ཏང་གི་ཚོགས་ཆེན་བཅུ་དགུ་པས་“བློ་ཐག་རྦད་ཆོད་ཀྱིས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་བཀག་འགོག་དང་ཉེས་ཆད་གཅོད་དགོས་”པའི་བླང་བྱ་བཏོན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་“ལྗང་མདོག་གི་རལ་གྲི་འཕྱར་”ཕོད་པ་དང་། “ལྗང་མདོག་སྲུང་སྐྱོབ་འགུལ་བསྐྱོད་ཨང་2པ་”དང་“ནགས་ལས་ཐོན་ཁུངས་ཆེད་གཉེར་འགུལ་བསྐྱོད་”ཁྲོད། ནགས་ཚལ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་།
ཉེ་ཆར། ཉག་ཆུ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་མཚན་མོའི་སྐོར་གཡེང་བྱེད་དུས། ཟོག་འདྲེན་རླངས་འཁོར་དམར་པོ་ཞིག་གི་འགྲོ་འོང་ལ་བྱས་ཉེས་དོགས་པ་ཡོད་པ་ཚོར་རྟོག་བྱུང་། བཀག་ནས་རྒྱུས་ལོན་བྱས་པར་རླངས་འཁོར་སྟེང་གསོམ་སྡོང་གི་མ་བཅོས་ཤིང་ཆ་ཡོད། ཁྲིམས་མཐུན་སྐྱེལ་འདྲེན་ཡིག་ཆ་མེད་པས་མི་དམངས་ཉེན་རྟོག་པས་ཕྱིར་ཁྲིད་ནས་མུ་མཐུད་དུ་བརྟག་དཔྱད་བྱས། ཉེས་ཅན་5(ཤིང་སྡོང་རྐུ་གཅོད་མཁན་མི་4དང་ཁྲིམས་འགལ་གྱིས་སྐྱེལ་འདྲེན་མཁན་མི་1)ཡིས་མ་བཅོས་ཤིང་ཆ་དེ་དག་ནི་རྐུ་གཅོད་བྱས་པ་ཡིན་པའི་གནས་ཚུལ་ཁས་ལེན་བྱས། མཚན་མོའི་སྨུག་ནག་སྐབས་མ་བཅོས་ཤིང་ཆ་དག་ར་ལྔ་ཁ་གྲོང་རྡལ་དུ་དབོར་ནས། ཁྲིམས་འགལ་གྱིས་ཤིང་ལེབ་ལས་སྣོན་བྱས་ཏེ་ཁེ་སྤོགས་ཐོབ་འཆར་ཡོད་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་》གི་དོན་ཚན་སོ་བརྒྱད་པ་དང་དོན་ཚན་ཞེ་བཞི་པའི་གཏན་འབེབས་ལ་འགལ་བ་ཡིན།
ཟླ་3ཚེས་29ཉིན་གྱི་ཐོ་རེངས་ཆུ་ཚོད་5སྟེང་། ཉག་ཆུ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་གྱིས་གསོམ་ཤིང་སྐྱེལ་འདྲེན་ཆེད་དོན་བཅོས་སྒྲིག་འགུལ་བསྐྱོད་སྤེལ་རིང་། གཙང་བོའི་ཤར་ཕྱོགས་ཁུལ་གྱི་འགྲུལ་ལམ་གནད་ཆེ་སར་འགག་སྒོ་བཙུགས། དོགས་ཡོད་བྱེས་བགྲོད་རླངས་འཁོར་དཀར་པོ་ཞིག་མཐོང་། ཉེན་རྟོག་པས་འདྲི་རྩད་བྱེད་སྐབས་འགག་སྒོའི་འཕྲེད་ཤིང་ལ་བརྡུངས་ནས་མྱུར་མོར་བྲོས་པ་དང་། ད་དུང་རྗེས་ཀྱི་ཞིང་སྤྱོད་དབོར་འདྲེན་འཕྲུལ་འཁོར་གསུམ་གྱི་ཁ་ལོ་བར་ཁ་པར་བཏང་ནས་ལྐོག་བརྡ་བཏང་བས། རྗེས་ཀྱི་རླངས་འཁོར་གསུམ་པོ་དེ་འཕྲལ་ཕྱིར་འཁོར་ནས་བྲོས། མི་དམངས་ཉེན་རྟོག་པ་ཁག་གཉིས་སུ་བགོས་ནས་སོ་སོ་རྗེས་དེད་ནས་འགྲོ་ལམ་བཀག མི་དམངས་ཉེན་རྟོག་པ་ཁག་གཅིག་གིས་བྱེས་བགྲོད་རླངས་འཁོར་དཀར་པོ་ཞིག་གི་རྗེས་ཆོད་པ་དང་། རླངས་འཁོར་ཁ་ལོ་བ་དང་འགྲུལ་པས་རླངས་འཁོར་རང་སར་བཞག་ནས་བྲོས་ཟིན་པ་དང་། རླངས་འཁོར་གྱི་སྒོ་ཟྭ་བརྒྱབ་ཡོད། མི་དམངས་ཉེན་རྟོག་པས་རླངས་འཁོར་དཀར་པོ་དེ་ལྟ་སྲུང་བྱས།
མི་དམངས་ཉེན་རྟོག་ཁག་གཞན་པས་ཞིང་སྤྱོད་འཕྲུལ་འཁོར་གཅིག་བཀག་ནས་རླངས་འཁོར་ལ་བརྟག་དཔྱད་བྱས་པར། སྐྱེལ་འདྲེན་བྱས་པའི་དངོས་པོ་ནི་གསོམ་ཤིང་ཡིན་པ་ཤེས་རྟོགས་བྱུང་། དེ་བྱིངས་ཀྱི་མི་དམངས་ཉེན་རྟོག་པས་ཞིང་སྤྱོད་རླངས་འཁོར་གཞན་གཉིས་ཀྱི་རྗེས་དེད། ཞིང་སྤྱོད་འཕྲུལ་འཁོར་གྱི་ཁ་ལོ་བ་གཉིས་ནགས་ཚལ་སྤྱི་བདེ་ཉེན་རྟོག་པའི་ཟིལ་ཤུགས་ལ་སྐྲག་ནས། རླངས་འཁོར་གཞུང་ལམ་འགྲམ་དུ་བཞག་ནས་བྲོས། ཉེན་རྟོག་པས་རླངས་འཁོར་ལ་བརྟག་དཔྱད་བྱས་པར། རླངས་འཁོར་སྟེང་སྐྱེལ་འདྲེན་བྱས་པའི་དངོས་རྫས་ཡོད་ཚད་གསོམ་སྡོང་ཡིན་པ་རེད། མི་དམངས་ཉེན་རྟོག་པས་ཕྱི་ཉིན་བར་ལྟ་སྲུང་བྱས། ཆེད་ལས་ཁ་ལོ་བ་རྩ་འཛུགས་བྱས་ནས་བྱེས་བགྲོད་རླངས་འཁོར་དཀར་པོ་དང་ཞིང་སྤྱོད་རླངས་འཁོར་གསུམ་བཅས་རྫོང་ནགས་ཚལ་སྤྱི་བདེ་ཅུས་སུ་བཀག་སྐྱིལ་བྱས།
ཟླ་4ཚེས་2ཉིན། ཞིང་སྤྱོད་འཕྲུལ་འཁོར་གྱི་ཁ་ལོ་བ་དང་བྱེས་བགྲོད་རླངས་འཁོར་དཀར་པོའི་ཁ་ལོ་བས་རང་འགུལ་གྱིས་ནགས་ཚལ་སྤྱི་བདེ་ཅུས་སུ་སླེབས་ནས་ཉེས་སྐྱོན་ཁས་ལེན་བྱས། བྱེས་བགྲོད་རླངས་འཁོར་དཀར་པོའི་ཁ་ལོ་བ་ཚེ་ནི་(ལོ39 མགོ་དཀར་ཤང་ཐང་སྒང་གྲོང་གི་མི་ཡིན།)ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱི་ཉེན་ཟོན་འཕྲེད་ཤིང་དང་ཉེན་ཟོན་ས་ཐིག་ལ་བཙན་གྱིས་བརྒལ་བའི་བྱས་ཉེས་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》 ཀྱི་དོན་ཚན་ལྔ་བཅུ་པའི་ཚན་པ་བཞི་བའི་གཏན་འབེབས་ལ་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》ཀྱི་དོན་ཚན་ལྔ་བཅུ་པའི་ཚན་པ་བཞི་བའི་གཏན་འབེབས་ལྟར། ཁ་ལོ་ཚེ་ཉིན་བཅུའི་དུས་བཀག་བཙན་ཉར་གྱི་སྲིད་འཛིན་ཆད་གཅོད་བྱས། གྱོད་གཞི་དེ་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་ཡོད།