བྱེད་པ་དང་། གནད་སྒྲོལ་དཀའ་སེལ་བྱ་ངེས་པར་མ་ཟད། དཔལ་འབྱོར་ཆག་མེད་དུ་འཕེལ་རྒྱས་ཡོང་བར་བརྩོན་ངེས་ལ། རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་འགྱུར་ཡོང་བ་དང་། སྤྱི་ཚོགས་སྤྱི་ཡོངས་ནས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་དང་། དམངས་འཚོ་ལེགས་གཏོང་ལ་ཆད་མེད་དུ་ཕན་འབྲས་ཐོན་པ་དང་། དབུལ་ཕོངས་རྣམས་དབུལ་སྒྲོལ་བྱེད་པར་རྒྱལ་ཁ་ཨ་ནས་ཡང་དུ་ལེན་པ་དང་། ཁྲིམས་ལྟར་རྫོང་སྐྱོང་བ་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་བྱེད་ཤུགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བཅས་ལ་སྐུལ་འདེད་ཆེས་ཆེར་གཏང་ངེས་པར་མ་ཟད། རྔ་བ་རྫོང་དུས་ཚད་ལས་བརྒལ་བའི་འཕེལ་རྒྱས་ཡོང་བ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་བ་ཆགས་པར་སྒོ་ཀུན་ནས་འབད་དེ། རྒྱལ་ཡོངས་དང་། ཞིང་ཆེན་ཡོངས་དང་། ཁུལ་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་ནུས་པ་ཡོད་ཚད་གདོན་ངེས་པ་ཡིན་ནོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1