༄༅།། སློབ་དཔོན་རྟ་དབྱངས་ཀྱི་བརྩམས་ཆོས་སྐོར་ཅུང་ཟད་བཤད་པ།

རྒྱ་ཡེ་བཀྲ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-03


རྒྱ་ཡེ་བཀྲ་བྷོ།
ནང་དོན་གནད་བསྡུས། རྩོམ་འདིའི་ནང་སློབ་དཔོན་རྟ་དབྱངས་སམ་དཔའ་བོས་མཛད་པའི་བསྟན་བཅོས་ལས་ནང་དོན་རིག་པ་དང་།  གསོ་རིག   སྙན་ངག་ལ་སོགས་ཀྱི་ཁྱད་ཆོས།  དེ་དག་གྲགས་པ་ཇི་འདྲ་ཡོད་མེད།  རྒྱ་བོད་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཇི་འདྲ་བྱུང་ཡོད་མེད་དང་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་བཟུང་ཡོད་ཚུལ་བཅས་ལ་དཔྱད་པ་བྱས་ཡོད། 
བརྡ་ཆད་གཙོ་བོ།  སློབ་དཔོན་རྟ་དབྱངས།  བརྩམས་ཆོས།  གསོ་རིག   ནང་དོན་རིག་པ།  སྙན་ངག ཀྲུང་གོའི་དཔེ་དེབ་དབྱེ་རྟགས།  129 ཡིག་ཚང་མཚོན་བྱང་།  A   རྩོམ་གྱི་གོ་རིམ་ཨང་སྒྲིག 1002-946x(2008)01-063-10 
དང་པོ། མཁས་པའི་བྱ་བ་རྣམ་གསུམ་གྱི་ཆ་ནས་སློབ་དཔོན་རྟ་དབྱངས་ཀྱི་གསུང་གི་མཛད་པ་སྤྱིར་བསྟན་པ།
             དེ་ཡང་སློབ་དཔོན་རྟ་དབྱངས་ཞེས་སྙན་གྲགས་ཤིན་ཏུ་ཆེ་བའི་མཁས་པ་ཆེན་པོ་འདིས་མཁས་པའི་བྱ་བ་རྣམ་གསུམ་གྱི་སྒོ་ནས་མཛད་འཕྲིན་ཅི་རིགས་ཤིག་བསྐྱངས་པ་ལས་འཆད་པའི་སྒོ་ནས་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་ལོ་རྒྱུས་ཀྱི་ཡི་གེ་དག་ཏུ་བཀོད་པ་མ་མཐོང་ཡང་། སྔར་ཕྱི་རོལ་པ་ཡིན་དུས་དང་ཕྱིས་ནང་པ་ལ་ཞུགས་པའི་སྐབས་གང་ཡིན་ཡང་གཞུང་ཁྲིད་སོགས་གནང་ནས་སློབ་མ་མང་པོ་བསྐྱངས་ཡོད་པ་རྗེས་སུ་དཔོག་ནུས་ཏེ། སྐུའི་ཚ་བོ་ཁ་ཆེ་ཟླ་བ་མངོན་དགའ་ལྟ་བུའང་སློབ་དཔོན་འདི་ཉིད་ཀྱིས་འཆད་པའི་སྒོ་ནས་བསྐྱངས་པའི་སློབ་མའི་གཙོ་བོ་ཞིག་ཡིན་པ་ལ་ཐེ་ཚོམ་ཅི་ཡང་མི་དགོས་སྙམ། རྩོད་པ་ལ་འགྲན་ཟླ་མེད་པ་ནི། རྟོག་གེ་ལ་ཤིན་ཏུ་བྱང་པར་གྱུར་ཏེ། རྩོད་པའི་སྙེམས་པ་དང་བཅས་ཏེ་ཨོ་ཊི་བི་ཤ་དང་། གཽ་ར་དང་། ཏི་ར་ཧུ་ཏི་དང་། ཀཱ་མ་རཱུ་པ་ལ་སོགས་པའི་ཡུལ་རྣམས་སུ་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ། འགའ་ཞིག་ནི་མུ་སྟེགས་ལ་བཀོད། འགའ་ཞིག་གི་མངའ་ཐང་ཕྲོགས། ཁ་ཅིག་ནི་མུ་སྟེགས་ལ་ཕྱག་འཚལ་དུ་བཅུག་པ་སོགས་དམའ་དབབ་པར་བྱས། ལྷ་ཆེན་དབང་ཕྱུག་གིས་འདི་པར་མངལ་སྐྱེས་གང་གིས་ཀྱང་མི་ཐུབ་པའི་དངོས་གྲུབ་བསྩལ་ཅེས་པའང་དོན་དུ་སློབ་དཔོན་ཨཱརྱ་དེ་ཝ་མ་གཏོགས་སའི་སྟེང་ན་འདི་ལ་རྩོད་པའི་ཟླ་མེད་པའི་བརྡ་ཡིན་པར་གྲགས། ནང་པར་ཞུགས་རྗེས་རྩོད་པའི་སྒོ་ནས་ཕལ་རྒོལ་ཚར་གཅོད་པ་དང་རང་སྡེ་རིགས་པས་སྐྱོང་བ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་སྨན་པའི་བྱ་བ་མཛད་ཡོད་ངེས་མོད། དེའི་སྐོར་ཡང་ལོ་རྒྱུས་ཀྱི་ཡི་གེར་འཁོད་པ་མ་མཐོང་། སློབ་དཔོན་རྟ་དབྱངས་ཀྱི་གསུང་གི་མཛད་པ་ལས་འཆད་རྩོད་གཉིས་ནི་དེ་ལྟར་ཡིན་ལ། འདིར་གཙོ་བོ་བསྟན་བཅོས་མཛད་པའི་སྐོར་རམ་རྩོམ་པའི་མཛད་འཕྲིན་གྱི་སྐོར་ཅུང་ཟད་བཤད་ན། བོད་ཀྱི་ཡིག་ཆ་ལས་སློབ་དཔོན་རྟ་དབྱངས་ཀྱིས་སློབ་དཔོན་ཨཱརྱ་དེ་ཝ་དང་བརྩད་ནས་ཕམ་སྟེ། ནང་པའི་མདོ་རྒྱུད་བསྟན་བཅོས་ཁྱད་པར་ཅན་རྣམས་ལ་བལྟས་པས། རང་གིས་ལྟ་བ་ལོག་པར་སྤྱད་པ་ནོར་བ་དང་། རྒྱུ་འབྲས་ཁྱད་བསད་ཀྱིས་དམྱལ་བར་སྐྱེ་བར་གོ་ནས་རང་གི་བྱ་བ་མ་ཡིན་པ་ལ་འགྱོད་པ་དྲག་ཏུ་མཛད་ནས་སྒོ་གསུམ་གྱི་སྡིག་བཤགས་སུ་བསྟན་བཅོས་མང་དུ་མཛད། དོན་དུ་སློབ་དཔོན་འདིས་བསྟན་བཅོས་མང་དུ་བརྩམས་ཏེ་ཕྱི་རབས་ཀྱི་སྐྱེ་བོ་དག་ལ་ཡིད་ཀྱི་གསོས་སྨན་དུ་བསྩལ་བས། གསུང་གི་འཕྲིན་ལས་ནི་ད་ལྟའི་བར་ཡང་རྒྱུན་མ་ཆད་པར་སྣང།
 
གཉིས་པ། སློབ་དཔོན་རྟ་དབྱངས་ཀྱི་གསུང་གི་མཛད་པ་ལས་རྩོམ་པའི་ཡོན་ཏན་བྱེ་བྲག་ཏུ་བཤད་པ།
 ༡ གསོ་རིག་གི་བརྩམས་ཆོས་མཛད་པའི་སྐོར།
             བསྟན་འགྱུར་གྱི་ཁྲོད་དུ་སྦྱར་བྱང་ལ་སློབ་དཔོན་འདིའི་མཚན་གྱི་རྣམ་གྲངས་མི་འདྲ་བ་དག་བཀོད་པའི་བརྩམས་ཆོས་མང་པོ་བཞུགས་ཡོད་པ་དེ་དག་བརྗོད་བྱའི་ཆ་ནས་གཙོ་བོ་ཁག་གསུམ་དུ་འདུ་ཆོག་སྟེ། ལུས་ཀྱི་སྡིག་བཤགས་སུ་བརྩམས་པ་གསོ་རིག་གི་བསྟན་བཅོས་རྣམས་དང་། ཡིད་ཀྱི་སྡིག་བཤགས་སུ་བརྩམས་པ་ནང་རིག་པའི་བསྟན་བཅོས་རྣམས་དང་། ངག་གི་སྡིག་བཤགས་སུ་བརྩམས་པ་སྐྱེས་རབས་དང་རྣམ་ཐར།  བསྟོད་པ་རྣམས་སོ། འདིར་དེ་དག་ལས་གཙོ་ཆེ་བ་འགའ་ཞིག་ཅུང་ཟད་བཤད་ན། སློབ་དཔོན་འདི་པས་མཛད་པའི་གསོ་རིག་གི་བསྟན་བཅོས་རྣམས་ལས་གྲགས་ཆེ་བ་ནི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》ཞེས་པ་སྟེ། གནས་དྲུག་དང་ལེའུ་བརྒྱ་དང་ཉི་ཤུའི་བདག་ཉིད་ཅན་ཞིག་གོ གནས་དྲུག་གི་དང་པོ་མདོ་གནས་ལ་ལེའུ་སུམ་ཅུ་དང་། གཉིས་པ་ལུས་གནས་ལ་ལེའུ་དྲུག གསུམ་པ་ནད་ཀྱི་གནས་ལ་ལེའུ་བཅུ་དྲུག བཞི་པ་གསོ་བའི་གནས་ལ་ལེའུ་ཉེར་གཉིས། ལྔ་པ་ཆོ་ག་གྲུབ་པའི་གནས་ལ་ལེའུ་དྲུག དྲུག་པ་ཕྱི་མའི་གནས་ལ་ལེའུ་བཞི་བཅུ་བཅས་ཡོད། གཞུང་འདིར་གསོ་རིག་གི་བརྗོད་བྱ་གཙོབོ་གསོ་བྱ་ཡན་ལག་བརྒྱད་ཀྱི་དོན་རྣམས་དང་། ཟས་སྤྱོད་སྨན་དཔྱད་བཞི་སྟེ་གསོ་བར་བྱེད་པའི་ཐབས་རྣམས་ཀྱང་རྫོགས་པར་བསྟན་ཡོད་པར་མ་ཟད། ནད་ཀྱི་ངོ་བོ་དང་། སྨན་པ། ནད་པ། ནད་གཡོག་སོགས་གཞུང་དོན་དང་ཉེ་བར་འབྲེལ་བའི་སྐོར་རྣམས་ཀྱང་ཞིབ་ཏུ་བསྟན་ཡོད་པས། འདི་ནི་བརྗོད་བྱ་ཕུན་སུམ་ཚོགས་ཤིང་དོན་གྱི་ལྷུ་ལག་ཆ་ཚང་བའི་གནའ་བོའི་གསོ་རིག་གི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡིན་ལ།  འཛམ་གླིང་གསོ་རིག་ལོ་རྒྱུས་ཀྱི་སྟེང་དུ་གོ་གནས་གལ་ཆེན་བཟུང་ཡོད། སྔོན་གྱི་གསོ་བ་རིག་པའི་མཁས་པ་ཆེན་པོ་དག་གིས་འདི་ནི་སྨད་དཔྱད་ཀྱི་སྲོག་ལྟ་བུའི་བསྟན་བཅོས་སུ་བསྔགས། གསོ་རིག་གི་བསྟན་བཅོས་ཆེན་པོ་འདི་ཉིད་དུས་རབས་བཅུ་གཅིག་པར། རྒྱ་གར་གྱི་མཁན་པོ་ཛ་རནྡར་དང་ལོ་ཙཱ་བ་ཆེན་བཟང་པོ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་ཅིང་། སྡེ་དགེའི་བསྟན་འགྱུར་པོད་ཧེ་པའི་ གསོ་བ་རིག་པའི་བསྟན་བཅོས་རྣམ་བདུན་གྱི་གྲས་སུ་བཞུགས།  བསྟན་བཅོས་འདིའི་རང་འགྲེལ་དུ་གྲགས་པའི་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་པ་དང་། སྐུའི་ཚ་བོ་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་《ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་དོན་ཟླ་ཟེར་》ཞེས་པ། ཡང་དེས་མཛད་པའི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》ལས་བསྟན་པའི་སྨན་གྱི་མིང་གི་རྣམ་གྲངས་ཚིག་དོན་སྒྲ་སྦྱོར་ངེས་པ་བཅས་ཀྱང་བོད་སྐད་དུ་བསྒྱུར་ཏེ་བསྟན་འགྱུར་དུ་བསྡུས་ཡོད། སློབ་དཔོན་རྟ་དབྱངས་ཀྱིས་གཞན་ད་དུང་《གསོ་རིག་གི་བསྟན་བཅོས་ཡན་ལག་བརྒྱད་པ་ཆེན་པོ་》ཞེས་པ་དང་། 《ཡན་ལག་བརྒྱད་པ་ལ་འཇུག་པ་》ཞེས་པ་གཉིས་ཀྱང་མཛད་པར་བཤད་མོད། བོད་སྐད་དུ་བསྒྱུར་མེད་པ་འདྲ་སྟེ། བསྟན་འགྱུར་གྱི་གསོ་བ་རིག་པའི་བསྟན་བཅོས་རྣམ་བདུན་གྱི་གྲས་སུ་མ་བཞུགས་ལ། གསར་བཅུག་མདོ་དང་རིག་གནས་ལ་སོགས་པའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར་ནའང་མེད་དོ། བསྟན་འགྱུར་དུ་བསྡུས་པའི་གསོ་བ་རིག་པའི་བསྟན་བཅོས་རྣམ་བདུན་ལས་ལྔ་ནི་སློབ་དཔོན་རྟ་དབྱངས་ཀྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་འགྲེལ་བ་དང་བཅས་པའི་སྐོར་ཡིན་ལ། གཞན་《སྦྱོར་བ་བརྒྱ་པ་》དང་《སྨན་དཔྱད་འཚོ་བའི་མདོ་》གཉིས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ། རང་རེའི་གསོ་རིག་རྒྱུད་བཞིའི་ཁུངས་གཏུགས་སའང་ཀླུ་སྒྲུབ་རྟ་དབྱངས་རྗེས་འབྲང་དང་བཅས་པ་སྟེ། རྒྱ་གར་གྱི་སློབ་དཔོན་ཆེན་མོ་དེ་དག་གི་གཞུང་ཡིན་པ་ནི་བསྙོན་དུ་མེད་དོ། དེས་ན་འབུམ་བཞི་ཟེར་བའི་ཁུངས་རྒྱུད་བཞི་ལ་ཐུག་འདུག་པ་དང་། རྒྱུད་བཞིའི་ཁུངས་རྒྱ་གར་གྱི་གཞུང་དེ་དག་ལ་ཐུག་འདུག་པས། མེས་པོའི་ཡིན་མདོག་གི་བརྩམས་ཆོས་དེ་དོན་དུ་ཚ་བོའམ་ཡང་ཚའི་བརྩམས་ཆོས་ཤིག་ཏུ་གྱུར་ཡོད་པ་ནི་དངོས་པོའི་གནས་ཚུལ་ངོ་མའོ། །
             གནའ་བོའི་རྒྱ་གར་དུ་ཙ་ར་ཀའི་《གསོ་དཔྱད་བསྡུས་པ་》དང་། ལེགས་ཐོས་ཀྱི་《གསོ་དཔྱད་བསྡུས་པ།》 《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》གསུམ་ག་ནི་ཨ་ཡུརྦེ་དའམ་ཚེའི་རིག་བྱེད་ཀྱི་གཞུང་མཆོག་ཏུ་གྱུར་པ་གསུམ་དང་། དེ་དག་གི་མཛད་པ་པོ་ཙ་ར་ཀ་དང་། ལེགས་ཐོས་དང་། རྟ་དབྱངས་གསུམ་ནི་གནའ་བོའི་ཚེའི་རིག་བྱེད་ཀྱི་འཕགས་པའི་ལྷ་རྗེ་གསུམ་དུ་བརྩི། འོན་ཀྱང་ཉི་ཧོང་གི་མཁས་པ་ཡ་ནོ་མིས་ཆིས་ཨོ་(矢野道雄)ཡིས་བརྩམས་པའི་རྒྱ་གར་གྱི་གསོ་རིག་སྤྱི་བཤད་ཅེས་པར་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་མཛད་པ་པོ་ནི་སློབ་དཔོན་རྟ་དབྱངས་མིན་པར་བཤད་ཡོད།    
 
༢ ནང་རིག་པའི་བརྩམས་ཆོས་སྐོར།
             སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ནང་རིག་པའི་བསྟན་བཅོས་ཀྱི་སྐོར་ནི་སྡེ་དགེའི་བསྟན་འགྱུར་ནང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས་པོད་ཟི་པར་《རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བསྡུས་པ་》དང་། 《ལྟུང་བ་སྦོམ་པོ་བསྡུས་པ་》ཞེས་བྱ་བ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྤྱིའི་དགོངས་འགྲེལ་དུ་གཏོགས་པའི་བསྟན་བཅོས་དང་། པོད་ཚུ་པར་《བླ་མ་ལྔ་བཅུ་པ་》ཞེས་རྒྱུད་སྡེ་བཞིའི་རྣམ་གཞག་དང་དམ་ཚིག་སོགས་སྟོན་པར་གཏོགས་པའི་བསྟན་བཅོས། རྒྱུ་མཚན་ཉིད་ཐེག་པའི་ཆོས་སྐོར་ལས། པོད་ཕ་པར་《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པའི་བསྟན་བཅོས་》དང་། པོད་ཀི་པར་《ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་པདྨ་སྤུངས་པ་》ཞེས་བྱ་བ་དང་། 《དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་རིན་པོ་ཆེའི་སྒྲོན་མ་》ཞེས་བྱ་བ་དང་། པོད་ཁི་པར་《ཕ་རོལ་ཏུ་ཕྱིན་པ་བསྡུས་པ་》ཞེས་བྱ་བ་སྟེ། 《ཤེར་ཕྱིན་གྱི་དགོངས་འགྲེལ་》དབུ་མའི་སྐོར་དུ་གཏོགས་པའི་བསྟན་བཅོས། པོད་བི་པར་《ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་རྒྱ་ཆེར་བཤད་པ》ཞེས་བྱ་བ་སེམས་ཙམ་པའི་ལྟ་བ་གཏན་ལ་འབེབས་པའི་བསྟན་བཅོས། པོད་དུ་པ་དང་ནུ་པར་སོ་སོར་ཐར་པའི་མདོའི་གཞུང་འགྲེལ་སྟོད་སྨད་གཉིས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པ་འདུལ་བའི་སྡེ་སྣོད་ཀྱི་དགོངས་འགྲེལ་དུ་གཏོགས་པའི་བསྟན་བཅོས་བཅས་དང་། གཞན་ཡང་《སྨོན་ལམ་བདུན་ཅུ་པ་》ཞེས་བསྔོ་སྨོན་དང་བཀྲ་ཤིས་སུ་གཏོགས་པའི་བསྟན་བཅོས་སོགས་བཞུགས།    
             སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ནང་རིག་པའི་བསྟན་བཅོས་དེ་དག་ལས། བོད་དུ་འཕྲིན་ལས་ཆེ་བ་ནི། 《བླ་མ་ལྔ་བཅུ་པ་》དང་《སྨོན་ལམ་བདུན་ཅུ་པ་》གཉིས་ཡིན་པར་འདོད་དེ། བླ་མ་ལྔ་བཅུ་པ་ནི་སློབ་དཔོན་རྟ་དབྱངས་ཀྱིས་སློབ་དཔོན་འཕགས་པ་ལྷ་ནས་ཆོས་ཐོག་མར་ཉན་པའི་སྐབས་ལག་པ་གཉིས་ཀྱིས་རྐང་པ་ཡ་གཅིག་གི་པུས་མོ་བསྡམས་ནས་ཆོས་ཉན་པ་ན། འཕགས་པ་ལྷས་ཁྱོད་ནད་པ་ཡིན་ནམ་ཞེས་བཀའ་བཀྱོན་གནང་བ་ལ་བརྟེན་ནས། སློབ་དཔོན་རྟ་དབྱངས་ཀྱིས་བླ་མ་ལྔ་བཅུ་པ་གསུངས་པར་གྲགས་ཤིང་། བླ་མ་ལྔ་བཅུ་པ་ལས་རང་ལ་གསང་སྔགས་ཀྱི་དབང་སྐུར་མཁན་རྡོ་རྗེ་སློབ་དཔོན་ཇི་ལྟར་བསྟེན་ཚུལ་ཞིབ་ཏུ་བཤད་ཡོང་པས། འདི་ནི་བོད་ཀྱི་བླ་མ་བསྟེན་ཚུལ་གྱི་གཞུང་ལུགས་གལ་ཆེན་ཞིག་དང་། བོད་ཀྱི་བླ་མ་བསྟེན་ཚུལ་གྱི་བསམ་བློའི་ཁུངས་བཅོལ་ས་གཙོ་བོ་ཞིག་ཡེན་ཏེ། རྗེ་ཙོང་ཁ་པས་ཀྱང་《བྱང་ཆུབ་ལམ་རིམ་ཆེན་མོ་》ཡི་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་སུ་བསྟན་བཅོས་འདི་ལས པུང་འདྲེན་ཐེངས་དུ་མར་མཛད་འདུག་ལ། ཁོང་གིས་ད་དུང་《བླ་པ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང་》ཞེས་པའི་འགྲེལ་པ་ཞིག་ཀྱང་མཛད་ཡོད་པ་གསུང་འབུམ་པོད་ཀ་པར་བཞུགས། འདི་རྒྱ་ཡིག་ཏུའང་བསྒྱུར་ཏེ་རྒྱའི་བཀའ་བསྟན་ཆེན་མོང་བཞུགས། 《སྨོན་ལམ་བདུན་ཅུ་པ་》ནི། ལོ་རྒྱུས་ཁ་ཅིག་ལས་སློབ་དཔོན་རྟ་དབྱངས་ཀྱིས་བྱང་ཆུབ་སེམས་དཔས་སྟག་མོ་ལ་ལུས་བྱིན་པ་སོགས་ནི་རྐྱེན་ཉེ་བར་དམིགས་ན་བདག་གིས་ཀྱང་ནུས་པས། དེ་མ་བྱ་དཀའ་བའི་མཛད་པ་མ་ཡིན་སྙམ་དུ་དགོངས་པ་ན། ནམ་ཞིག་བྱང་ཆུབ་སེམས་དཔའི་སྐྱེས་རབས་སུ་བྱུང་བ་དེ་ཁོ་ན་དང་འདྲ་བའི་སྟག་མོ་ཕྲུ་གུ་འབྲངས་པ་བཀྲེས་པས་ཉེན་པ་གཟིགས་ནས་ལུས་སྦྱིན་པར་བརྩམས་པ་ན་ཅུང་ཟད་མི་ནུས་པ་ལ་ལྟར་འདུག་པས་སངས་རྒྱས་ལ་ལྷག་པར་ཡང་དད་པ་སྐྱེས་ཏེ། 《སྨོན་ལམ་བདུན་ཅུ་པ་》རང་གི་ཁྲག་གིས་བྲིས་ཤིང་། སྟག་རྣམས་ལ་དང་པོ་ཁྲག་བླུད་དེ་ལུས་སྟོབས་ཉམས་པ་ཅུང་གསོས་པ་ན་རང་གི་སྐུ་ལུས་ཀྱང་བྱིན་ནོ་ཞེས་ཟེར་རོ།  རྒྱ་གར་དུ་མཛད་པ་པོས་ཁྲག་གིས་བྲིས་ཟེར་བའི་བསྟན་བཅོས་ཇི་སྙེད་ཅིག་མཆིས་པ་ནི། རྒྱ་གར་ལ་སྔོན་དེ་འདྲའི་ཡུལ་སྲོལ་ཡོད་ངེས་པས། ལ་ལ་ཞིག་ལོ་རྒྱུས་དངོས་ཡིན་པར་གོར་མ་ཆག་ལ། ཡང་ཁ་ཤས་ནི་དེ་ལྟར་ཡིན་པའི་ངེས་པ་མ་མཆིས་མོད། ཤིནཏུ་རྩ་འགངས་ཆེ་བའི་བསྟན་བཅོས་ཡིན་པའི་བརྡ་ཞིག་ནི་ངེས་པར་བསྟན་གྱིན་ཡོད་དོ། བསྟན་བཅོས་འདི་ནི་འདི་ཉིད་ལས། བདག་གི་ཤ་ཞིག་སློང་བ་མཆིས་ན་ཡང་། །བྲོད་ལ་འཛུམ་པའི་མིག་གིས་བསྩལ་བར་བགྱི། །བདག་གི་རྐང་ལ་སོགས་པ་རྟག་ཏུ་ཡང་། །ལུས་ཅན་རྣམས་ཀྱི་དོན་དུ་གཏོང་བར་ཤོག །ཅེས་གསུངས་པ་ལྟར་སློབ་དཔོན་རྟ་དབྱངས་ཀྱིས་སྙིང་རྗེས་གདུངས་པའི་ཡིད་ཀྱིས་འགྲོ་བའི་དོན་སྒྲུབ་པའི་སྨོན་ལམ་དུ་མཛད་པའོ། སྨོན་ལམ་འདི་ནི་ཐེག་པ་མཆོག་གི་ལམ་གྱི་ལུས་ཚང་ཞིང་། ལྷག་པར་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བ་ལ་ཤིན་ཏུ་བསྔགས་པ་བྱིན་རླབས་ཀྱི་བཀའ་བབ་ཆེ་བ་ཞིག་ཏུ་བརྩི་བ་སྟེ། དཔལ་ལྷ་གཅིག་དཱི་པཾ་ཀ་ར་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་གཉིས་ཀྱང་སྨོན་ལམ་འདི་རྒྱུན་དུ་ཞལ་འདོན་མཛད་ཅིང་། བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་རྣམས་ཀྱིས་སྨོན་ལམ་འདི་ཁ་འདོན་དུ་བྱ་དགོས་སོ་ཞེས་འདོམས་པར་མཛད་དོ།།
             རྒྱའི་བཀའ་བསྟན་ཆེན་མོར་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ནང་རིག་པའི་བསྟན་བཅོས་བཅུ་ལྷག་ཡོད་ཅིང་། དེ་དག་ལས་གྲགས་ཆེ་བ་ནི་《ཐེག་པ་ཆེན་པོར་དད་པ་སྐྱེ་བའི་རིམ་པ་བསྟན་པ་》ཞེས་པ་དེ་ཡིན། འོན་ཀྱང་འདིའི་མཛད་པ་པོ་སློབ་དཔོན་རྟ་དབྱངས་ཡིན་མིན་ལ་སྔར་ནས་འདོད་ལུགས་མི་མཐུན་པ་དུ་མ་ཡོད་ཅིང་། ལོ་ཙཱ་བ་ཀུ་མཱ་ར་ཤྲཱིས་རྒྱ་ཡིག་ཏུ་བསྒྱུར་པའི་བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར་དུ་སློབ་དཔོན་འདིས་བསྟན་བཅོས་ཅི་མཛད་ནི་ཅུང་ཟད་ཀྱང་གླེང་མེད་དོ། །
༣ སྙན་ངག་གི་བརྩམས་ཆོས་སྐོར།
             སློབ་དཔོན་རྟ་དབྱངས་ཀྱིས་སྙན་ངག་གི་ལམ་ནས་མཛད་པའི་སྐྱེས་རབས་དང་། རྣམ་ཐར་དང་། བསྟོད་པའི་སྐོར་བཤད་པ་ལ། སྡེ་དགེའི་བསྟན་འགྱུར་ནང་། སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་གླེགས་བམ་ལྔ་དང་ཆོས་ཚན་བརྒྱད་བཞུགས་པ་ལས་འདི་པས་མཛད་པ་《སྐྱེས་རབས་སོ་བཞི་པ་》དང་། 《སངས་རྒྱས་ཀྱི་སྤྱོད་པ་》ཞེས་བྱ་བའི་སྙན་ངག་ཆེན་པོ། 《བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་པ་》བཅས་བསྟན་བཅོས་གསུམ་དང་། བསྟོད་ཚོགས་ཀྱི་ཆོས་སྐོར་གླེགས་བམ་གཅིག་དང་ཆོས་ཚན་བདུན་ཅུ་རྩ་བཞི་བཞུགས་པ་ལས་འདི་པས་མཛད་པ་《སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་》ཞེས་བྱ་བ་དང་། 《སངས་རྒྱས་བཅོམ་ལྡན་འདས་ལ་བསྔགས་པར་འོས་པ་བསྔགས་པ་ལེའུ་བཅུ་གསུམ་པ།》《དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ།》 《ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ།》《གཅིག་ལས་འཕྲོས་པའི་བསྟོད་པ།》《བདེ་བར་གཤེགས་པ་སུམ་བཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ།》《དཀོན་མཆོག་གསུམ་གྱི་བསྟོད་པ།》《བརྒྱ་ལྔ་བཅུ་པ་》ཞེས་བྱ་བའི་བསྟོད་པ། 《གཎྜིའི་བསྟོད་པ་ཚིགས་སུ་བཅད་པ།》《སྤེལ་མར་བསྟོད་པ།》《དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ།》《བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ།》《ཡོན་ཏན་མཐའ་ཡས་པར་བསྟོད་པ་》བཅས་སོ།།
             སྙན་ངག་གི་ལམ་ནས་མཛད་པའི་བསྟན་བཅོས་དེ་དག་ལས་《སྐྱེས་པའི་རབས་ཀྱི་རྒྱུད་དམ་སྐྱེས་རབས་སོ་བཞི་པ་》ནི་སློབ་དཔོན་རྟ་དབྱངས་ཀྱིས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཚེ་སྔ་མའི་སྐྱེས་རབས་བརྒྱ་དང་བརྒྱད་འབྲི་བར་དགོངས་ཏེ། མདོ་ལ་སོགས་པའི་གླེགས་བམ་ན་བཞུགས་པ་ཁོ་ན་ལ་མ་ལྟོས་པར་མཁན་པོ་དང་སློབ་དཔོནདག་གི་སྙན་ནས་སྙན་དུ་བརྒྱུད་པའི་སྐྱེས་རབས་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱར་ཏེ་བརྩམས་པ་ལས། སུམ་ཅུ་རྩ་བཞི་མཛད་ཟིན་པ་ན་སྐུ་འདས་ཏེ་རྩོམ་འཕྲོར་ལུས་པར་གྲགས། བསྟན་བཅོས་འདི་ནི་བོད་དུ་གདུལ་བྱ་དང་འཕྲིན་ལས་ཤིན་ཏུ་ཆེ་བ་ཞིག་སྟེ། བཀའ་གདམས་པའི་གྲུབ་མཐའི་བཀའ་གདམས་གཞུང་དྲུག་ཏུ་གྲགས་པ་ལས་《སྐྱེས་ཚོམས་གཉིས་》ཞེས་པའི་སྐྱེས་རབས་ནི་《སྐྱེས་རབས་སོ་བཞི་པ་》འདི་ཡིན་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་གཙོ་བོར་སྟོན་པའི་གཞུང་གི་མཆོག་ཏུ་བརྩིས་ཏེ་འཆད་ཉན་ལ་གཙིགས་སུ་འཛིན། རྗེ་ཙོང་ཁ་པའི་《བྱང་ཆུབ་ལམ་རིམ་ཆེན་མོ་》རུ་ཡང་གདམས་པ་སྟོན་པའི་སྔོན་འགྲོ་ལས་ཆོས་ཐོས་པའི་ཕན་ཡོན་བསམ་པའི་སྐབས་སོགས་སུ་སྐྱེས་རབས་འདིའི་ཟླ་བར་སྐྱེས་པའི་རབས་སོགས་ལས་ལུང་འདྲེན་མང་དུ་གནང་འདུག གཞན་ཡང་བོད་དུ་གྲུབ་མཐའ་སོ་སོའི་མཁས་པ་སྔ་མ་རྣམས་ཀྱིས་སྙན་ངག་ལ་ཐོས་པ་བྱེད་པའི་སྐབས་སུ་《གཞུང་མེ་ལོང་》མའི་ཁྲིད་ཀྱི་ཞར་ལ། 《སྐྱེས་རབས་སོ་བཞི་པ་》འདི་དང་《རྟོགས་བརྗོད་དཔག་བསམ་འཁྲི་ཤིང་》སོགས་ཀྱང་ངེས་པར་གསན་བཞེས་མཛད་པའི་ཕྱག་སྲོལ་ཡོད།    
             སྐྱེས་རབས་དེ་ནི་སྡེ་དགེ་བསྟན་འགྱུར་གྱི་སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་གྱི་པོད་ཧུ་པ་ལ་བཞུགས་ཤིང་། བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ་སྟེ་འཇམ་དཔལ་གོ་ཆ་གཉིས་ཀྱིས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར། འདིའི་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་《སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ་》ཞེས་པའང་གོང་གསལ་སྡེ་དགེའི་བསྟན་འགྱུར་གྱི་པོད་ཧུ་པར་བཞུགས་ལ། དུས་རབས་བཅུ་གཅིག་པའི་སྟོད་ལ་རྒྱ་གར་གྱི་པནྜི་ཏ་ཛ་ན་ར་དྷ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་གཉིས་ཀྱིས་བོད་སྐད་དུ་བསྒྱུར། སློབ་དཔོན་འདིས་མཛད་པའི་《བྱང་ཆུབ་སེམས་དཔའི་སྐྱེས་རབས་ཆོས་ ཀྱི་གཎྜིའི་སྒྲ་བསྒྲགས་པ་》ཞེས་པ་ནི་《སྐྱེས་རབས་སོ་བཞི་པ་》ཡི་རྩ་བའམ་བསྡུས་དོན་ལྟ་བུ་ཞིག་གོ   སྐྱེས་རབས་འདི་ནི་བོད་ཀྱི་སྐད་དུ་བཞུགས་པར་མ་ཟད། འདིའི་ལེགས་སྦྱར་གྱི་མ་རྩོམ་ཡང་ད་ལྟའི་བར་བཞུགས་ལ། སྔོན་དུས་རབས་བཅུ་དགུ་པར་པར་དུ་བཏབ་ཟིན། རྒྱའི་བཙུན་པ་ཨི་ཅང་གི་ལམ་ཡིག་《ལྷོ་ཡི་རྒྱ་མཚོའི་སྤྲིངས་ཡིག་》ཅེས་པར་ཁོང་རྒྱ་གར་ལ་ཕེབས་པའི་སྐབས་ཏེ་དུས་རབས་བདུན་པར་སྐྱེས་རབས་འདི་རྒྱ་གར་དུ་ཤིན་ཏུ་གྲགས་ཆེ་བར་བཤད། ཕྱིས་སུ་སུང་རྒྱལ་རབས་ཀྱི་སྐབས་སུ་སྐྱེས་རབས་འདི་རྒྱ་ནག་གི་སྐད་དུའང་འགྱུར་མོད། བརྗོད་བྱ་རྣམས་ལེགས་སྦྱར་གྱི་མ་རྩོམ་དང་ཆེར་མི་འདྲ་བར་བཤད། 《སྐྱེས་རབས་སོ་བཞི་པ་》ལས་བྱུང་བའི་སྟོན་པའི་སྐྱེས་རབས་བཅུ་གཉིས་ནི་ད་ལྟ་པྲཀྲྀཏའམ་པཱ་ལིའི་སྐད་དུ་བཞུགས་པའི་སངས་རྒྱས་ཀྱི་སྐྱེས་རབས་སུ་ཚིག་སྦྱོར་མི་གཅིག་པ་ཙམ་ལས་གཏམ་རྒྱུད་ཀྱི་རྩ་རྐང་ཇི་བཞིན་དུ་ཡོད་ལ། ཡང་འདི་ལས་བྱུང་བའི་སྐྱེས་རབས་འགའ་ཞིག་ནི་《རྟོགས་བརྗོད་དཔག་བསམ་འཁྲི་ཤིང་》དང་། 《སེང་གེ་ཞབས་འབྲིང་པའི་སྐྱེས་རབས་》སུའང་མཚན་གཅིག་པར་བྱུང་ལ། གཏམ་རྒྱུད་ཀྱང་ཕྱོགས་ཙམ་ཞིག་མཚུངས་སོ། 《སྐྱེས་རབས་སོ་བཞི་པ་》འདི་རྩོམ་འཕྲོར་ལུས་འདུག་པས། ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེས་《སྐྱེས་རབས་བརྒྱ་པ་》ཞེས་《སྐྱེས་རབས་སོ་བཞི་པ་》ལ་མདོ་སྡེ་ལས་བྱུང་པའི་སྐྱེས་རབས་གཞན་པ་དྲུག་ཅུ་རེ་བདུན་གྱིས་ཁ་བསྐངས་ཏེ། བསྟན་བཅོས་དོན་གྱི་ལུས་ཡོངས་སུ་རྫོགས་པར་མཛད་ལ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་《སྐྱེས་རབས་སོ་བཞི་པའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ་》ཞེས་རྣམ་བཤད་གླེགས་བམ་གསུམ་ཅན་མཛད། འདི་ལ་ད་དུང་བོད་ཀྱི་མཁས་པ་གཞན་གྱིས་འགྲེལ་པ་དང་། ས་བཅད་དང་། བསྡུས་དོན་སོགས་བརྩམས་པ་མང་ངོ་། དེ་ལྟར་བོད་ཀྱི་མཁས་པ་སྔ་ཕྱི་མང་པོས་ཡིག་སྒྱུར་བྱེད་པ་དང་། འཆད་ཉན་བྱེད་པ་དང་། ཁ་སྐོང་བ་དང་། འགྲེལ་པ་དང་ས་བཅད་དང་བསྡུས་དོན་རྩོམ་པ་སོགས་ཀྱི་སྒོ་ནས་《སྐྱེས་རབས་སོ་བཞི་པ་》 འདིའི་འཕྲིན་ལས་བོད་དུ་ཆེས་ཆེར་རྒྱས་པར་མཛད་དོ། །
             གཞན་ཡང་《སངས་རྒྱས་ཀྱི་སྤྱོད་པ་》ཞེས་བྱ་བའི་སྙན་ངག་ཆེན་པོ་ནི་ལེའུ་ཉི་ཤུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་དང་། ཚིགས་བཅད་རྐྱང་པས་བརྩམས་པའི་བསྟན་བཅོས་ཤིག་ཡིན་ལ། བརྗོད་བྱ་ནི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་ནས་སྐུ་མྱ་ངན་ལས་འདས་ཤིང་། སྐུ་གདུང་བགོས་པའི་བར་གྱི་རྣམ་ཐར་བརྗོད་པ་ཞིག་སྟེ། སྟོན་པའི་སྐུ་ཚེ་དེའི་སྤྱོད་པ་བརྒྱ་དང་བརྒྱད་བརྗོད་ཡོད་པར་བཤད། སྟོན་པའི་རྣམ་ཐར་ནི་《འདུལ་བ་ལུང་སྡེ་བཞི་》དང་། 《མདོ་རྒྱ་ཆེར་རོལ་བ་》སོགས་སྡེ་སྣོད་གསུམ་གར་མང་དུ་མཆིས་མོད། ཐམས་ཅད་ཀྱང་ཐོར་བུའི་ཚུལ་དུ་ཡོད་པས། རྣམ་ཐར་མགོ་མཇུག་ཆ་ཚང་བར་གཅིག་ཏུ་བསྡེབས་པ་ནི་བཀའ་བསྟན་གཉི་གའི་ཁྲོད་ན་འདི་ཁོ་ན་ལས་གཞན་མ་མཆིས། སྟོན་པའི་རྣམ་ཐར་ཕལ་ཆེ་བ་ནི་མཛད་པ་བཅུ་གཉིས་རྩ་བར་བྱས་ཏེ་དེ་ཡི་གོ་རིམ་ལྟར་བརྗོད་ཡོད་མོད། 《སངས་རྒྱས་ཀྱི་སྤྱོད་པ་》ཡིས་སྟོན་པའི་རྣམ་ཐར་ལེའུ་ཉི་ཤུ་རྩ་བརྒྱད་ཀྱིས་བརྗོད་ཡོད་ཅིང་། བཙུན་མོའི་འཁོར་གྱིས་སྨྲེ་སྔགས་བཏོན་པ་ཁོ་ན་ལེའུ་གཅིག་ཏུ་བྱས་པ་སོགས་གཏམ་རྒྱུད་ཀྱི་སྦྱོར་བ་ཅི་ཐོན་བྱས་འདུག རྣམ་ཐར་འདི་ནི་ཚིག་སྦྱོར་རྨད་དུ་བྱུང་བའི་སྙན་ ངག་ཚིགས་བཅད་མའི་ལུས་སུ་མཛད་འདུག་པར་མ་ཟད། སརྒས་བཅིངས་པ་སྙན་ངག་ཆེ་ཞེས་གསུངས་པའི་སྐབས་དུ་མར་བཅད་པའི་སྙན་ངག་ཆེན་པོའི་ལུགས་སུ་མཛད་ཡོད།
             རྒྱའི་བཙུན་པ་ཨི་ཅང་གིས་《སངས་རྒྱས་ཀྱི་སྤྱོད་པ་》ནི་ཚིག་ཉུང་ཁ་གསལ་དོན་འདུ་ལ། ཡིད་ལ་དགའ་བའི་དཔལ་སྟེར་བ་དང་།  འདི་ཡིས་བསྟན་པ་འཛིན་ཞིང་ཕན་བདེ་འཕེལ་བར་བྱེད་【1】ཅེས་བསྔགས་བརྗོད་མཛད་ཡོད། ཡང་ཁོང་གིས་ཧིན་དྷུ་ནི་ཤི་ཡ་རུ་གང་ལ་ཕྱིན་ཀྱང་འདི་མི་གྱེར་བ་མེད་【2】ཅེས་གསུངས་འདུག་པས། རྒྱ་གར་ཕྱིའི་ནང་པའི་ཆོས་ལུགས་པ་དག་གི་ཁྲོད་ནའང་《སངས་རྒྱས་ཀྱི་སྤྱོད་པ་》འཕྲིན་ལས་ཧ་ཅང་ཆེ་བ་མཐོང་ཐུབ་ལ། རྒྱ་གར་དུ་བྲམ་ཟེ་རྣམས་ཀྱིས་ཀྱང་《སངས་རྒྱས་ཀྱི་སྤྱོད་པ་》ཡི་ནང་འཁོད་པའི་ཚིག་ཁོ་ཚོའི་བསྟན་བཅོས་སུ་དྲངས་ཡོད་ཟེར། སློབ་དཔོན་ འདིའི་གྲགས་པ་འཛམ་གླིང་ཤར་ནུབ་ཀྱི་ཁྱོན་ཀུན་ཁེངས་པ་དེའང་གཙོ་བོ་སྟོན་པའི་རྣམ་ཐར་འདི་ལ་བརྟེན་ནས་བྱུང་བ་ཡིན།     
             འོན་ཀྱང་བོད་དུ་ནི་བསྟན་བཅོས་འདི་ལ་འཆད་ཉན་བྱེད་པའི་སྲོལ་ཆེར་མ་བྱུང་ལ། འགྲེལ་བཤད་ཀྱི་བརྩམས་ཆོས་སོགས་ཀྱང་མ་མཐོང་བས། 《སྐྱེས་རབས་སོ་བཞི་པ་》ལྟ་བུའི་འཕྲིན་ལས་ཤིག་རྒྱས་མེད་པར་སྣང་། བསྟན་བཅོས་རྒྱ་ཆེ་དྲགས་པ་དང་ཚིག་དོན་གོ་དཀའ་དྲགས་པས་ཨེ་ཡིན་ནམ་སྙམ་སྟེ། འདི་ལ་རྒྱ་འགྲེལ་སོགས་ཀྱང་མེད་པས། ཚིག་དོན་བདེ་བླག་ཏུ་གོ་རྒྱུ་ནི་ཅུང་ཁག་པོ་འདུག འདི་ལས་བློ་སྐྱེད་ཅིག་རྙེད་པ་ནི། བསྟན་བཅོས་བཟང་པོ་ཇི་འདྲ་བ་ཞིག་ཡིན་ནའང་། དེ་སྐད་རིགས་གཞན་ཞིག་སྨྲ་བའི་མི་རྣམས་ཀྱི་དོན་དུ་འགྱུར་དགོས་ན། དེ་དག་གི་སྐད་དུ་བསྒྱུར་བ་ཙམ་གྱིས་མི་ཆོག་གོ    
             《སངས་རྒྱས་ཀྱི་སྤྱོད་པ་》ཞེས་བྱ་བའི་སྙན་ངག་ཆེན་པོ་འདི་སྡེ་དགེའི་བསྟན་འགྱུར་པོད་གེ་པ་ལ་བཞུགས་ཤིང་། པཎྜི་ཏ་ས་དབང་བཟང་པོ་དང་། ལོ་ཙཱ་བ་བློ་གྲོས་རྒྱལ་པོས་བོད་སྐད་དུ་བསྒྱུར། བསྟན་བཅོས་འདིའི་ལེགས་སྦྱར་གྱི་མ་རྩོམ་ཡང་ད་ལྟའི་བར་བཞུགས་ལ། དུས་རབས་ལྔ་པའི་འགོ་ཙམ་ལ་རྒྱ་ནག་གི་སྐད་དུའང་བསྒྱུར་ཏེ་རྒྱའི་བཀའ་བསྟན་དུ་བསྡུས་ཡོད། གཞན་ཡང་བསྟན་བཅོས་འདི་ཉི་ཧོང་གི་སྐད་དང་། དབྱིན་ཇིའི་སྐད་སོགས་སུའང་བསྒྱུར་ཡོད་ལ། དཔྱད་ཞིབ་ཀྱི་ཡི་གེའང་ཤིན་ཏུ་མང་བས།  སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྟན་བཅོས་ལས་འཛམ་གླིང་སྤྱི་ལ་འཕྲིན་ལས་ཤིན་ཏུ་ཆེ་བ་ནི་འདི་ལས་ལྷག་པ་མ་བྱུང་།
             《བརྒྱ་ལྔ་བཅུ་པ་》ཞེས་བྱ་བའི་བསྟོན་པ་ནི་སློབ་དཔོན་རྟ་དབྱངས་ཀྱིས་སངས་རྒྱས་ཀྱི་བསྟོད་པ་བརྒྱ་རྩ་བརྩམས་པར་གྲགས་པ་ལས། བསྟོད་པ་རྣམས་ཀྱི་མཆོག་ཏུ་གྱུར་པར་བསྔགས་ལ། ཚིགས་བཅད་རྐྱང་པ་དང་། ལེའུ་བཅུ་གསུམ་གྱི་བདག་ཉིད་ཅན་ཞིག་གོ   བསྟོད་པ་འདི་ནི་སྟོན་པའི་སྐུ་ཚེ་གང་པོའི་མཛད་པ་ཆ་ཚང་བར་གཏམ་རྒྱུད་ཀྱི་སྦྱོར་བ་ཅི་ཐོན་བྱས་ཏེ་སྙན་ངག་གི་ལམ་ནས་བརྗོད་པ་ཞིག་ཡིན་པས། དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཆེན་པོ་ཞིག་ཡིན་མོད། འདིའི་ནང་དུ་གཏམ་རྒྱུད་ཀྱི་སྦྱོར་བ་སོགས་མེད་པར་སྟོན་པའི་སྐུ་གསུང་ཐུགས་དང་། སྨོན་ལམ་དང་། ལམ་ལ་འཇུག་པ་དང་། དཀའ་བ་མཛད་པ་དང་། བུ་ལོན་མེད་པ་སོགས་ལ་རབ་ཏུ་དད་པའི་ཡིད་ཀྱི་འགྱུར་བ་ཤུགས་དྲག་ཏུ་སྟོན་པས། ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་རྨད་དུ་བྱུང་བ་ཞིག་སྟེ། བོད་ཀྱི་མཁས་པས་མཛད་པའི་སྙན་ངག་གི་ཁྲོད་དུ་ལེའུ་དུ་མར་བཅད་པའི་ཡིད་འགྱུར་བ་མཚོན་པའི་སྙན་ངག་འདི་འདྲ་བ་ནི་《འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་》སོགས་ཁ་ཤས་ལས་མེད་པར་སེམས། སངས་རྒྱས་ཀྱི་བསྟོད་པ་རྒྱ་གར་གྱི་མཁས་པས་མཛད་པ་བོད་སྐད་དུ་འགྱུར་བ་དག་ལས་《ཁྱད་པར་འཕགས་བསྟོད་》དང་། 《ལྷ་ལས་ཕུལ་བྱུང་།》 《བརྒྱ་ལྔ་བཅུ་པ་》འདི་གསུམ་ག་ནི་གྲགས་པ་དང་འཕྲིན་ལས་ཤིན་ཏུ་ཆེ། བོད་ཀྱི་མཁས་པ་དག་གི་བསྟན་བཅོས་སུ་《བསྟོད་པ་བརྒྱ་ལྔ་བཅུ་པ་》ལས་ལུང་དྲངས་པ་ཧ་ཅང་མང་ལ། ཁྱོད་ནི་མ་བཅོལ་ལེགས་མཛད་པ། །ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས། །ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ། །འབྲེལ་བ་མེད་པའི་གཉེན་འདུན་ལགས། །ཞེས་པའི་ཚིགས་བཅད་གྲགས་ཅན་ཀུན་ལ་རྒྱུས་མངའ་ཅན་དེ་ཡང་བསྟོད་པ་འདི་ལས་བྱུང་བའོ། །
             ཡང་བསྟན་འགྱུར་བསྟོད་ཚོགས་ཀྱི་ཆོས་སྐོར་དུ་བཞུགས་པའི་《སྤེལ་མར་བསྟོད་པ་》ཞེས་པ་དེའི་མཇུག་ཏུ་སློབ་དཔོན་ཆེན་པོ་མ་ཏི་ཙི་ཊ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་དག་གི་ཞལ་སྔ་ནས་མཛད་པ་རྫོགས་སོ་ཞེས་བཀོད་འདུག་ལ། བསྟོད་པ་དེའང་སྟོན་པ་ཤཱཀྱ་ཐུབ་པའི་བསྟོད་པ་ལེའུ་བཅུ་གསུམ་ཅན་ཞིག་ཡིན་པར་མ་ཟད། 《བརྒྱ་ལྔ་བཅུ་པའི་》ཚིག་ཕལ་ཆེར་ཐོན་པའི་ཁར་ཚིག་གི་གོ་རིམ་བསྒྱུར་བ་དང་། བར་བར་དུ་ཚིག་གཞན་མང་པོ་བཅུག་སྟེ། ཕལ་ཆེར་《བསྟོད་པ་བརྒྱ་ལྔ་བཅུ་པ་》ལྟ་བུ་གཉིས་ཀྱི་ཚད་ལོངས་པ་ཙམ་བྱས་འདུག་པ་ནི། སློབ་དཔོན་རྟ་དབྱངས་ཀྱི་བསྟོད་པ་འདི་དང་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ཞིག་མཉམ་དུ་བསྲེས་ཏེ་བསྟན་བཅོས་ཀྱི་མཚན་དུ་གསལ་བ་ལྟར་སྤེལ་མར་བྱས་པར་ངེས་མོད། དེ་ལྟར་བགྱིས་པའི་དགོས་པ་གང་ཡིན་ནི་ད་དུང་དཔྱད་འོས་པ་ཞིག་གོ    
             《བསྟོད་པ་བརྒྱ་ལྔ་བཅུ་པ་》ནི་རྒྱ་གར་གྱི་མཁན་པོ་ཤྲཱི་ཤདྡྷཱ་ཀ་ར་ཝརྨ་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བོད་སྐད་དུ་བསྒྱུར། འདི་ལ་རྒྱ་འགྲེལ་མེད་མོད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་《བསྟོད་པ་བརྒྱ་ལྔ་བཅུ་པའི་རྣམ་བཤད་ལམ་བཟང་གསལ་བྱེད་རིན་ཆེན་སྒྲོན་མེ་》ཞེས་པ་ཞིག་མཛད་ཡོད། བསྟོད་པ་འདིའི་ལེགས་སྦྱར་གྱི་མ་རྩོམ་ནི་སྤྱི་ལོ་༡༩༣༦ལོར་དཔལ་ས་སྐྱའི་གཙུག་ལག་ཁང་ནས་ཆ་ཚང་བར་རྙེད་ཅིང་། ཕྱིས་སུ་ཕྱི་གླིང་དུ་པར་འདེབས་བྱས། ཐང་གི་སྐབས་སུ་རྒྱའི་བཙུན་པ་ཨི་ཅང་གིས་དཔལ་ནཱ་ལེནྡྲ་ནས་བསྟོད་པ་འདི་རྒྱ་ནག་གི་སྐད་དུ་བསྒྱུར་པ་ད་ལྟའང་རྒྱའི་བཀའ  བསྟན་དུ་བཞུགས།    
             《སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་》ཞེས་པ་འདིའང་སྟོན་པ་ཤཱཀྱ་ཐུབ་པའི་མཁྱེན་པ་དང་། སྟོབས་དང་། མི་འཇིགས་པ་དང་། གསུང་དང་། སྐུ་དང་། ལྗགས་ལ་སོགས་པའི་ཆེ་བ་ལ་མངོན་པར་དད་པའི་ཡིད་ཀྱི་འགྱུར་བ་ཤུགས་དྲག་ཏུ་མཚོན་པའི་སྙན་ངག་ལེའུ་བཅུ་གསུམ་དུ་བཅད་པ་ཞིག་གོ    སློབ་དཔོན་རྟ་དབྱངས་ནང་པར་ཞུགས་ཤིང་རབ་ཏུ་བྱུང་སྟེ། གནས་བརྟན་སྡེ་སྣོད་འཛིན་པར་གྱུར་པ་ན། ཆོས་ལ་བསགས་པའི་སྡིག་པ་བཤགས་པའི་དོན་དུ་《བསྔགས་པར་འོས་པ་ལ་བསྔགས་པའི་བསྟོད་པ་》འདི་བརྩམས་ཤིང་། གཞན་ཡང་སངས་རྒྱས་ཀྱི་བསྟོད་པ་བརྒྱ་རྩ་བརྩམས་པར་གྲགས། བསྟོད་པ་འདིའི་དབུ་ལ། ཞིང་དང་ཞིང་མིན་མ་འཚལ་ཏེ། །སྒྲ་ཙམ་གྱི་ནི་རྗེས་འབྲངས་ནས། །བདག་གིས་ནོངས་ཏེ་སྔོན་ཆད་ནི། །བསྔགས་མིན་བསྔགས་པ་བརྗོད་པ་གང་། །ངག་གི་འདམ་གྱིས་གོས་པ་དེ། །ཐུབ་པ་བསོད་ནམས་འབབ་ཀྱི་སྟེགས། །བཞུད་པ་ཁྱོད་ལ་བརྟེན་བཅའ་ནས། །རབ་ཏུ་བཀྲུ་བ་འདི་བརྩམ་མོ། །ཞེས་བྱུང་བ་འདི་ལས་གོང་གི་ལོ་རྒྱུས་དེ་དག་ངེས་པར་བདེན་པ་རྟོགས་ནུས། བསྟོད་པ་འདིའི་མཚན་ལའང་གོ་རྒྱུ་ཆེན་པོ་ཡོད་དེ། སྔོན་བསྔགས་མི་འོས་པ་ལ་བསྔགས་པའི་ཉེས་པ་འཆགས་པའི་ཕྱིར་ད་ནི་བསྔགས་པར་འོས་པ་ལ་བསྔགས་པར་བྱའོ་ཞེས་པའི་དོན་ཡིན་པས། རྩོམ་མཁན་རང་སྔོན་ཕྱི་རོལ་ཡིན་པ་ལས་ཕྱིས་སུ་ནང་པར་ཞུགས་པའི་ལོ་རྒྱུས་ནི་བསྟོད་པ་འདིའི་མཚན་གྱི་སྦས་དོན་ལྟ་བུར་སྣང་། སྐྱབས་དབྱིངས་སྨན་རི་བ་བློ་བཟང་རྣམ་རྒྱལ་གྱི་《དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོང་བསྔགས་འོས་བསྔགས་པ་》ཞེས་པའང་བསྟན་བཅོས་ཀྱི་མཚན་འདི་ལས་བླངས་པར་ངེས་མོད། དེ་ལ་ནི་འདི་འདྲའི་ཤུགས་བསྟན་གྱི་དོན་མེད་པར་བསམས། ཡང་བསྟན་བཅོས་འདིའི་མཚན་ལ་《བསྟོད་པ་བཞི་བརྒྱ་པ་》ཡང་ཟེར་ཏེ། གཞུང་ཚད་ཤོ་ལོ་ཀའི་ཆ་ནས་དེ་ལྟར་དུ་བཏགས་མོད། དེ་སློབ་དཔོན་འཕགས་པ་ལྷའི་《དབུ་མ་བཞི་བརྒྱ་པ་》དང་འཁྲུལ་བར་མི་བྱའོ།།
             རྒྱའི་བཙུན་པ་ཨི་ཅང་གིས་སློབ་དཔོན་རྟ་དབྱངས་ཀྱིས་བསྟོད་པ་རྣམས་ཀྱི་དང་པོར་བསྟོད་པ་འདི་བརྩམས་ཤིང་། དེ་ནས་《བསྟོད་པ་བརྒྱ་ལྔ་བཅུ་པ་》བརྩམས་པར་བཤད། ཡང་ཁོང་གིས་གསུངས་པ་ལྟར་ན། རྒྱ་གར་དུ་སྔོན་དུས་རབས་བདུན་པའི་མཇུག་ཙམ་ལའང་《བསྔགས་འོས་བསྔགས་པ་》དང་《བརྒྱ་ལྔ་བཅུ་པ་》 གཉིས་བསྟོད་པ་རྣམས་ཀྱི་ཕུལ་དུ་བརྩིས་ཏེ། ཁྱིམ་སྤངས་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་དགེ་བསྙེན་དང་དགེ་ཚུལ་གྱི་བསྲུང་བྱ་བསླབ་པའི་གཞི་ལྔ་དང་གཞི་བཅུ་སོགས་ཡིད་ལ་ངེས་པར་བྱས་རྗེས། སྔོན་ལ་བསྟོད་པ་འདི་གཉིས་ལ་བསླབ་སྦྱང་བྱེད་ལ། ཐེག་པ་ཆེ་ཆུང་ཁྱད་མེད་ཀྱིས་འཛིན་སྐྱོར་བྱེད་པར་མོས་【3】ཟེར། དེ་ལྟར་ན་བསྟོད་པ་འདི་གཉིས་ནི་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྟོད་པ་ཀུན་ལས་ཆེས་མཆོག་ཏུ་གྱུར་པར་མ་ཟད། སྤྱིར་རྒྱ་གར་མཁས་པས་མཛད་པའི་བསྟོད་པ་མཐའ་དག་གི་ཏོག་ལྟ་བུར་གྱུར་པ་རྟོགས་ནུས། དབྱིན་ཇིའི་མཁས་པ་ཇ་རུ་ཐིས་( G,T,Garratt)གཙོ་སྒྲིག་བྱས་པའི་《རྒྱ་གར་གྱི་ཤུལ་ནོར་》ཞེས་པའི་དཔེ་དེབ་ཏུ་མཁས་པ་ཐོ་མ་སི་ཞེས་པས་ཀྱང་ཡིད་དབང་འགུགས་པའི་བསྟན་བཅོས་དེ་དག་ནི་ལྷའི་ཡུལ་གྱི་མེ་ཏོག་དང་འདྲ་བར་མཛེས་ལ། དེ་དག་གི་མཆོག་ཏུ་དགེ་བའི་བསྟན་བྱ་ནི་ཤིན་ཏུ་མཐོ་བའི་རི་རྩེ་ལྟར་བརླིང་བས། རྒྱ་གར་གྱི་བསྟོད་པ་མཛད་མཁན་རྣམས་ཀ??ཱིས་ཁོང་གི་རྩོམ་ཉམས་ལ་ལད་མོ་བྱེད་ཅིང་། ཁོང་ཉིད་ངག་རིག་གི་ཤིང་རྟའི་སྲོལ་འབྱེད་དུ་འཛིན་【4】ཞེས་བསྔགས་པ་ཆེར་མཛད།    
             སྤྱིར་བསྟོད་པ་འདི་ལ་ལེའུ་བཅུ་གསུམ་ཡོད་མོད། ལེའུ་སྔོན་མ་བཅུ་གཉིས་ནི་རྒྱ་གར་གྱི་མཁན་པོ་སརྦཱ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་བོད་སྐད་དུབསྒྱུར་ལ། ལེའུ་བཅུ་གསུམ་པ་དཔེ་ལ་བསྟོད་པ་ཞེས་པ་ནི་རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་ནས་ཁ་བསྐངས་ཏེ་བསྟོད་པ་འདིའི་མཇུག་ཏུ་བཀོད་ཡོད། བསྟན་པ་སྔ་དར་གྱི་དུས་སུ་བསྟོད་པ་ཞིག་བསྒྱུར་བར་ལེའུ་གཅིག་ཆད་པ་བསྟན་པ་ཕྱི་དར་གྱི་དུས་ཏེ་ལོ་བརྒྱ་ཕྲག་དུ་མའི་རྗེས་སུ་ད་དུང་ཁ་བསྐང་རྒྱུ་མ་བརྗེད་པ་དེ་འདྲ་ནི་རང་རེའི་མེས་པོ་དག་གི་མཛད་རྗེས་ཡིན་ལ། བསྟོད་པ་འདི་ལ་ལེགས་སྦྱར་གྱི་མ་རྩོམ་མ་བཞུགས་ཤིང་། འདི་རྒྱ་ནག་གི་སྐད་དུའང་འགྱུར་མེད།    
             《གཎྜིའི་བསྟོད་པ་ཚིགས་སུ་བཅད་པ་》ཞེས་པའང་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྟོད་པ་རྣམས་ལས་ཁྱད་པར་བ་ཞིག་སྟེ། བརྗོད་བྱ་གཎྜི་ལ་བསྟོད་པའི་སྒོ་ནས་དོན་དུ་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ཀྱི་སྒྲ་དབྱངས་གཎྜིའི་སྒྲ་ལྟ་བུ་ལ་བསྔགས་པའོ། འདི་ནི་སློབ་དཔོན་ཨཱརྱ་དེ་ཝས་སློབ་དཔོན་རྟ་དབྱངས་ཁོ་རང་བཏུལ་ཏེ་ནང་པར་བཅུག་པའི་རྗེས་དྲན་ལྟ་བུར་བརྩམས་པར་ངེས་ཏེ། སྔོན་ཁོ་རང་ཕྱི་རོལ་མུ་སྟེགས་པ་ཡིན་དུས་རང་གར་གནས་པའི་ཕྱོགས་ཀྱི་ནང་པའི་དགོན་སྡེ་དག་གིས་གཎྜི་བརྡུང་མི་ཆོག་པར་བྱས་པ་ཕྱིས་སུ་ཁོང་ཉིད་སློབ་དཔོན་ཨཱརྱ་དེ་ཝས་ཕམ་པར་བྱས་རྗེས་སླར་གསོ་བྱུང་ཚུལ་རྣམ་ཐར་དུ་གསལ་བ་དང་། ཡང་དེའི་རྗེས་དྲན་དུ་གཎྜིའི་མཆོད་རྟེན་ཟེར་བ་ཞིག་ཀྱང་བཞེངས་ཚུལ་ཨཱརྱ་དེ་ཝའི་རྣམ་ཐར་དུ་གསལ་ལ། ཐང་སན་ཙང་གི་ལམ་ཡིག་ཏུ་ཁོང་རྒྱ་གར་ལ་ཕེབས་དུས་མཆོད་རྟེན་དེ་ད་དུང་ཡོད་པ་དངོས་སུ་མཇལ་བར་བཤད་པ་སོགས་ལས་རྟོགས་ནུས། བསྟོད་པ་འདིའི་ཚིག་རྣམས་སུའང་མུ་སྟེགས་ཅན་གྱི་སྙིང་རྣམ་པར་འཇོམས་པ་དང་། ང་རྒྱལ་མེད་པར་བྱེད་པ། སྐྲག་པར་བྱེད་པ། འཇིགས་པར་བྱེད་པ་སོགས་གཎྜིའི་སྒྲ་བསྒྲགས་པ་ནི་མུ་སྟེགས་ཅན་ལས་རྣམ་པར་རྒྱལ་བའི་མཚན་མ་ལྟ་བུར་བྱས་ཡོད། ད་དུང་ཁྱད་མཚར་བ་ཞིག་ནི། བསྟོད་པ་འདིའི་ཁྲོད་དུ་གཎྜིའི་སྒྲ་ལ་ལད་མོ་བྱས་པའི་སྒྲའི་ངང་ཚུལ་སྟོན་པའི་མིང་མང་པོ་ཞིག་ལེགས་སྦྱར་གྱི་སྐད་སོར་བཞག་བྱས་ཡོད་པ་དེ་ལྟ་བུ་ནི་བཀའ་བསྟན་གཉིས་ལ་འདི་གཅིག་པུ་ཨེ་ཡིན་སྙམ།
             བསྟོད་པ་འདི་ནི་མཁས་པ་ཆེན་པོ་རྒྱལ་བའི་སྡེ་དང་། ལོ་ཙཱ་བ་བཙུན་པ་དྷརྨྨ་ཡོན་ཏན་གྱིས་བོད་སྐད་དུ་བསྒྱུར། འདིའི་ལེགས་སྦྱར་གྱི་མ་རྩོམ་མི་བཞུགས་ཀྱང་།  རྒྱ་ནག་གི་སྐད་དུ་ཧྲིལ་པོ་སྒྲ་བསྒྱུར་བྱས་ཡོད།
             སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བསྟོད་པ་རྣམས་ནི་སངས་རྒྱས་ཀྱི་བཀའ་དང་མཉམ་པ་ཙམ་དུ་བྱིན་རླབས་ཆེ་བར་བྱེད་ཅིང་། འདིས་མཛད་པའི་བསྟོད་པ་ཐམས་ཅད་ཡུལ་ཐམས་ཅད་དུ་ཁྱབ་སྟེ། ཐ་ན་གླུ་གར་མཁན་དང་། བཞད་གད་མཁན་རྣམས་ཀྱིས་ཀྱང་འདོན་པར་བྱེད་པས་ཡུལ་གྱི་སྐྱེ་བོ་ཐམས་ཅད་སངས་རྒྱས་ལ་དད་པ་རང་ཤུགས་ཀྱིས་སྐྱེས་ཏེ། བསྟོད་པ་ཁོ་ནས་ཀྱང་བསྟན་པ་དར་བ་ལ་ཆེས་ཕན་པ་ཞིག་ཡིན་པར་བཤད།【5】འདིར་བཤད་པའི་བསྟོད་པ་ནི་གཙོ་བོ་《བསྟོད་པ་བརྒྱ་རྩ་》ལ་ཟེར་མོད། 《སྐྱེས་རབས་སོ་བཞི་པ་》དང་། 《སངས་རྒྱས་ཀྱི་སྤྱོད་པ་》གཉིས་ཀྱང་བསྟོད་པ་ཡིན་པ་ནི་སྨོས་མ་དགོས། འོན་ཀྱང་བོད་དུ་《སྐྱེས་རབས་སོ་བཞི་》ཙམ་མ་གཏོགས། 《སངས་རྒྱས་ཀྱི་སྤྱོད་པ་》 དང་། འདིས་མཛད་པའི་བསྟོད་པ་གཞན་རྣམས་ལ་རྒྱ་གར་དུ་འཕྲིན་ལས་རྒྱས་པ་ཇི་བཞིན་རང་མ་བྱུང་བར་མངོན།  
             སློབ་དཔོན་རྟ་དབྱངས་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་སློབ་པ་ལམ་གྱི་གནས་སྐབས་ཀྱི་སྐུའི་སྐྱེབ་མང་པོའི་མཛད་པ་ཡི་གེར་བསྡེབས་པའི་སྐྱེས་རབས་མཛད་པ་དེ་ནི་རྒྱུ་རྨད་དུ་བྱུང་པ་ལ་བསྔགས་པ་དང་། དེ་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་ཚུལ་རྣམ་ཐར་དུ་བྱས་པ་དེ་ནི་འབྲས་བུ་རྨད་དུ་བྱུང་བ་ལ་བསྔགས་པ། རྒྱུ་སྨད་དུ་བྱུང་བ་ལས་འབྲས་བུ་རྨད་དུ་བྱུང་བ་སྨིན་པ་དེ་ལ་མངོན་པར་བསྟོད་ པའི་ངག་གི་ཕྲེང་བ་མང་དུ་སྤེལ་བ་དེ་ནི་བསྔགས་པར་འོས་པ་ལ་བསྔགས་པ་སྟེ། འདིས་མཛད་པའི་གོང་གསལ་སྙན་ངག་གི་བསྟན་ བཅོས་དེ་དག་ནི་ཚིག་སྦྱོར་རྨད་དུ་བྱུང་བར་མ་ཟད། བརྗོད་བྱ་དོན་གྱི་ཆ་ནས་ཀྱང་ཆ་ཚང་ཞིང་ལྷུ་ལག་རྫོགས་ལ་གཏན་ཚིགས་ཀྱིས་འབྲེལ་བ་ཞིག་གོ    
             སྡེ་དགེའི་བསྟན་འགྱུར་གྱི་《གཏམ་དུ་བྱ་བ་དང་འཕྲིན་ཡིག་སྣ་ཚོགས་ཀྱི་ཆོས་སྐོར་》ལས་པོད་གེ་པར་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་《མི་ཁོམ་པ་བརྒྱད་ཀྱི་གཏམ་》ཞེས་པ་དང་། 《ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ།》《ཕྱིན་ཅི་ལོག་བཞི་སྤང་བའི་གཏམ།》《རྩོད་པའི་དུས་ཀྱི་གཏམ་》བཅས་དང་། པོད་ངེ་པར་《ལེགས་པའི་ལམ་བསྟན་པའི་གཏམ།》《དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ།》《མྱ་ངན་བསལ་བ།》《མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ།》《དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ།》 《རྒྱལ་པོ་ཆེན་པོ་ཀ་ནིཥྐ་ལ་སྤྲིངས་པའི་ཕྲིན་ཡིག》བཅས་བསླབ་བྱའི་ཁོངས་སུ་གཏོགས་པ་གཏམ་དུ་བྱ་བ་དང་འཕྲིན་ཡིག་དུ་མ་དང་། བྱ་བའི་བརྒྱུད་ཀྱི་ཆོས་སྐོར་པོད་ནུ་པ་ལ་《ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ།》(རྒྱུད་སྡེ་སོ་སོའི་ལྷ་རྣམས་ཀྱི་བསྟོད་པ་ནི་རང་རང་གི་སྐབས་སུ་བཅུག་ཡོད་པས་འདི་བསྟོད་ཚོགས་ཀྱི་ཆོས་སྐོར་ན་མེད་པ་དེ་ཡིན་)སོགས་ཡོད་མོད། དེ་དག་ནི་འདིར་ཞིབ་ཏུ་མི་སྤྲོའོ། །
             གཞན་ཡང་སློབ་དཔོན་རྟ་དབྱངས་ཀྱིས་ད་དུང་《གཅུང་མཛེསདགའི་རྟོགས་བརྗོད་》ཅེས་པའི་སྙན་ངག་གི་བསྟན་བཅོས་ཤིག་མཛད་ཡོད་པ་བོད་དང་རྒྱ་ནག་གི་སྐད་གང་དུའང་འགྱུར་མེད། གཞན་ཡང་སློབ་དཔོན་འདི་ཉིད་ཟློས་གར་གྱི་བསྟན་བཅོས་རྩོམ་པ་ལ་མཆོག་ཏུ་མཁས་ཤིང་། ད་ལྟའི་བར་ཡོད་པའི་རྒྱ་གར་པའི་ཟློས་གར་གྱིབསྟན་བཅོས་ལས་ཆེས་སྔ་བ་ནི་ཤིན་ཅང་ནས་རྙེད་ཅིང་། སྤྱི་ལོ་༡༩༩༡ལོར་འཇར་མན་གྱི་མཁས་པ་ལི་ཏི་སིས་(H. Luders)ལེགས་བསྒྲིགས་དང་པར་འདེབས་བྱས་པའི་སློབ་དཔོན་རྟ་དབྱངས་ཀྱི་ཟློས་གར་གྱི་བསྟན་བཅོས་གསུམ་ཡིན། དེ་དག་ལས་《ཤཱ་རིའི་བུའི་རྟོགས་བརྗོད་》ལ་འཁྲབ་ཚན་དགུ་ལས་ཕྱི་མ་གཉིས་ལུས་ཡོད་ལ། གཞན་མ་གཉིས་ནི་རལ་སྐྱོན་བྱུང་བས་དོན་གྱི་བྱུང་རིམ་གང་ཡོད་པ་ཤེས་དཀའ། གནའ་བོའི་རྒྱ་གར་དུ་ཟློས་གར་ནི་སྙན་ངག་གི་ཡན་ལག་ལྟ་བུའི་རིག་པར་སྣང་བས། སྙན་ངག་ལ་མཁས་ན་ཕལ་ཆེར་ཟློས་གར་ལའང་མཁས་པར་ངེས་ཤིང་། ཟློས་གར་གྱི་བསྟན་བཅོས་ཡིན་ན་སྙན་ངག་གི་ལམ་ནས་མ་བརྩམས་པ་མེད། སློབ་དཔོན་རྟ་དབྱངས་ནི་དེ་ལྟར་སྙན་ངག་ལ་མཁས་ཤིང་་སྙན་ངག་ཆེན་པོའི་ལམ་སྲོལ་ཕྱེས་པར་མ་ཟད། ཟློས་གར་གྱི་ཆ་ནས་ཀྱང་གནའ་བོའི་རྒྱ་གར་གྱི་ཤིང་རྟའི་སྲོལ་འབྱེད་ལྟ་བུར་གྱུར་འདུག     
གསུམ་པ། སློང་དཔོན་རྟ་དབྱངས་ཀྱི་རྩོམ་པའི་ཡོན་ཏན་གྱི་དོན་བསྡུ་བ།
             མདོར་ན། སྤྱིར་སློབ་དཔོན་རྟ་དབྱངས་ནི་བསྟན་བཅོས་རྩོམ་པ་ལ་མཆོག་ཏུ་མཁས་པས། ལུས་ཀྱི་སྡིག་བཤགས་ལུས་ཐང་བར་བྱེད་པ་གསོ་དཔྱད་ཀྱི་བསྟན་བཅོས་དང་། ཡིད་ཀྱི་སྡིག་བཤགས་ཡིད་བདེ་བར་བྱེད་པ་ནང་རིག་པའི་བསྟན་བཅོས་བཅས་རིགས་གསུམ་གྱིས་གཙོས་པའི་བསྟན་བཅོས་དག་ནི་གྲགས་པའི་གཟི་བྱིན་ཕྱོགས་བཅུར་འབར་བ་ཤ་སྟག་ཡིན། སློབ་དཔོན་འདི་པ་འཛམ་གླིང་ཀུན་ལ་གྲགས་ཆེ་བའང་གཙོ་བོ་ངག་རིག་ལ་དབང་འབྱོར་བའི་སྙན་ངག་པ་ཆེན་པོ་འགྲན་པའི་ཟླ་མེད་པ་ཞིག་ཡིན་པའི་དབང་གིས་ཏེ། དཔལ་ཆོས་ཀྱི་གྲགས་པས། རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་དྲིས་ལན་དུ།། ཙནྡྲ་གོ་མི་བརྗོད་པ་རྣམ་པར་ དག །སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཞེསསློབ་དཔོན་འདི་སྙན་ངག་གི་བསྟན་བཅོས་རྩོམ་པ་ལ་ཕུལ་དུ་བྱུང་བར་བསྔགས་ཤིང་། དབྱིན་ཇིའི་མཁས་པ་ཆེན་པོ་ཝོ་ཏིར་ (A. K. Warderj)གྱིས་ཀྱང་སྤྱི་ལོའི་དུས་རབས་དང་པོ་ལ་ནང་པའི་སྙན་ངག་པ་ཆེན་པོ་རྟ་དབྱངས་འཁྲུངས། ཁོང་ནི་རྒྱ་གར་གྱི་སྙན་ངག་པ་དྲུག་གི་ཡ་གྱལ་དང་། འཛམ་གླིང་སྔ་རབས་ཀྱི་སྙན་ངག་པ་ཆེན་མོ་བཅུའི་ཡ་གྱལ་ཡང་ཡིན་པ་རྒྱུས་ཡོང་དག་གིས་ཤེས་ངེས་【6】ཞེས་གསུངས་པ་ལྟར། གནའ་བོའི་རྒྱ་གར་གྱི་རྩོམ་རིག་བྱུང་རབས་སུ་དྲང་སྲོང་གྲོག་མཁར་བ་དང་སློབ་དཔོན་ནག་མོ་ཁོལ་གཉིས་ཀྱི་དབུས་སུ་གསེར་གྱི་ཁྲི་འཕང་མཐོན་པོ་ལ་མངའ་གསོལ་འོས་པ་ནི་སློབ་དཔོན་རྟ་དབྱངས་མཆོག་ལས་གཞན་མ་མཆིས་སྙམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1