རྒྱ་ཡེ་བཀྲ་བྷོ།
དོན་ཚན་དང་པོ། བྲམ་ཟེའི་གཞུང་།
བྲམ་ཟེའི་ཆོས་ལུགས་ཀྱི་རྩ་བའི་གཞུང་རྣམས་ནི་བེ་ད་སྟེ། དེ་ལ་བོད་སྐད་དུ་རིག་བྱེད་ཅེས་བྱའོ། ། རིག་བྱེད་ཅེས་པའི་ངེས་ཚིག་ནི་གསལ་བྱེད་དམ་ཤེས་བྱེད་ཀྱི་དོན་དེ། སྤྱིར་རིག་བྱེད་ཅེས་པ་ཕྱི་ནང་ཐུན་མོང་གི་རིག་གནས་མཐའ་དག་ལ་འཇུག་མོད། འདིར་སྐབས་སུ་བབས་པའི་རིག་བྱེད་ནི་བྲམ་ཟེའི་ཆོས་ལུགས་ཀྱི་གཞུང་ལ་གོ་ཞིང་། དེ་ཇི་ལྟར་བྱུང་བའི་ཚུལ་ནི།
གང་ཕྱིར་ཚངས་པ་ཡི་ནི་ཞལ། ། དབུས་མ་ནས་ནི་ཚེའི་རིག་བྱེད། །
སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། ། ཞལ་གཞན་ནས་ནི་གསུང་བར་མཛད། །[1]
ཅེས་འཇིག་རྟེན་གྱི་མེས་པོ་ཚངས་པའི་ཞལ་བཞི་ལས་བྱུང་བར་འདོད་པ་དང་། ཚངས་པའི་བུ་བཞིས་བྱས་པར་འདོད་པ་དང་། ཚངས་པའི་མཚོ་ཞེས་བྱ་བའི་ཆུ་ལས་རིག་བྱེད་ཀྱི་ཡི་གེའི་སྒྲ་རྣམས་གདངས་ཀྱི་ཚུལ་དུ་བྱུང་བར་འདོད་པ་དང་། སུས་ཀྱང་མ་བྱས་པས་རྟག་པ་དང་། བྱ་རྩོལ་གྱིས་མ་བསླད་པས་རང་བྱུང་། ཐམས་ཅད་བརྗོད་དུ་རུང་བས་ཚད་མ་ཡིན་པ་ཞིག་ཏུ་འདོད་པ་སོགས་བཞེད་ཚུལ་དུ་མ་ཞིག་མཆིས། རིག་བྱེད་ཀྱི་གཞུང་གཙོ་བོ་ལ།
སྙན་ཚིག་མཆོད་སྦྱིན་སྲིད་སྲུངས་དང་། །ངེས་བརྗོད་རིག་བྱེད་བཞི་ཞེས་བྱ། །
བསླབ་དང་བརྡ་སྤྲོད་སྡེབ་སྦྱོར་དང་། །དེ་བཞིན་སྐར་རྩིས་ཐོས་པ་དང་། །
རྟོགས་པ་དང་ནི་ཡན་ལག་གོ། །དྲན་པ་དང་ནི་ཆོས་དང་བཅས། །།[2]
ཞེས་རིག་བྱེད་བཞི་དང་། རིག་བྱེད་ཀྱི་ཡན་ལག་དྲུག་དང་། རིག་བྱེད་ཀྱི་ཉེ་བའི་ཡན་ལག་གཉིས་བཅས་ཡོད་པར་བཤད། རིག་བྱེད་བཞི་ནི་གོང་དུ་དྲངས་པ་ལྟར། རྀགྦེ་ད་ངེས་བརྗོད་རིག་བྱེད་དམ་ཚིགས་བཅད་ཀྱི་མཛོད་དང་། ས་མཱ་བེ་ད་སྙན་ཚིག་རིག་བྱེད་དམ་གླུའི་མཛོད། ཡ་ཛུརྦེ་ད་མཆོད་སྦྱིན་རིག་བྱེད་དམ་བསྲུང་བ་དང་རིམ་གྲོའི་མཛོད། ཨ་ཐརྦ་བེ་ད་སྲིད་སྲུང་རིག་བྱེད་དམ་འཕྲུལ་དང་མན་ངག་གི་མཛོད་དེ་བཞི་དང་། དེ་རེ་རེ་ལ་ཡང་སཾཧིཏ་དང་། བྲཧྨཎ་དང་། ཨཱ་ར་ཎྱ་དང་། ཨུ་པ་ནི་ཥད་བྱ་བའི་ཆ་བཞི་རེ་ཡོད་དོ ། །
རིག་བྱེད་རྣམས་ཀྱི་དང་པོའི་ཆ་ལ་སཾཧིཏ་སྟེ་བསྡུས་པ་ཞེས་བྱ་ཞིང་། དེ་དག་ཤས་ཆེར་ཚིགས་བཅད་དུ་ཡོད་ལ། རིག་བྱེད་ཀྱི་གཞུང་གི་རྩ་ཚིག་ཏུ་སྣང་། དེ་ལས་ངེས་བརྗོད་རིག་བྱེད་ཀྱི་བསྡུས་པ་ནི། མེ་དང་། སྐྱ་རེངས། ཉི་མ། རླུང་། ཆུ་བོ། བརྒྱ་བྱིན། གཤིན་རྗེ་སོགས་ལྷ་རྣམས་ལ་བསྟོད་པ་དང་འདོད་གསོལ་གྱི་ཚིགས་བཅད་ཕྱོགས་གཅིག་ཏུ་བསྡེབས་པ་རྐྱང་སྟེ། དེ་ལ་དཀྱིལ་འཁོར་བཅུའམ་ལེའུ་བཅུ་དང་། ཚན་པ་ཆིག་སྟོང་ཉེར་བརྒྱད་ཡོད་ཅིང་། ལེའུ་རེ་རེ་བཞིན་སྣ་ཚོགས་བཤེས་གཉེན་དང་། གནས་འཇོག་ལ་སོགས་པའི་དྲང་སྲོང་བཅུ་རེ་རེ་དང་འབྲེལ་ནས་བཤད། དེའི་ཚིག་རྣམས་ནི་དཔེར་ན།
མེ་ནི་འདུན་ན་འདོན་པ་ཉིད།། སྦྱིན་སྲེག་དག་གི་བྱེད་པོ་སྟེ། །
གཤིན་ལས་སྐྱེས་པ་མཆོད་སྦྱིན་ལྷ། །རིན་ཆེན་འཛིན་ལ་བསྟོད་བར་བགྱི །
མེ་ནི་སྔོན་གྱི་དྲང་སྲོང་རྣམས།། ཀུན་ཚེའང་གཞོན་ནུ་ཉིད་ལགས་པ།།
དེ་ནི་ད་དུང་ལྷ་རྣམས་ལ།། འདི་ན་ཀུན་ཏུ་གཟི་ལྡན་གྱུར།། ཞེས་པ་ལྟ་བུའོ། །
འདི་ནི་ལྷ་སྤྱན་འདྲེན་པ་དང་ལྷ་ལ་བསྟོད་པ་བགྱི་པའི་ཧོ་ཏྲྀཞེས་པའི་མཆོད་སྦྱིན་མཁན་ལ་དབང་བ་སྟེ། སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཉིས་བརྒྱ་ཡས་མས་ལ་གྲུབ་པར་བཤད། སྙན་ཚིག་རིག་བྱེད་ཀྱི་བསྡུས་པ་ནི། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས“སྙན་ཚིག་རིག་བྱེད་ནི་སྙན་ངག་མཁན་གྱི་ལས་མ་ཡིན་པས། དེ་ལ་ཀཱ་བྱ་ཞེས་པའི་སྒྲ་ནམ་ཡང་འཇུག་པའི་སྐབས་མེད་དོ།”[1]གསུངས་པ་བཞིན་དེ་ནི་སྙན་ངག་གི་རྒྱན་ལ་སོགས་པའི་མཚན་ཉིད་དང་རྣམ་གྲངས་སོགས་སྟོན་པ་མིན་པར། བརྗོད་བྱའི་དོན་ནི་ཤས་ཆེ་བ་ངེས་བརྗོད་ཀྱི་བསྡུས་པ་རྣམས་དང་འདྲ་ལ་ཚིག་སྦྱོར་ཅུང་ཟད་གཞན་དུ་བྱས་པ་ཞིག་གོ། འདི་ནི་བསྟོད་པའི་ཚིག་རྣམས་རྟ་ལ་དྲངས་ནས་དབྱངས་སུ་ལེན་པའི་ཨུངྒཱ་ཏྲོ་ཞེས་པའི་མཆོད་སྦྱིན་མཁན་ལ་དབང་། མཆོད་སྦྱིན་རིག་བྱེད་ཀྱི་བསྡུས་པ་ནི། མཆོད་སྦྱིན་གྱི་ཆོ་ག་དག་སྟོན་པའོ།། འདི་ནི་མཆོད་སྦྱིན་གྱི་དངོས་པོ་རྣམས་ལྷ་ལ་དངོས་སུ་འབུལ་བའི་བྱ་བ་བྱེད་པའི་ཨདྷ་ལྭརཱུ་ཞེས་པའི་མཆོད་སྦྱིན་མཁན་ལ་དབང་། སྲིད་སྲུང་རིག་བྱེད་ཀྱི་བསྡུས་པ་རུའང་ལྷའི་བསྟོད་པ་སོགས་ཅུང་ཟད་ཅིག་ཡོད་མོད། གཙོ་བོར་ནད་ཡམས་ཞི་བ་དང་བགེགས་འདུལ་བ་སོགས་མི་དང་དུད་འགྲོ་སོགས་ལ་ཕན་པའི་སྔགས་དང་མན་ངག་གི་སྐོར་སྣ་ཚོགས་དང་། སྨན་སྦྱོར་ཕྲན་བུ་བཅས་ཡོད། འདི་དང་པོ་རིག་བྱེད་ཀྱི་གྲས་སུ་མི་བགྲང་ཡང་། ཐ་མར་རིག་བྱེད་ཀྱི་གཞུང་བཞི་པར་བྱས་ལ། མཆོད་སྦྱིན་གྱི་ཆོ་གའི་སྔ་ཕྱི་བར་གསུམ་ལ་ཧྲིལ་གྱིས་ལྟ་རྟོག་བགྱིད་པའི་བྲཧྨཎ་ཞེས་པའི་མཆོད་སྦྱིན་མཁན་ལ་དབང་།[1] འདི་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཡས་མས་ཙམ་ལ་གྲུབ་པར་བཤད། མངོན་བརྗོད་འཆི་མེད་མཛོད་དུ། ངེས་བརྗོད་སྙན་ཚིག་མཆོད་སྦྱིན་ཏེ། ། འདི་གསུམ་རིག་བྱེད་གསུམ་ཡིན་ནོ། ། ཞེས་རིག་བྱེད་ལ་གསུམ་དུ་གྲངས་བཅད་པ་ནི་རྒྱུ་མཚན་དེ་འདྲའི་དབང་གིས་ཡིན།
རིག་བྱེད་བཞི་གའི་ཆ་གཉིས་པ་རྣམས་ནི་བྲཧྨཎ་སྟེ་བྲམ་ཟེ་ཞེས་བྱ་བ་དག་ཡིན་ཅིང་། དེ་ནི་བསྡུས་པའི་ཚིགས་བཅད་རྣམས་ཀྱི་སྦས་དོན་དུ་རློམ་པ་དག་གསལ་བར་ཕྱེ་ཞིང་། མཆོད་སྦྱིན་གྱི་ལག་ལེན་སོགས་བྲམ་ཟེ་རྣམས་ཀྱི་བྱ་བ་དག་སྟོན་པ་སྟེ། ཤས་ཆེར་ཚིག་ལྷུག་ཉིད་དུ་གནས་ཤིང་། ལྷ་སྒྲུང་དང་ངག་རྒྱུན་དུ་མ་དང་བཅས་པ་ཞིག་གོ ། ། སྤྱི་ལོའི་སྔོན་གྱི་ལོ་བརྒྱད་བརྒྱ་ཡས་མས་ལ་གྲུབ་པར་བཤད།
ཆ་གསུམ་པ་ནི་ཨཱ་ར་ཎྱ་ཀ་སྟེ་ནགས་ལྡན་བྱ་བ་རྣམས་ཡིན་ཅིང་། ཏིང་ངེ་འཛིན་གྱི་ཡན་ལག་རྣམས་སྟོན་པ་སྟེ། ཁྱིམ་སྤངས་ནས་ནགས་ན་གནས་པ་དག་གི་བྱ་བ་རྣམས་སོ།། ནགས་ཀྱི་ཁྲོད་དུ་གདམས་པར་འོས་པའི་གསང་ཚིག་རྣམས་གཅིག་ཏུ་བསྡུས་པས་ན་ནགས་ལྡན་དུ་གསོལ་ཞེས་ཀྱང་ཟེར།
ཆ་བཞི་པའམ་མཐལམའི་ཆ་རྣམས་ནི་ཨུ་པ་ནི་ཥད་སྟེ་ཉེ་བར་གུས་པའམ་འཁོར་ཉན་བྱ་བའི་ཆ་རྣམས་ཏེ། ནགས་ལྡན་གྱི་ཆ་ལ་ཉེ་བར་མཁོ་བ་རྣམས་ཡིན་ཅིང་། སྣང་སྲིད་ཀུན་གྱི་རང་བཞིན་དུ་གྱུར་པའི་ཁྱབ་བདག་ཚངས་པ་ཞེས་བྱ་བ་ཡོད་ལ། འཇིག་རྟེན་རྣམས་དེའི་སྒྱུ་མ་ཙམ་ཡིན་ཅིང་། གང་གིས་དེ་མངོན་དུ་བྱས་པ་ན་གྲོལ་བ་ཐོབ་པར་འགྱུར་བ་སོགས་ལྟ་བའི་གནད་རྣམས་སྟོན་པ་ཡིན་ནོ། ཉེར་གུས་ལ་གཞུང་མི་འདྲ་བ་ཤིན་ཏུ་མང་མོད། གྲགས་ཆེ་བ་བཅུ་གཅིག་ཡོད།[1]རྒྱ་གར་གྱི་ལྟ་བ་དང་གྲུབ་མཐའ་དག་གི་ཁུངས་ནི་འདི་ལ་ཐུག་ཡོད་པར་བཤད[2]ཅིང་། བྲམ་ཟེ་རྣམས་ཀྱིས་སངས་རྒྱས་དང་ཀླུ་སྒྲུབ་ཀྱི་ལྟ་བ་ནི་ཨུ་པ་ནི་ཥ་དྲའི་ཆ་ཤས་འགའ་ཞིག་ཅུང་ཟད་བསྒྱུར་ནས་བཤད་པ་ཙམ་ཡིན་པས་ཟུར་པ་ཅི་ཡང་མ་ཡིན་ཞེས་ཟེར་བར་བཤད།[3]རིག་བྱེད་ཀྱི་ཆ་བཞི་གའི་མཐའ་ན་ཡོད་པས་འདི་ལ་བེ་དཱནྟའམ་རིག་བྱེད་ཀྱི་མཐའ་ཞེས་ཀྱང་བྱ་ལ། རིག་བྱེད་མཐའ་པ་ཞེས་ཕྱི་རོལ་རྟོག་གེ་སྡེ་དྲུག་གི་ཡ་གྱལ་དུ་གྱུར་པའི་གྲུབ་མཐའང་འདི་ལ་བརྟེན་ནས་བྱུང་། འདི་སྤྱི་ལོའི་སྔོན་གྱི་ལོ་ལྔ་བརྒྱ་ཡས་མས་ཤིག་ལ་གྲུབ་པར་བཤད།
བྲམ་ཟེ་རྣམས་ཀྱིས་རིག་བྱེད་ཀྱི་ཆ་བཞི་གའང་གཅིག་ནས་གཅིག་ཏུ་འཕོས་པ་ཡིན་གྱི་སུས་ཀྱང་བརྩམས་པ་མ་ཡིན་ལ། ཐོག་མ་མེད་པའི་དུས་ནས་རང་བྱུང་དུ་ཡོད་པ་དང་། ད་དུང་ཡང་འདོན་པ་པོ་ཡོད་དམ་མེད་ཀྱང་རུང་གི་ནམ་མཁའ་ཇི་སྲིད་ཀྱི་བར་དུ་གནས་པར་འགྱུར་ཞིང་། རྩོམ་པ་པོའི་བློ་སྐྱོན་གྱིས་ནམ་ཡང་མ་གོས་པའི་ཕྱིར་རྫུན་ཅུང་ཟད་ཀྱང་མེད་དོ་ཞེས་སྨྲ་བར་བྱེད་ཅིང་། བྲམ་ཟེ་རྣམས་གཅིག་ལ་གཅིག་ལུང་འབོགས་པ་ལས་ཡི་གེར་འབྲི་བ་སོགས་ནམ་ཡང་མི་རུང་བ་ཡིན་མོད། ཕྱིས་སུ་ལག་སྡོད་མ་བཟོད་པར་ཐམས་ཅད་ཡི་གེར་བྲིས་ཤིང་། དེང་སང་དཔར་དུ་ཡང་བཏབ། དེ་ལྟར་ན་རིག་བྱེད་ཅེས་པ་ཕྱི་ནང་ཐུན་མོང་གི་རིག་གནས་ལ་གོ་བའི་སྐབས་ཤིག་དང་། བསྡུས་པ་དང་། བྲམ་ཟེ། ནགས་ལྡན། ཉེར་གུས་བཅས་རིག་བྱེད་རྣམས་ཀྱི་ཆ་བཞི་ག་ལ་གོ་བའི་སྐབས་ཤིག་དང་། ངེས་བརྗོད་དང་། སྙན་ཚིག། མཆོད་སྦྱིན། སྲིད་སྲུང་བཅས་རིག་བྱེད་བཞི་གའི་བསྡུས་པ་ཁོ་ན་ལ་གོ་བའི་སྐབས་ཤིག་བཅས་སྒྲ་ཡངས་དོག་གི་དབང་གིས་དོན་མི་འདྲ་བ་གསུམ་ལ་འཇུག་པ་ལས། སྤྱིར་བཏང་དུ་རིག་བྱེད་ཅེས་པ་ཕྱི་མའི་དོན་སྟོན་པ་ལ་འཇུག། རིག་བྱེད་ཀྱི་ཆ་བཞི་ག་ནི་རྩ་འགྲེལ་གྱི་འབྲེལ་བར་སྣང་སྟེ། ཆ་དང་པོའམ་བསྡུས་པ་རྣམས་ནི་རིག་བྱེད་ཀྱི་གཞུང་གི་རྩ་ཚིག་དང་། ཆ་ཕྱི་མ་གསུམ་ནི་བསྡུས་པ་རྣམས་ཀྱིའགྲེལ་བ་ལྟ་བུའོ། །
རིག་བྱེད་བཞི་གར་གཙོ་བོ་ལྷ་སྤྱན་འདྲེན་པ་དང་། ལྷ་ལ་བསྟོད་པ། ལྷ་ལ་མཆོད་སྦྱིན་བྱེད་པ། ལྷ་ལ་འདོད་གསོལ་ཞུ་བ་སོགས་ཀྱི་དོན་བསྟན་ཡོད་པ་དེ་ནི་རང་རེས་ལྷ་ལ་གསོལ་མཆོད་བྱེད་པ་དང་ལྷ་ལ་སྐང་གསོ་བྱེད་པ་དག་དང་དབྱིབས་འདྲ་བས། རིག་བྱེད་བཞི་གའི་བསྡུས་པ་རྣམས་ནི་རང་རེའི་བསང་ཡིག་དང་བསྐང་ཆོག་གི་ཡི་གེ་རྣམས་དང་ཕྱོགས་མཚུངས་པ་སོ་གོ། །
སྤྱིར་རིག་བྱེད་ཀྱི་གཞུང་གི་བརྗོད་བྱ་ནི་ཆ་བཞི་རུ་བྱས་ཀྱང་རུང་ཞིང་། དེ་དག་ནི་བྲམ་ཟེའི་ཆོས་ལུགས་པ་རྣམས་ཀྱིས་ཚེ་གཅིག་ལ་ངེས་པར་བརྒྱུད་དགོས་པའི་ཀུན་སྤྱོད་ཀྱི་རིམ་པའམ་ཙ་ཏུར་ཨཤྲམ་སྟེ་འཚོ་བའི་གནས་སྐབས་བཞི་དང་སྦྱར་རུང་བ་ཞིག་སྟེ། དེ་ཡང་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ་ལས།
སྤྱིར་བྲམ་ཟེ་ལ་ཁྱིམ་པ་ཕལ་བ་དང་། ཚངས་སྤྱོད་པ། ཁྱིམ་གནས། གཞོན་ནུའི་བརྟུལ་ཞུགས། ཀུན་ཏུ་རྒྱུའི་རིམ་པ་རྣམས་ཡོད་པར་བཤད་པ་དེ་དག་དང་པོར་བྲམ་ཟེའི་རིགས་ཙམ་སྟེ་ཁྱིམ་པ་ཕལ་བ་ཡིན་ལ། དེའི་ཚེའི་རིགས་ཀྱི་ཆོས་མ་ཉམས་པ་དགོས་སོ།། དེ་ནས་སྤྱོད་གནས་པ་ནི་ལོ་བཅུ་དྲུག་ལོན་པ་ཕྱིན་ཆད་ནས་སྐབས་ཤིག་བྲམ་ཟེར་བསྒྲུབས། བྲཧྨ་ཙཱ་རི་ཏེ། ན་ཚོད་དང་པོ་ལ་ཚངས་པར་སྤྱོད་པས་གནས་གོ།། དེ་ནས་ལོ་བཞི་བཅུ་ལྷག་པ་ནས་གྲྀ་ཧསྠཱ་ཞེས་པ་ཁྱིམ་ན་གནས་པ་སྟེ། བག་མ་ལེན་ཅིང་རིགས་སྐྱེད་པར་བྱེད་དོ།། བུ་གཅིག་སྐྱེས་ནས། བཱ་ན་པྲསྠཱ་ཁྱིམ་སྤངས་ནས་ནགས་སུ་གནས་ཏེ། གཞོན་ནུའི་བརྟུལ་ཞུགས་ཏེ་གཙུག་ཕུད་བཞག། སྐྲ་གཞན་བྲེགས་ཏེ་ནགས་ན་བུ་སྨད་དང་བཅས་ཀྱང་འཁྲིག་སྦྱོར་བདུན་སྤངས་ཏེ་ཚངས་པར་སྤྱོད་དེ། འདི་ནི་དྲང་སྲོང་གི་གནས་པའོ།། དེ་ནས་དེ་ཀ་ལ་གནས་པའམ་ཡང་འདོད་ན་བུ་སྨད་སྤངས་ནས། པ་རི་པྲ་ཛ་ཀ་སྟེ་རབ་ཏུ་བྱུང་བ་ཀུན་ཏུ་རྒྱུ་བྱེད་དོ།། ཕྱི་མ་འདི་སྤྱོད་པ་སྔོན་མ་གསུམ་རིམ་པས་བརྒྱུད་མི་དགོས་པ་ཤས་ཆེ་མོད། བཞི་རིམ་བྱེད་པ་སྲིད་པའི་དབང་དུ་བྱས་པ་སྟེ་འདི་ནི། ཨ་ཤྲ་མ་སྟེ་ཁྱིམ་ན་མི་གནས་པའི་ཕྱིར་མི་གནས་པ་སྟེ་རབ་ཏུ་བྱུང་བའི་དོན་ཡང་ཡིན། ཡང་ན། ཨཱ་ཤྲ་མ་སྟེ། སྤྱོད་པ་མཆོག་ལ་ཀུན་ཏུ་གནས་པའོ། །[l]
ཞེས་འབྱུང་བ་བཞིན། དང་པོ་བྲཧྨ་ཙརྱ་སྟེ་ཚངས་སྤྱོད་ཀྱི་གནས་སྐབས་སུ་གཞོན་ནུ་རྣམས་བྲམ་ཟེའི་སློབ་དཔོན་གྱི་དྲུང་དུ་སོང་ནས་ཡིག་རྩིས་དང་སྒྱུ་རྩལ་སོགས་དང་། ལྷག་པར་རིག་བྱེད་ཀྱི་དང་པོའི་ཆ་བསྡུས་པའམ་རྩ་ཚིག་རྣམས་འཛིན་སྐྱོར་བྱེད་ཅིང་། ཚངས་སྤྱོད་དུ་བྱས་ཏེ་གནས་ཤིང་། རབ་བྱུང་གི་ཆས་ཀྱང་བགོ སློང་མོ་ལའང་རྒྱུ། རྣལ་འབྱོར་གྱི་ལམ་རྣམས་ཀྱང་སྦྱངས་ཏེ་ཅི་སྲིད་ཅིག་གནས་དགོས་ལ། གཉིས་པ་གྲཧསྠ་སྟེ་ཁྱིམ་གྱི་གནས་སྐབས་ཞེས་བྱ་བ་དར་མའི་དུས་སུ་ཉེ་བར་སླེབས་པའི་སྐབས་སུ་སླར་ཁྱིམ་དུ་ལོག་སྟེ་ཆུང་མ་བླངས་ནས་རིགས་བསྐྱེད་པ་དང་འདོད་པ་ལ་ལོངས་སྤྱོད་ཅིང་། བུ་དང་བུ་མོ་ཆེན་པོར་གྱུར་གྱི་བར་དུ་ཁྱིམ་ལས་ཀྱི་མཐའ་ལ་རྟོག་ཅིང་གནས་ལ། ཉིན་རེ་བཞིན་རིག་བྱེད་ཀྱི་ཚིག་ཁ་ཏོན་ཏུ་བྱེད་པ་དང་། མཆོད་སྦྱིན་ལྔ[2]ལ་བརྩོན་པ་སོགས་ནི་རིག་བྱེད་རྣམས་ཀྱི་ཆ་གཉིས་པ་བྲམ་ཟེ་བྱ་བ་ལས་ཇི་ལྟར་འབྱུང་བ་དེ་ལྟར་དུ་བྱེད་དོ། །གསུམ་པ་བ་ན་པྲསྠ་སྟེ་ནགས་ཀྱི་གནས་སྐབས་སུ། དར་ཡོལ་ལ་སླེབས་པས་བུ་ལ་ནོར་སྐལ་ཕོག་སྟེ། ཁྱིམ་སྤངས་ནས་ཆུང་མ་དང་ལྷན་ཅིག་ནགས་སུ་ཞུགས་ཏེ་དཀའ་ཐུབ་སོགས་ཆོས་སྤྱོད་ཅི་རིགས་ལ་བརྩོན་པའི་ངང་གནས་ཤིང་། རིག་བྱེད་རྣམས་ཀྱི་ཆ་གསུམ་པ་ནགས་ལྡན་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པའི་ཤེས་བྱ་རྣམས་ལ་རྟོག་འཇུག་བྱེད། བཞི་པ་ཡ་དིའམ་ཡོ་གི་སྟེ་རྣལ་འབྱོར་གྱི་གནས་སྐབས་སུ། ན་ཚོད་ལྷག་པར་ཡོལ་ནས་རྒ་བའི་དུས་ལ་སླེབས་པས་ན། ལུས་ངག་གི་དགེ་སྦྱོར་རྣམས་ཉུང་ངུར་བྱེད་ཅིང་། འཇིག་རྟེན་བློས་བཏང་སྟེ། ཟས་ངན་ངོན་དང་གོས་ཧྲལ་ཧྲུལ་ཙམ་བསྟེན་ནས། གཅིག་པུར་ཕྱོགས་ཕྱོགས་སུ་འཁྱམས་པ་དང་། ཤས་ཆེར་ཏིང་ངེ་འཛིན་གྱིས་དུས་འདའ་བར་བྱེད་ཅིང་རྩེ་གཅིག་ཏུ་མཐར་ཐུག་གི་བདེན་པའམ་ཁྱབ་བདག་ཚངས་པ་མངོན་དུ་བྱ་བ་ཐར་བའི་གནས་ལ་སྙོག་པར་བྱེད། དེ་ལྟ་བུའི་བདེན་པ་ནི་རིག་བྱེད་རྣམས་ཀྱི་ཆ་བཞི་པ་ཉེར་གུས་ཀྱིས་སྟོན་པར་བྱེད་དོ།།
བྲམ་ཟེ་རྣམས་ཀྱིས་མཆིས་སོ་ཅོག་གི་བསྟན་བཅོས་རྣམས་ཀྱི་དང་པོ་རིག་བྱེད་དང་། མཆིས་སོ་ཅོག་གི་རིག་བྱེད་རྣམས་ཀྱི་དང་པོ་ངེས་བརྗོད་ཡིན་ཟེར་ཞིང་། ལྷ་མང་པོ་ལ་སྐྱབས་སུ་འགྲོ་བ་ལས། ངེས་བརྗོད་རིག་བྱེད་ཀྱི་སྐབས་སུ་ལྷ་རྣམས་ནི་ཉི་མ་དང་། ནམ་མཁའ་འཚུབ་མ་སོགས་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་མཐོང་ཞིང་ཤེས་པའི་འབྱུང་བའི་རང་གཟུགས་སྐྱེ་བོ་རྣམས་ངོ་མཚར་བར་བྱེད་པའམ་དངངས་པར་བྱེད་པ་དག་ལ་ངོས་འཛིན་མོད། རིག་བྱེད་ཕྱི་མ་གསུམ་དུ་སྐྱེ་དགུའི་བདག་པོ་དང་། དབང་ཕྱུག ། ཁྱབ་འཇུག་སོགས་དབང་པོའི་སྤྱོད་ཡུལ་མིན་པའི་ལྷ་རྣམས་བྱུང་ཞིང་། རིམ་གྱིས་དེ་དག་ལ་སོགས་པའི་ལྷ་གཙོ་བོ་རྣམས་ལ་སྐྱབས་སུ་འགྲོ་བར་གྱུར།
རྟག་པ་དང་། རང་བྱུང་དང་། ཚད་མར་གྱུར་པའི་རིག་བྱེད་རྣམ་པ་བཞི་དང་དེའི་ཆར་གྱུར་པའི་བྲམ་ཟེ་དང་། ནགས་ལྡན། ཉེར་གུས་བཅས་ནི་སྐྱེ་བོའི་བློས་བྱས་པ་མ་ཡིན་པར། རྀ་ཤི་སྟེ་སྔོན་གྱི་དྲང་སྲོང་ཆེན་པོ་ལྷ་དང་མིའི་བར་དུ་བརྡ་སྦྱོར་བ་དག་ལ་ལྷས་བསྟན་པར་བཤད་པས། དེ་དག་ལ་ཤྲུ་ཏི་སྟེ་ཐོས་པའི་བསྟན་བཅོས་སམ་ཐོས་པའི་མདོ་ཞེས་བྱ་ཞིང་། སྔོན་གྱི་དྲང་སྲོང་དང་མིའི་མཁས་པ་རྣམས་ཀྱིས་བྱས་པའི་རིག་བྱེད་ཀྱི་གཞུང་གཞན་མ་དག་ནི་དེའི་ཡན་ལག་སྨྲྀ་ཏི་སྟེ། དྲན་པའི་བསྟན་བཅོས་སམ་དྲན་པའི་མདོ་ཞེས་བྱ་སྟེ། དེ་ནི་རང་རེའི་བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་ལྟ་བུའོ། ། སིཀྵ་སྟེ་བཀླག་ཐབས་དང་། ཚནྡ་སྟེ་སྡེབ་སྦྱོར། བྱཱ་ཀ་ར་ཎ་སྟེ་བརྡ་སྤྲོད་པ། ནི་རུ་ཀྟ་སྟེ་ངེས་ཚིག་གམ་ཚིག་དོན་བཤད་པ། ཛྱོ་ཏི་ཥ་སྟེ་སྐར་རྩིས། ཀལྤ་སྟེ་ཆོ་ག[1]བཅས་ནི་རིག་བྱེད་བཞི་ལ་འཇུག་བྱེད་ཀྱི་ཡན་ལག་བེ་དངྒའམ་རིག་བྱེད་ཀྱི་ཡན་ལག་དྲུག་སྟེ། བཀླག་ཐབས་དང་སྡེབ་སྦྱོར་གཉིས་རིག་བྱེད་འདོན་པའི་ཐབས། བརྡ་སྤྲོད་དང་ངེས་ཚིག་གཉིས་རིག་བྱེད་གོ་བའི་ཐབས། སྐར་རྩིས་དང་ཆོ་ག་གཉིས་རིག་བྱེད་ལག་ལེན་དུ་བྱེད་པའི་ཐབས་སོ། དེས་ན་རིག་བྱེད་ཀྱི་ཡན་ལག་དྲུག་བྱ་བ་ནི་རང་རེས་ཆོས་དང་རིག་གནས་གཉིས་སུ་ཕྱེ་བའི་རིག་གནས་ཀྱི་ཆ་ལྟ་བུ་ཡིན་ལ། རིག་བྱེད་ཀྱི་གཞུང་རྣམས་ལ་སྒོ་དུ་མ་ནས་ཞིབ་འཇུག་བྱས་པའི་འབྲས་བུར་རིག་བྱེད་ཀྱི་ཡན་ལག་དྲུག་བྱུང་ལ། ནང་པ་སངས་རྒྱས་པའི་གཞུང་ལ་སྒོ་དུ་མ་ནས་ཞིབ་འཇུག་བྱས་པའི་འབྲས་བུར་རིག་གནས་ཀྱི་རྣམ་གྲངས་དགུ་ག་བྱུང་བར་བཤད་རུང་སྟེ། དེ་ནི་དཔེར་ན་དེང་རབས་ཀྱི་རྣམ་བཤད་རིག་པ་ཞེས་པའི་རིག་པ་གསར་བ་དེ་ནི་ཡེ་ཤུ་པའི་དམ་པའི་གསུང་རབ་ལ་འགྲེལ་བཤད་དང་ཞིབ་འཇུག་བྱས་པ་ལས་བྱུང་བ་ཇི་བཞིན་ནོ། ། གཞན་ཡང་ནང་པ་སངས་རྒྱས་པའི་རིག་གནས་བཅུ་ཞེས་པ་ལས་ནང་རིག་པ་ནི་རིག་བྱེད་ཀྱི་གཞུང་རྣམས་དང་འབྲེལ་ཞིང་། རིག་གནས་ཀྱི་རྣམ་གྲངས་གཞན་དག་ནི་དངོས་ཤུགས་ཅི་རིགས་སུ་རིག་བྱེད་ཀྱི་ཡན་ལག་རྣམས་དང་འབྲེལ་འདུག་པ་ལྟར་སྣང་ངོ་།། རིག་བྱེད་ཀྱི་ཡན་ལག་དྲུག་ལ་སྔར་བཤད་པ་དང་། གོང་དུ་དྲངས་མ་ཐག་པ་སྟེ་རྣམ་གྲངས་འདྲེན་ཚུལ་མི་འདྲ་བ་གཉིས་བྱུང་ཡང་། ཕྱི་མ་ནི་ཡོངས་གྲགས་ཀྱི་འདྲེན་ཚུལ་ལོ། །
གོང་དུ་བཤད་པའི་རིག་བྱེད་ཀྱི་ཡན་ལག་དྲུག་ལས་ཆོ་ག་ཞེས་པ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ནི་ཁྱིམ་གྱི་བྱ་བ་རྣམས་སྟོན་པ་ཁྱིམ་གྱི་མདོ་དང་། རྒྱལ་སྲིད་ཀྱི་བྱ་བ་རྣམས་སྟོན་པ་ཆོས་ཀྱི་མདོ། འཁྲིག་ཐབས་རྣམས་སྟོན་པ་འདོད་པའི་མདོ། གཞལ་བའི་རིགས་པ་སྟོན་པ་ཚད་ཀྱི་མདོ་སོགས་མདོའི་མིང་དུ་བརྫོད་པ་དུ་མ་ཞིག་ཡོད་པ་ལས་གྲུབ་ཅིང་།[1]རིག་བྱེད་ཀྱི་གཞུང་གི་ཉེ་བའི་ཡན་ལག་གོ།། བྲམ་ཟེ་རྣམས་ཀྱིས་དེ་དག་ཀྱང་རྫོགས་ལྡན་ཉིས་ལྡན་སོགས་ཀྱི་དུས་སུ་བརྩམས་པ་ཡིན་ཟེར་མོད། དོན་དུ་ནི་སྟོན་པ་འདས་རྗེས་བྱུང་བ་ཤ་སྟག་ཡིན་པར་བཤད།
རིག་བྱེད་ཀྱི་ཉེ་བའི་ཡན་ལག་ལས་ཆོས་ཀྱི་མདོ་ལྟ་བུ་ལ་མཚོན་ན་གཙོ་བོ་རྒྱལ་སྲིད་དང་ཁྲིམས་ཀྱི་ཐབས་ལ་བརྟེན་ནས་སྐྱེ་བོའི་ཀུན་སྤྱོད་ལེགས་ལམ་དུ་བཀྲི་བ་དང་། རིག་བྱེད་ལས་བསྟན་པའི་མཐར་ཐུག་གི་བདེན་པ་རྣམས་ཡུལ་དུས་ཀྱི་གནས་སྐབས་མི་འདྲ་བར་སྦྱར་ནས་ལག་ལེན་དུ་བསྟར་ཏེ། བྲམ་ཟེའི་ཆོས་ལུགས་ཀྱི་སྤྱི་ཚོགས་དགེ་བའི་ཕྱོགས་སུ་སྐུལ་བར་བྱེད་པ་ཞིག་སྟེ། མ་ནུ་དང་། ཡཛྙ་ཝཱལ་ཀྱ་དང་། པ་ར་ས་ར་ནི་སྔོན་གྱི་ཁྲིམས་ཡིག་གི་བྱེད་པོ་མཆོག་ཏུ་གྱུར་པ་གསུམ་དུ་གྲགས་ཤིང་། དེ་དག་ལས་མ་ནུས་བྱས་པའི་མ་ནུའི་ཁྲིམས་ཡིག་ནི་འཛམ་གླིང་ཀུན་ལ་གྲགས་ཆེ་ཞིང་། བྲམ་ཟེའི་ཆོས་ལུགས་ཀྱི་གཞུང་ཤིན་ཏུ་གལ་ཆེན་ཞིག་ཡིན་པས་བྲམ་ཟེའི་ཆོས་ལུགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་ལ། རྒྱ་ཡིག་ཏུ་སྔ་མོ་ནས་འགྱུར་ཡོད། རྒྱ་གར་དུ་རྫོགས་ལྡན་གྱི་ཆེད་དུ་བྱས་པ་མ་ནུའི་ཁྲིམས་ཡིག། སུམ་ལྡན་གྱི་ཆེད་དུ་བྱས་པ་ཡཛྙ་ཝཱལ་ཀྱའི་ཁྲིམས་ཡིག། ཉིས་ལྡན་གྱི་ཆེད་དུ་བྱས་པ་སན་ཁ་དང་ལི་ཁི་ཏའི་ཁྲིམས་ཡིག། རྩོད་ལྡན་གྱི་ཆེད་དུ་བྱས་པ་པ་ར་ས་རའི་ཁྲིམས་ཡིག་ཅེས་ཟེར་བར་བཤད[1]དེ། ཁྲིམས་ཡིག་དེ་དག་ནི་འདིར་བཤད་པའི་རིག་བྱེད་ཀྱི་ཉེ་བའི་ཡན་ལག་ཆོས་ཀྱི་མདོ་ཞེས་པའོ །།
《རཱ་མཱ་ཡ་ཎ》 དང 《མ་ཧཱ་ཐཱ་ར་ཏ》 སྟེ་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་དང་། 《པུ་ར་ན》སྟེ 《སྔོན་གྱི་རབས》བཅས་ལ་རིག་བྱེད་ལྔ་པ་ཟེར་ཞིང་། སྔོན་གྱི་རབས་ལ་ཡོངས་གྲགས་སུ་སྔོན་གྱི་རབས་གཙོ་བོ་བཅོ་བརྒྱད་དང་། སྔོན་གྱི་རབས་ཆུང་ངུ་བཅོ་བརྒྱད་ཡོད་པར་བཤད། ཡང་ཨ་ག་མ(Agamas)ཞེས་བྱ་བ་ལྷ་དང་མཆོད་སྦྱིན་གྱི་ཆོ་ག་བཤད་པའི་བསྟན་བཅོས་རྣམས་དང་། དར་ས་ན(Darsana)ཞེས་བྱ་བ་རྟོག་གེའི་ལྟ་བ་སྟོན་པའི་བསྟན་བཅོས། ཡུལ་མིའི་སྐད་དུ་བྲིས་པའི་བྲམ་ཟེའི་ཆོས་དང་ལྟ་བ་སྟོན་པའི་བསྟན་བཅོས[2]ཏེ། དེ་དག་ཐམས་ཅད་དང་གོང་དུ་བཤད་པའི་རིག་བྱེད་ཀྱི་ཡན་ལག་དང་ཉེ་བའི་ཡན་ལག་ཏུ་གྲགས་པ་རྣམས་ལ་དྲན་པའི་མདོ་ཞེས་བྱ་ཞིང་། སྔོན་གྱི་དྲང་སྲོང་དང་མིའི་མཁས་པ་དག་གིས་བྱས་ཏེ་གཅིག་ལ་གཅིག་བརྒྱུད་ནས་བྱུང་བའོ། །
དེ་ལྟར་རིག་བྱེད་ཀྱི་གཞུང་ནི་ཐོས་པའི་མདོ་དང་དྲན་པའི་མདོ་ཞེས་བྱ་བ་གཉིས་སུ་དབྱེ་ཞིང་། ཐོས་པའི་མདོ་ནི་རིག་བྱེད་ཀྱི་གཞུང་གི་རྩ་བར་གྱུར་པ་དང་། གཙོ་བོའི་ཆ་དང་། གང་ལ་ཁུངས་སུ་བྱེད་པ་རྣམས་དང་། དྲན་པའི་མདོ་ནི་རིག་བྱེད་ཀྱི་གཞུང་གི་ཡན་ལག་ཏུ་གྱུར་པ་དང་། ཕལ་བའི་ཆ་དང་། གང་གིས་ཁུངས་སུ་བྱེད་པ་རྣམས་ཏེ། རིག་བྱེད་ཀྱི་གཞུང་ནི་ཧྲིལ་གྱིས་དྲིལ་ན་ཆ་འདི་གཉིས་སུ་མ་འདུས་པ་མེད་དོ།།
དོན་ཚན་གཉིས་པ། མཆོད་སྦྱིན།
བྲམ་ཟེ་རྣམས་ནི་མི་ཚེ་མཆོད་སྦྱིན་གྱིས་སྐྱེལ་བ་ཞིག་ཏུ་བཤད་རུང་བས། རིག་བྱེད་ཀྱི་གཞུང་ཕལ་མོ་ཆེ་ནི་མཆོད་སྦྱིན་གྱི་ཆེད་དུ་བྱས་པ་ཁོ་ནར་སྣང་ཞིང་། རྒྱ་གར་བའི་ཆོས་ལུགས་དང་། རིག་གནས། འཚོ་བ་སོགས་ཀྱང་མཆོད་སྦྱིན་གྱི་བྱ་བ་དང་འབྲལ་དུ་མེད། བྲམ་ཟེ་རྣམས་ཀྱིས་ཉི་མ་རེ་རེར་ཉི་མ་རེ་རེའི་ཆོས་སྤྱོད་ཀྱི་བྱ་བ་ཆག་མེད་དུ་བྱེད་ཅིང་། ཟླ་བ་རེ་ལ་ཟླ་གསར་དང་ཉ་གང་གི་མཆོད་སྦྱིན་ཏེ་ཟླ་མཆོད་བྱེད་པ་དང་། དུས་ཚིགས་རེ་ལ་དུས་ཚིགས་ཀྱི་མཆོད་སྦྱིན་བྱེད་པ་དང་། ལོ་རེ་ལ་ལོ་མཆོད་བྱེད་པ་དང་། སྐབས་ཐོག་གི་མཆོད་སྦྱིན་སྣ་ཚོགས་དང་། ལོ་དུ་མ་ནས་ཐེངས་རེ་བྱེད་པའི་མཆོད་སྦྱིན། མི་ཚེ་ལ་ཐེངས་རེ་བྱེད་པའི་མཆོད་སྦྱིན་སོགས་མཆོད་སྦྱིན་གྱི་རིམ་པ་མང་པོ་བྱེད། མཆོད་སྦྱིན་གྱི་ཆོ་ག་ཞིབ་ཅིང་ཆ་ཚང་བ་དང་། རྣམ་པ་རྒྱ་ཆེ་བ་ཞིང་རྣམ་གྲངས་མང་བ་དེ་འདྲ་འཛམ་གླིང་རིག་གནས་ཀྱི་ཁྲོད་དུ་དོ་ཟླ་འོང་བ་གཞན་མེད། ནང་པ་སངས་རྒྱས་པའི་སྐབས་སུ་མཆོད་སྦྱིན་ཞེས་པ་ནི་དཀོན་མཆོག་ལ་མཆོད་པ་དང་དབུལ་ཕོངས་ལ་སྦྱིན་པ་ཞེས་པར་གོ་མོད། བྲམ་ཟེའི་གཞུང་དུ་བསྟན་པའི་མཆོད་སྦྱིན་ཞེས་པ་ནི་ལྷ་ལ་མཆོད་པའི་ཕྱིར་དུ་སྦྱིན་སྲེག་བྱེད་པ་ལ་གོ་དགོས་པས། སྒྲ་གཅིག་ཀྱང་དོན་གྱི་ཁྱད་པར་ཤིན་ཏུ་ཐ་དད་དོ།། བྲམ་ཟེ་རྣམས་ཀྱི་མཆོད་སྦྱིན་ལ་རིགས་ཤིན་ཏུ་མང་ཡང་། རགས་པའི་དབང་དུ་བྱས་ན་ཁྱིམ་གྱི་མཆོད་སྦྱིན་དང་ཐོས་པའི་མཆོད་སྦྱིན་བྱ་བ་གཉིས་སུ་དབྱེ་རུང་། ཁྱིམ་གྱི་མཆོད་སྦྱིན་བྱ་བ་ནི་བྲམ་ཟེ་རྣམས་ཀྱི་ནར་མའི་ཀུན་སྤྱོད་ཀྱི་རིགས་སུ་གཏོགས་ཤིང་། མི་ཆོས་ཀྱི་བྱ་བ་གཙོ་བོར་བྱེད་པ་དང་། ཁྱིམ་གྱི་མདོ་རྣམས་སུ་རྒྱས་པར་བསྟན་པ་སྟེ། དེ་ལའང་མངལ་ཉེ་བར་ལེན་པ་དང་། སྐྱེས་བུའི་ཆ་བྱད་དུ་བྱེད་པ། གཙུག་ཏོར་དབྱེ་བ། བཙའ་བ། མིང་གདགས་པ། ཉི་མ་བསྟན་པ། ཟས་སྦྱིན་པ། གཙུག་ཕུད་བཅིངས་པ། སྐྲ་འབྲེག་པ། ཆོས་ལ་འཇུག་པ། ཁྱིམ་དུ་ལོག་པ། ཆུང་མ་ལེན་པ་བཅས་གཙང་མའི་ཆོས་བཅུ་གཉིས་བྱ་བ་རྣམས་དང་། དེ་དག་དང་འབྲེལ་བའི་ཆོ་ག་དང་མཆོད་སྦྱིན་གྱི་རིགས་རྣམས་ཡོད་དེ། 《རྟོག་གེ་འབར་བ》ལས་བཤད་པའི་ཁྱོས་ཆུང་མ་ལ་བཀྲ་ཤིས་བྱེད་པའི་ཆོ་ག་སོགས་ལྟ་བུའོ།། ཁྱིམ་གྱི་བདག་པོར་གྱུར་པ་ནས་ལྷ་ལ་མཆོད་སྦྱིན་བྱེད་པ་དང་། བྲམ་ཟེ་ལ་མཆོད་སྦྱིན་བྱེད་པ། ཕ་མེས་ལ་མཆོད་སྦྱིན་བྱེད་པ། འབྱུང་བོ་ལ་མཆོད་སྦྱིན་བྱེད་པ། མི་ལ་མཆོད་སྦྱིན་བྱེད་པ་བཅས་མཆོད་སྦྱིན་ཆེན་པོ་ལྔ་རུ་གྲགས་པ་དག་རྣམ་པ་ཀུན་ཏུ་བགྱིད་ཅིང་། འདི་ལྔ་ལ་མཆོད་སྦྱིན་གྱི་རིགས་མཐའ་དག་འདུ་བས་མཆོད་སྦྱིན་ཀུན་གྱི་རྩ་བ་འདི་ལྔ་ག་ཡིན་ཡང་ཟེར། མཆོད་སྦྱིན་གྱི་རིགས་ལས་ལག་ཏུ་བསྟར་དཀའ་བ་རྣམས་ཆེད་གཏད་ཀྱིས་མཆོད་དཔོན་གཞན་ནས་སྤྱན་དྲངས་ཏེ་བགྱིད་དུ་འཇུག་ཅིང་། དུས་ངེས་པ་ཅན་ལ་ཁྱིམ་བདག་རང་གིས་ལག་བསྟར་ནས་བགྱིད་པའི་ཁྱིམ་གྱི་མཆོད་སྦྱིན་རྣམས་ལ་གཡོས་ཀྱི་མཆོད་སྦྱིན་དུ་འབོད་དེ། ཟས་སྣ་གཡོས་སུ་བྱས་ནས་མེ་ལ་སྲེག་པའི་མཆོད་སྦྱིན་ནོ།། དེ་ལ་གཡོས་ཀྱི་མཆོད་སྦྱིན་བདུན་བྱ་བ་ཡོད་ཅིང་། དེ་དག་ལས་གཅིག་ཁོ་ན་ནི་བ་ལང་གི་ཤ་སྲེག་པའི་དམར་མཆོད་ཡིན་ཡང་། གཞན་དག་ནི་འབྲས་དང་། སྲན་མ། གྲོ། ཤིང་ཏོག། ཞོ། འོ་ཐུག་སྦྲང་རྩི་སྦྱར་བ་སོགས་དཀར་གྱི་རིགས་མཆོད་པའི་དངོས་པོར་བྱེད། དེ་ལྟར་ཁྱིམ་གྱི་མཆོད་སྦྱིན་བྱ་བ་ནི་མཆོད་དཔོན་གཞན་མེད་པར་ཁྱིམ་བདག་རང་ཉིད་ཀྱིས་ལག་བསྟར་ནས་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་གྱི་གནས་ནི་རང་གི་ཁྱིམ་མམ་ཁྱིམ་གྱི་ཉེ་ལོགས་སུ་ཆེད་དུ་བརྩིགས་པའི་ཁང་བུ་དང་། མཆོད་སྦྱིན་གྱི་མེ་ནི་ཕུང་བོ་གཅིག་ཁོ་ནར་ངེས་པ་ཞིག་གོ།།
ཐོས་པའི་མཆོད་སྦྱིན་གྱི་སྐབས་སུ་ཆོ་ག་མཐའ་དག་གཞན་ནས་སྤྱན་དྲངས་པའི་མཆོད་དཔོན་གྱིས་ལག་ཏུ་བསྟར་ཞིང་། ཁྱིམ་བདག་གིས་ཡ་ཛཱ་མཱ་ན་སྟེ་མཆོད་སྦྱིན་མཁན་ནམ་ཡོན་བདག་གི་ལས་མཆོད་པའི་དངོས་པོ་ཉེ་བར་གསོག་པ་དང་། སྔགས་བཟླ་བ་དང་། མཆོད་དཔོན་ལ་ཡོན་སྦྱོར་བ་ཙམ་བྱེད། འདི་ལ་མཆོད་སྦྱིན་གྱི་མེ་ནི་ངེས་པར་གསུམ་ཚང་དགོས་སོ།། མཆོད་སྦྱིན་གང་ལ་མཆོད་དཔོན་གང་དགོས་པ་སོགས་ལག་ལེན་གྱི་རྣམ་གཞག་ཕྲ་ཞིང་ཞིབ་ལ། མཆོད་སྦྱིན་རྒྱས་པ་དག་ལ་མཆོད་དཔོན་བཞི་རེ་དང་། མཆོད་དཔོན་རེ་ལ་མཆོད་གཡོག་པ་གསུམ་རེ་སྟེ། བསྡོམས་ན་མི་བཅུ་དྲུག་དགོས་པར་སྣང་། སོ་མའི་མཆོད་སྦྱིན་ལ་བ་ལང་བརྒྱ། ཁྲིར་འཁོད་པ་ལ་བ་ལང་སྟོང་། དབང་བསྐུར་བ་ལ་བ་ལང་འབུམ་སོགས་ཡོན་བདག་གིས་མཆོད་དཔོན་ལ་ཡོན་ཇི་ལྟར་སྦྱོར་བའི་རིམ་པའང་གསལ་ལ་ཞིབ་པ་ཞིག་བཤད་ཡོད་ཀྱང་། མཆོད་སྦྱིན་གྱི་ཆེ་བ་འདོན་པའི་ཐབས་ཙམ་ལས། དངོས་སུ་དེ་ལྟར་དུ་འབུལ་བ་ནི་ཉུང་ངོ་།། ཐོས་པའི་མཆོད་སྦྱིན་བྱ་བའང་སྤྱིར་བཏང་དུ་སྲེག་རྫས་ཀྱི་མཆོད་སྦྱིན་དང་སོ་མའི་མཆོད་སྦྱིན་ཞེས་པ་གཉིས་སུ་དབྱེ་ཆོག་ལ། སྲེག་རྫས་ཀྱི་མཆོད་སྦྱིན་ལ་རིགས་བདུན་དང་། སོ་མའི་མཆོད་སྦྱིན་ལ་རིགས་མི་འདྲ་བ་བརྒྱད་ཡོད་པར་བཤད། སྲེག་རྫས་ཀྱི་མཆོད་སྦྱིན་ནི་ཁྱིམ་གྱི་མཆོད་སྦྱིན་སྐབས་བཤད་པའི་གཡོས་ཀྱི་མཆོད་སྦྱིན་ཞེས་པ་དེ་རྒྱ་ཆེ་རུ་ཕྱིན་པ་ལས་བྱུང་ཞིང་། སོ་མའི་མཆོད་སྦྱིན་ནི་སོ་མ་ར་ཛ་སྟེ་ཟླ་བའི་རྒྱལ་པོར་འབོད་པ་བོད་དུའང་སྐྱེ་བའི་སྔོ་ཚོད་ཀྱི་རིགས་པགས་པ་ལས་སྐུད་པ་འཁེལ་ནུས་པ་དེ་བཙགས་པའི་ཁུ་བ་འོ་མ་དང་བསྲེས་པ་མྱོས་འགྱུར་གྱི་ནུས་པ་ཅན་དེ་ལྷ་ལ་འབུལ་བའི་མཆོད་པའི་རིགས་ཏེ། རྒྱ་ལ་པོ་ཁྲིར་འཁོད་པའི་མཆོད་སྦྱིན་དང་། རྟ་གཙང་གི་མཆོད་སྦྱིན། མི་གཙང་གི་མཆོད་སྦྱིན[1]སོགས་ནི་གོང་དུ་སྨྲས་པའི་རིགས་བརྒྱད་ཀྱི་བྱེ་བྲག་ཡིན་པས། མཆོད་སྦྱིན་གྱི་སྤྲོས་པ་རྒྱ་ཆེན་པོ་དེ་དག་ཀྱང་སོ་མའི་མཆོད་སྦྱིན་གྱི་ཁོངས་སུ་འདུ།
གཞན་ཡང《རྟོག་གེ་འབར་བ》ལས་བཤད་པའི་བུད་མེད་ཀྱི་བྷ་གའི་ཐབ་ཏུ་སྐྱེས་བུའི་ས་བོན་སྲེག་པའི་མཆོད་སྦྱིན་དང་། བ་ལང་གི་བརྟུལ་ཞུགས་ཅན་གྱི་མཆོད་སྦྱིན་སོགས་མཆོད་སྦྱིན་གྱི་རིགས་ཡ་མཚན་ཅན་མང་པོ་མཆིས།
བྲམ་ཟེ་རྣམས་ཀྱིས་དེ་ལྟར་མཆོད་སྦྱིན་རྒྱ་ཆེ་ཞིང་གྲངས་མང་བ་བྱེད་པ་དེ་ནི་ལྷ་རྣམས་མཉིས་པར་བྱེད་པའི་ཐབས་ཏེ། དཔེར་ན་འཇིག་རྟེན་གྱི་རྒྱལ་བློན་དྲག་པ་ཅན་དག་ཟས་ཀྱི་མགྲོན་ཁ་ལ་འབོད་པ་ལྟ་བུའོ།། དེ་ཡང་ཚེ་འདིའི་བསམ་དོན་འགྲུབ་པ་དང་། ཕྱི་མར་མཐོ་རིས་སུ་སྐྱེ་བ། ལྷ་ལ་གཏང་རག་འབུལ་བ། རང་གི་ཉིས་སྐྱོན་འདག་པ། ལྷའི་དངོས་གྲུབ་ཞུ་བ་བཅས་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་ཞིང་། མཆོད་སྦྱིན་ལ་བརྟེན་ནས་དེ་རྣམས་བདེ་བླག་ཏུ་འགྲུབ་པར་འདོད་དེ། ཇི་སྐད་དུ《རྟོག་གེ་འབར་བ》ལས། “དེ་ལྟ་བུའི་རིག་བྱེད་ལས་བསྟན་པའི་འབྲུ་དང་། བྱོལ་སོང་དང་། མར་དང་། ཆུང་མ་དང་འབྲེལ་བའི་བྱ་བ་དག་གི་འབྲས་བུ་ནི་འཆི་བ་ལས་ཐར་བ་དང་། སྡིག་པ་ལས་ཐར་བ་དང་། བྲམ་ཟེ་བསད་པ་ལས་ཐར་བ་སྟེ”ཞེས་སོགས་གསུངས་པ་ཇི་བཞིན་ནོ། ། མཆོད་རྫས་རྣམས་མེར་བསྲེགས་ནས་ལྷ་ལ་མཆོད་པ་འབུལ་བའི་སྲོལ་དེ་རང་རེ་བོད་ཀྱི་བསང་མཆོད་དང་ཆ་ཀུན་ནས་འདྲ་སྟེ། བོད་ཀྱི་བསང་མཆོད་ལའང་དམར་མཆོད་དང་དཀར་མཆོད་རིགས་གཉིས་ཡོད་པ་དང་། དམར་མཆོད་ལ་ར་དང་ཤ་བ་སོགས་གསོན་པོར་སྲེག་པ་དང་། ནམ་རྒྱུན་གྱི་ཁྱིམ་བསང་ནི་ཁྱིམ་བདག་གིས་རང་ཁྱིམ་དུ་གཏོང་བ་དང་། ལོ་དུས་ཀྱི་སྤྱི་བསང་སོགས་ནི་གྲྭ་པ་དང་སྔགས་པ་སྤྱན་དྲངས་ཏེ་ཆོ་ག་སྔོན་དུ་བསྒྲུབས་ནས་གཏོང་བ་སོགས་བསམ་པར་བྱ་བའི་གནས་དུ་མ་ཞིག་མཆིས། འོན་ཀྱང་སྤྱིར་བཏང་དུ་བོད་ཀྱི་བསང་མཆོད་ནི་བོན་ལས་བྱུང་ཞེས་པ་ཙམ་ཞིག་ཡིད་ལ་བཞག་ནས་དེ་རྒྱ་གར་དང་འབྲེལ་བ་ཡོད་སྙམ་པ་ཞིག་ཀུན་གྱི་བློ་ལ་འཆར་གྱིན་མེད་མོད། བོན་གྱི་ཆོས་ནི་ཏ་ཟིག་ལས་བྱུང་བ་བོན་རང་གིས་ཀྱང་ཁས་ལེན་ལ། ཏ་ཟིག་ལས་བྱུང་ན་ཏ་ཟིག་པའི་མེ་མཆོད་ཀྱི་ཆོས་དང་འབྲེལ་བ་མེད་པ་མི་སྲིད་པ་དང་། རྒྱ་གར་པའི་རིག་བྱེད་ཀྱི་ཆོས་དང་ཏ་ཟིག་པའི་མེ་མཆོད་ཀྱི་ཆོས་གཉིས་ནི་གངས་རི་གཅིག་ལས་འོངས་པའི་ཆུ་རྒྱུན་མི་འདྲ་བ་གཉིས་ཡིན་པ་དང་། གོང་དུ་བཤད་པའི་མཚུངས་ཆོས་རྣམས་ནི་སྟེས་དབང་དུ་བྱུང་བ་མིན་པ་སོགས་ལ་བསམས་ན། ཀུན་གྱི་རྩ་བ་གཅིག་ཏུ་སོང་འདུག་པ་ལ་ངེས་ཤེས་སྐྱེ་བར་འགྱུར་བས། བོད་ཀྱི་བསང་མཆོད་བོན་ལ་ཐུག་འདུག་པ་དང་། བོན་གྱི་བསང་མཆོད་རྒྱ་གར་དང་འབྲེལ་འདུག་པའི་གསང་ཚིག་དེའི་མཐིལ་ཡང་ཚེགས་མེད་དུ་བརྟོལ་བར་འགྱུར། གཞན་ཡང་ནང་པ་སངས་རྒྱས་པ་རྣམས་ཀྱི་སྦྱིན་སྲེག་གི་ཆོ་ག་སོགས་ཀྱང་རིག་བྱེད་པའི་མཆོད་སྦྱིན་དང་འབྲེལ་བ་ངེས་ཅན་དུ་ཡོད་སྙམ་ཡང་། འདིར་གླེང་བསླངས་པ་ཙམ་གྱིས་འཐུས་པར་བྱའོ།།
དོན་ཚན་གསུམ་པ། རིགས་བཞི།
རིག་བྱེད་ཀློག་པ་དང་། མཆོད་སྦྱིན་བྱེད་པ་སོགས་བྲམ་ཟེའི་ཆོས་ལུགས་ཀྱི་ལས་ཆོག་སྣ་ཚོགས་ཀྱི་ཁུར་འདེགས་མཁན་གཙོ་བོ་ནི་བྲམ་ཟེ་རྣམས་ཡིན་པས། བྲམ་ཟེ་རྣམས་ཀྱི་ལས་ཀ་གཙོ་བོ་ནི་བྲམ་ཟེའི་ལས་དྲུག་བྱ་བ་སྟེ། ཀློག་པ་དང་ཀློག་ཏུ་འཇུག་པ་དང་། མཆོད་སྦྱིན་དང་མཆོད་སྦྱིན་བྱེད་དུ་འཇུག་པ་དང་། སྦྱིན་པ་དང་ལེན་པ་བཅས་དྲུག་གོ།། མཆོད་སྦྱིན་གྱི་ལས་ཆོག་རྣམས་དང་པོ་ཤིན་ཏུ་སླ་བས་སུ་ཡིན་ཡང་ལག་ལེན་བྱ་བཏུབ་པ་ཞིག་ཡིན་ངེས་མོད། ཕྱི་ནས་རིམ་གྱིས་ཞིབ་རྒྱས་སུ་སོང་བས་སྦྱང་བ་སྔོན་དུ་མ་སོང་ན་སུ་རུང་རུང་གིས་མི་ཤེས་པར་གྱུར་པས། དེ་ལ་ཆེད་དུ་སྦྱང་བརྩོན་དང་ལས་གཉེར་བྱེད་པའི་མི་ཚན་ཞིག་བྱུང་བ་དེ་ནི་བྲམ་ཟེ་རྣམས་ཀྱི་ཐོག་མ་ཡིན། རིག་བྱེད་ཀློག་པ་དང་མཆོད་སྦྱིན་བྱེད་པ་སོགས་ཆོས་དང་རིག་གནས་ཀྱི་ལས་ཀ་ལ་དབང་བའི་མིའི་སྡེ་ཚན་དེ་ཀུན་གྱི་བཀུར་བསྟིའི་ཡུལ་དུ་གྱུར་ཅིང་། དེ་བཞིན་བྲམ་ཟེའི་སྤྱི་ཚོགས་ལ་ཉེ་བར་མཁོ་བའི་ལས་ཀའི་རིགས་གཞན་མ་ལ་དབང་བའི་མིའི་སྡེ་ཚན་རྣམས་ཀྱང་བྱུང་སྟེ། མི་སྡེ་ཚན་དུ་གཅོད་པའི་རིགས་བཞིའི་ལམ་ལུགས་དང་། དེ་ལ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་ལྟ་བ་བྱུང་ཞིང་། དེ་ཡང་དང་པོ་ཨཱརྱའི་མི་རྣམས་ཀྱིས་རྒྱ་གར་གྱི་གཉུག་མའི་མི་ཨཱརྱའི་རིགས་སུ་མི་གཏོགས་པ་རྣམས་དབང་འོག་ཏུ་བཅུག་རྗེས་དེ་གཉིས་ཀྱི་བར་དུ་རྗེ་ཁོལ་གྱི་ཁྱད་པར་ལྟ་བུ་བྱུང་བ་དང་། ཕྱིས་སུ་ཨཱརྱའི་མིའི་ནང་ཁུལ་དུའང་ལས་ཀའི་དབང་གིས་ཁྱད་ཞུགས་ཏེ་སྡེ་ཚན་གསུམ་དུ་ཆད་པ་ལས་རིགས་བཞིའི་ཁྱད་པར་བྱུང་ཞེས་ཀྱང་བཤད་ལ། མཆོག་དམན་གྱི་ལྟ་བ་ལ།
བྲམ་ཟེ་ཁ་ལས་སྐྱེས་པ་དང་། ། དེ་བཞིན་དཔུང་པ་ལས་རྒྱལ་རིགས། །
བརླ་ལས་རྗེ་རིགས་ཡང་དག་བྱུང་།། རྐང་པ་ལས་ནི་དམངས་རིགས་སོ། ། [1]
ཞེས་པ་སོགས་ཚངས་པའི་ལུས་ཀྱི་ཆ་སོ་སོ་ནས་རིགས་བཞི་བྱུང་བའི་རིག་བྱེད་ཀྱི་ཚིག་བསྒྲིགས་ནས་གཞུང་ལུགས་ཀྱི་རྒྱབ་རྟེན་བཟོས། དེ་ལས་ཀྱང་སྔ་བའི་ཡིག་ཆའི་ཁུངས་ནི་ངེས་བརྗོད་རིག་བྱེད་དེ། དེ་ལས་རིགས་བཞི་རིམ་བཞིན་པུ་རུ་ཥའི་སྤྱི་བོ་དང་། ཕྲག་པ་དང་། བརླ་དང་། རྐང་པ་ལས་བྱུང་བར་བཤད། ཡང་། རྒྱལ་རིགས་རྣམས་ཆེ་བ། རྗེ་རིགས་རྣམས་བཙུན་པ། བྲམ་ཟེའི་རིགས་རྣམས་གཙང་བ། དམངས་རིགས་རྣམས་མང་བ[1]ནི་རིགས་དེ་དག་གི་ཁྱད་རྟགས་སུ་བཤད། བོད་ཀྱི་ཡིག་ཆ་རྣམས་སུ་བྲམ་ཟེ། རྒྱལ་རིགས། རྗེའུ་རིགས། དམངས་རིགས་ཞེས་རིགས་བཞི་འདྲེན་པ་དང་།
དེ་ཡང་རྩོད་ལྡན་ཐོག་མ་ལ། ། སྐྱོ་སྟེ་ནགས་སུ་བསམ་གཏན་ཐོབ། །
མངོན་ཤེས་ལྡན་པ་དྲང་སྲོང་གྲགས། ། བསམ་གཏན་མ་ཐོབ་གྲོང་དུ་འོངས། །
སྙན་ངག་སོགས་འཚོ་བྲམ་ཟེའི་རིགས། ། དཔྱ་ཁྲལ་ལ་དབང་རྒྱལ་རིགས་ཡིན། །
ཚོང་དཔོན་ལ་སོགས་རྗེ་བོའི་རིགས།། ཞིང་ལས་འཚོ་བ་དམངས་རིགས་ཏེ། །
སྲོག་གཅོད་ངན་ལས་གདོལ་བའི་རིགས། ། སོ་སོའི་བྱེད་ལས་ཐ་དད་ལས། །
རིགས་ལ་རྣམ་གཞག་ལྔ་རུ་བྱུང་། །[2]
ཞེས་རིགས་ལྔ་རུ་བཤད་པ་འང་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཕྱི་ནང་གི་ཡིག་ཆ་ཕལ་ཆེ་བར་བྲམ་ཟེ་དང་། རྒྱལ་རིགས། རྗེའུ་རིགས། དམངས་རིགས་ཞེས་བྲིས་སྣང་བས། ཀུན་ལ་ཐུན་མོང་དུ་གྲགས་པའི་འདྲེན་ཚུལ་ནི་སྔ་མ་དེ་ཡིན་པར་ངེས། མི་ལ་རིམ་པ་མི་འདྲ་བ་བཞིར་ཕྱེ་བའི་རིགས་བཞི་ཞེས་པ་འདི་ལ་ནང་གསེས་སུ་ཡང་། རྒྱལ་རིགས་ལ་རྐང་ཐང་དང་། རྟ་པ། གླང་ཆེན། ཤིང་རྟ་པ་བཞི་དང་། བྲམ་ཟེའི་རིགས་ལ་ནགས་གནས་དང་། ཁྱིམ་གནས། དཀའ་ཐུབ་པ་གསུམ། རྗེ་རིགས་ལ་ཡིག་མཁན་དང་། ཚོང་པ། སྨན་པ་གསུམ། དམངས་རིགས་ལ་ས་གཞི་རྨོ་བ་དང་། བ་ལང་སྐྱོང་བ། འཇིམ་ལས་པ། ཁྱིམ་གནས་པ་བཅས་ཀྱི་དབྱེ་བ་ཡོད་པར་བཤད་དོ། །[3]
གོང་གི་བྲམ་ཟེ་ཁ་ལས་སྐྱེས་སོགས་ཀྱིས་མཆོག་དམན་གྱི་ཁྱད་པར་བསྟན་པར་མ་ཟད། ལས་ཀའི་ཁྱད་པར་ཡང་བསྟན་ཡོད་དེ། ཁ་ལས་ཆོས་སྟོན་པས་དང་། དཔུང་བས་འཁྲུག་པས་དང་། བརླ་ཡི་སྟོབས་ཀྱིས་དོན་མཐུན་འགྲོ་བས་དང་། གཞན་གྱི་རྐང་བའི་རྩ་བར་བསྟེན་ནས་རིམ་བཞིན་གྲགས་པར་འདོད་དེ། དེ་ཉིད(དོན་དམ་བསྙེན་པ)ལས།
ཁ་ལས་ཆོས་ནི་སྟོན་པར་བྱེད་པ་གྲགས་པ་ཡིན།། དེ་ཕྱིར་བྲམ་ཟེ་རྣམས་ནི་ཁ་ལས་སྐྱེས་པར་འགྱུར།།
རྒྱལ་རིགས་རྣམས་ནི་དཔུང་བས་འཁྲུག་པར་བྱེད་པ་སྟེ།། དཔུང་བ་དེ་དག་ལས་ནི་དེ་རྣམས་སྐྱེ་བར་འགྱུར།།
བརླ་ཡི་སྟོབས་ཀྱིས་སྐྱེ་བོ་རྗེ་རིགས་མགྲོན་པོར་བྱེད།། དེ་ཕྱིར་དེ་རྣམས་དེ་ལས་སྐྱེས་པར་འགྱུར་བའོ།།
རྐང་བའི་རྩ་བར་བསྟེན་པར་བྱེད་པར་གྲགས་པ་ཡིན།། དེ་ཕྱིར་རྐང་པ་ལས་ནི་དམངས་རིགས་སྐྱེ་བར་འགྱུམ།།
ཞེས་འབྱུང་བ་ལྟར། ཆོས་དང་རིག་གནས་ཀྱི་ལས་ཀ་ལ་དབང་ཞིང་། ལྷ་དང་མིའི་བར་དུ་བརྡ་སྦྱོར་མཁན་དུ་གྱུར་པ་ནི་བཱཧྨ་ཎའམ་ཚངས་སྤྱོད་ཅེས་ཚངས་པའི་ཁ་ལས་སྐྱེས་པར་བཤད་པའི་བྲམ་ཟེའི་རིགས་ཏེ། སྐྱེ་བོ་ཀུན་ལ་ལེགས་ཉེས་བླང་དོར་སྟོན་པའི་ལམ་མཁན་ལྟ་བུ་དང་། ཚངས་པའི་བུ་དང་། ལྷ་ལ་མཆོད་པ་ལེན་མཁན་དང་སྦྱིན་པ་ལེན་མཁན་གཉིས་ཡོད་པ་ལས་སྦྱིན་པ་ལེན་པའི་ས་ཡི་ལྷ་ཡིན་པར་བཤད་པས། རྒྱལ་པོ་རྣམས་ཀྱིས་ཀྱང་འདི་ལ་དབང་ཤུགས་སྤྱོད་པར་མི་ནུས་ལ་ཁྲལ་ཀྱང་བསྡུ་བར་མི་བྱ། སྔར་བཤད་པའི་ལས་དྲུག་སོགས་ཀྱི་སྒོ་ནས་སྔོན་གྱི་དྲང་སྲོང་རྣམས་ལ་རིག་བྱེད་ཀློག་པའི་བུ་ལོན་དང་། ལྷ་རྣམས་ལ་མཆོད་སྦྱིན་གྱི་བུ་ལོན། ཕ་མེས་ལ་ཁྱིམ་རྒྱུད་འཛིན་པའི་བུ་ལོན་བཅས་བུ་ལོན་ཆེན་པོ་གསུམ་འཇལ་བ་ནི་བྲམ་ཟེ་རྣམས་ཀྱི་མི་ཚེའི་འགན་བབས་སུ་བཤད།
ཀྵཏྲིལ་སྟེ་ཚངས་པའི་དཔུང་བ་ལས་སྐྱེས་པར་བཤད་པའི་རྒྱལ་རིགས་ཞེས་པ་ནི་རྒྱལ་པོ་དང་བློན་པོ་སོགས་རྒྱལ་སྲིད་དང་དགྲ་ཐབས་ཀྱི་ལས་ལ་དབང་བ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཡུལ་མིའི་བདེ་ཐབས་སྲུང་བ་ལ་བརྩོན་པ་དག་གོ།། རྒྱལ་རིགས་རྣམས་ཀྱིས་གཡུལ་དུ་དཔའ་བ་ནི་ཀུན་ལས་གལ་ཆེ་བར་བརྩི་ཞིང་། དེ་ལ་བརྟེན་ནས་འཇིག་རྟེན་དུ་གྲགས་པ་འཐོབ་ཅིང་ཕྱི་མར་མཐོ་རིས་སུ་སྐྱེ་ཟེར། རིག་བྱེད་ཀློག་པ་དང་། མཆོད་སྦྱིན་བྱེད་པ། སྦྱིན་པ་གཏོང་བ་གསུམ་འགན་བབས་ཀྱི་ལས་ཀ་ཡིན་པར་བཤད་ཅིང་། མདའ་མདུང་གྲི་གསུམ་སོགས་འཕོང་རྩལ་གྱི་རིགས་ལ་བྲམ་ཟེ་རིག་བྱེད་ལ་བྱང་བ་ཙམ་སྦྱང་དགོས། “རྒྱ་གར་རིགས་ལ་གཙིགས་ཆེ་བས་བསྐལ་བཟང་གི་སངས་རྒྱས་ཐམས་ཅད་རྒྱལ་རིགས་བྲམ་ཟེའི་རིགས་གང་རུང་དུ་འབྱོན་པ་ལས་བདག་ཅག་གི་སྟོན་པ་གཟིགས་པ་ལྔ་ལྟར་རྒྱལ་རིགས་སུ་བྱོན་པ་ཡིན།” [1]ཞེས་འབྱུང་བ་བཞིན་རྒྱལ་རིགས་འདིའང་བྲམ་ཟེའི་རིགས་བཞིན་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་བརྩི།
བེཤྱ་སྟེ་ཚངས་པའི་བརླ་ལས་སྐྱེས་པར་བཤད་པའི་རྗེའུ་རིགས་ནི་ཞིང་དང་། ཕྱུགས་དང་། ཚོང་གི་ལས་ཀ་ལ་དབང་ཞིང་། རྒྱུ་ནོམ་བཟོ་སྐྲུན་དང་བགོད་འགྲེམ་བྱེད་པ་ལ་བརྩོན་པ་རྣམས་ཏེ། དེ་དག་ལའང་རིག་བྱེད་ཀློག་པ་སོགས་འགན་བབས་གསུམ་ག་ཡོད།
ཤཱུདྲ་སྟེ་ཚངས་པའི་བྱིན་པའམ་རྐང་པ་ལས་སྐྱེས་པར་བཤད་པའི་དམངས་རིགས་ནི་ཨཱརྱ་རྣམས་ཀྱིས་སྔོན་ནས་རྒྱ་གར་དུ་ཡོད་པའི་མི་ཁ་དོག་ནག་པོ་ཅན་དེ་དག་བཟུང་ནས་ཁོལ་དུ་བྱས་པ་ལས་བྱུང་ཞིང་། ཏིལ་བརྡུང་བ་དང་། ཀོ་བ་མཉེད་པ། མགར་བྱེད་པ་སོགས་ལས་དཀའ་ཤོས་གང་ཡིན་པ་བྱེད་དུ་འཇུག། སྤྱི་ཚོགས་སུ་བརྩི་མཐོང་ཅི་ཡང་མེད་ལ། ལྷ་ལ་ཕྱག་བྱ་བ་དང་། རིག་བྱེད་ཀློག་པ། མཆོད་སྦྱིན་བྱེད་པ་སོགས་ཆོས་ཀྱི་བྱ་བ་གང་ལའང་འཇུག་ཏུ་མི་རུང་། དེ་ལྟར་རིགས་ཀྱི་དབྱེ་བ་བཞི་རུ་ཕྱེ་བ་ལས། བྲམ་ཟེ་ནི་རིགས་བཞི་གའི་ཏོག་ལྟ་བུར་བརྩི་ཞིང་། དེ་ནས་རིམ་བཞིན་ཕྱི་མ་རྣམས་སྔ་མ་ལས་དམན་པར་བརྩི་ཡང་། རིགས་སྔ་མ་གསུམ་ག་ལ་ཆོས་སྒོར་འཇུག་པ་དང་ཆོས་ཀྱི་བྱ་བ་བྱེད་པའི་དབང་ཆ་ཡོད་པ་དང་། དམངས་རིགས་ལ་དེ་མེད་དོ། ། དེ་བས་རིགས་སྔ་མ་གསུམ་ག་ལ་གཉིས་སྐྱེས་པའམ་གཉིས་སྐྱེས་ཟེར་ཞིང་། དེ་ཡང་དང་པོ་ཕ་མ་ལས་ཤ་ཁྲག་གི་ལུས་ཐོབ་པ་དང་དེ་ནས་ཆོས་སྒོར་ཞུགས་ཏེ་བླ་མའམ་སློབ་དཔོན་ལས་ཆོས་ཀྱི་ལུས་ཐོབ་པ་ལ་བྱ། དམངས་རིགས་ལ་དབང་ཆ་དེ་མེད་པས་ཆིག་སྐྱེས་པའམ་ཆིག་སྐྱེས་ཟེར་ཞིང་རིགས་ཀྱི་ཐ་མར་བརྩི། མངོན་བརྗོད་ཀྱི་བསྟན་བཅོས་རྣམས་སུ་བྲམ་ཟེ་ལ་གཉིས་སྐྱེས་ཟེར་བ་ནི་དེ་ཡིན་ལ། དོན་ལ་རྒྱལ་རིགས་དང་རྗེའུ་རིགས་ཀྱང་གཉིས་སྐྱེས་ཀྱི་རིགས་ཡིན་པར་མ་ཟད་དེ་ལྟར་དུ་འབོད་པའང་ཤེས་པར་བྱའོ།། ཆོས་སྒོར་ཞུགས་པ་ཞེས་པ་ནི་སྔར་བཤད་པའི་ཚངས་སྤྱོད་ཀྱི་གནས་སྐབས་ཏེ། འཚོ་བའི་གནས་སྐབས་བཞི་ཞེས་པའང་དང་པོ་བྲམ་ཟེའི་རིགས་ཁོ་ནའི་ཆོས་སྤྱོད་ཀྱི་རིམ་པ་ཡིན་པ་ལས། དུས་ཕྱིས་ཆོས་ཀྱི་མདོ་ཞེས་པ་རྣམས་སུ་རྒྱལ་རིགས་དང་རྗེའུ་རིགས་ཀྱིས་ཀྱང་འཚོ་བའི་གནས་སྐབས་བཞི་ལེགས་པར་བརྒྱུད་འོས་པར་གདམས་པས་རིགས་སྔ་མ་གསུམ་གའི་ཐུན་མོང་གི་འཇུག་ངོགས་སུ་གྱུར། དེས་ན་འཚོ་བའི་གནས་སྐབས་བཞི་ཞེས་པ་ནི་དམངས་རིགས་ལ་འབྲེལ་བ་མེད་པའང་ཤེས་སླའོ།། རིགས་བཞི་ག་རིམ་བཞིན་ཚངས་པའི་ཞལ་སོགས་ལས་བྱུང་ཟེར་བ་ལ་ད་དུང་ཤེས་པར་བྱ་བ་འདི་ཡོད་དེ། བྲམ་ཟེ་རྣམས་ཀྱི་ལུགས་ལ་སྐྱེ་བོའི་ལུས་ཀྱི་རྐེད་པའམ་ལྟེ་བའི་མཚམས་ནས་བཅད་པའི་ཡས་ཕྱོགས་རྣམས་གཙང་བ་དང་མས་ཕྱོགས་རྣམས་བཙོག་པའམ་དམེ་བར་བརྩི་བ་ལྟར། ཁ་ནི་ཟས་ཀྱི་འཇུག་སྒོ་དང་བསྟོད་ཚིག་དང་བསྟོད་དབྱངས་ཀྱི་འབུད་སྒོ་ཡིན་པས་ཆེས་གཙང་བར་བརྩི་ཞིང་།[1]བྲམ་ཟེ་ཁ་ལས་བྱུང་བ་དེ་ཡིན། རྐང་བ་ནི་ལུས་ཀྱི་དམའ་ཤོས་དང་ཆེས་བཙོག་པའི་གནས་སུ་བརྩི་བས། དམངས་རིགས་རྐང་བ་ལས་བྱུང་བ་དེ་ཡིན་ལ་དམངས་རིགས་ཤིན་ཏུ་བཙོག་པར་བརྩི་བའང་དེ་ཡིན། དེས་ན་རིགས་བཞི་གར་ལས་ཀ་དང་མཆོག་དམན་གྱི་ཁྱད་པར་ཡོད་པར་མ་ཟད། གཙང་དམེའི་ཁྱད་པར་ཡང་བྱུང་འདུག། རིགས་དམན་པ་དང་ཁྲོན་པ་གཅིག་གི་ཆུ་མི་བཏུང་བ་དང་། རིགས་དམན་པའི་ལུས་ལ་རེག་པའི་བསེར་བུ་མི་ཕོག་པར་བྱ་བ་སོགས་ཀྱི་ཁུངས་ནི་དེ་ག་ལ་ཐུག་འདུག། རང་རེའི་གྲིབ་ཕོག་པ་བྱ་བ་དང་། མནོལ་བ་བྱ་བ། འགོམ་ཡུག་ཟེར་བ་སོགས་ཀྱང་མཐར་གཏུགས་ན་དེ་ལས་བྱུང་བར་ངེས།
ཡང་རིགས་བཞི་གའི་ཐ་མ་དམངས་རིགས་ལས་ཀྱང་དམན་པ་རིགས་བཞིའི་གྲས་སུ་མི་ཚུད་པ་ཙཎྜལ་སྟེ་གདོལ་བའི་རིགས་བྱ་བ་ཡོད་ཅིང་། དམངས་རིགས་ཀྱི་ཁྱོས་ཆུང་མ་བྲམ་ཟེའི་རིགས་བླངས་པ་ལས་བྱུང་བར་བཤད།[2]དེ་དག་ནི་མི་གྲལ་ནས་ཕུད་ཅིང་ཆེས་ཉམ་ང་བའི་གནས་སུ་ལྷུང་བའི་མིའི་སྡེ་ཚན་ཞིག་ཡིན་ལ། རོ་འཁུར་བ་དང་གཤེད་མའི་ལས་སོགས་ཀྱིས་འཚོ། 《མ་ནུའི་ཁྲིམས་ཡིག》ཏུ་གདོལ་བའི་རིགས་གྲོང་གི་ཕྱི་ལ་སྡོད་དགོས་པ་དང་། གཤིན་པོའི་གོས་གྱོན་པ་དང་། ལྕགས་ཀྱི་རྒྱན་འདོགས་དགོས་ལ། སྣོད་སྤྱད་ཆག་པོ་སྤྱད་དགོས་པ་དང་། ཁྱི་དང་བོང་བུ་ལས་ལྷག་པའི་ནོར་བསྲེལ་མི་རུང་བར་བཤད། ཕྱི་རུ་རྒྱུ་དུས་རང་གི་ལུས་ལ་གདོལ་བ་ཡིན་པའི་རྟགས་བཏབ་སྟེ། རིགས་མཐོན་པོ་རྣམས་དང་མི་རེག་པ་བྱ་དགོས། རིགས་མཐོན་པོ་རྣམས་ཀྱིས་གདོལ་བའི་རིགས་མཐོང་བའང་བཀྲ་མི་ཤིས་པར་བརྩིས་ཏེ་མིག་སྤོས་ཆུས་འཁྲུད་པ་སོགས་བྱེད་ཟེར། བཅས་པ་སྣ་ཚོགས་ལ་འགལ་བའམ་མི་མཐུན་པའི་གཉིན་སྡེབ་པ་སོགས་ལས་རིགས་གོང་མ་རྣམས་འཆལ་ཏེ་འོག་མར་ལྟུང་བ་དང་། དེ་བཞིན་རིགས་འོག་མ་དག་ཡར་འཕར་ནས་རིགས་གོང་མར་འགྱུར་བའང་ཡོད། སྤྱིར་ན་བྲམ་ཟེ་རྣམས་ཀྱི་མིའི་མཆོད་སྦྱིན་དང་། ས་ཏཱི་སྟེ་དག་པ་མོ་ཞེས་ཁྱོ་ཤི་བའི་ཆུང་མ་མེ་ནང་དུ་ལྕེབས་པ། རིགས་ལ་མཆོག་དམན་དུ་དབྱེ་ཞིང་གདོལ་བ་མི་གྲལ་ནས་འབུད་པ་སོགས་དང་། རྒྱའི་ཉུག་རུམ་གྱི་ལམ་ལུགས་དང་བུད་མེད་ཀྱི་རྐང་བ་དཀྲི་བ་སོགས་དང་། བོད་ཀྱི་ཡུལ་ལུང་རེ་འགའི་ཆུང་མ་གཅིག་ལ་ཁྱོ་ག་མང་བའི་ལམ་ལུགས་སོགས་ནི་ཐ་ཆད་ཀྱི་ལུགས་སྲོལ་སོ་སོའི་རིག་གནས་ལས་སྙིགས་མར་གྱུར་པའི་ཆའོ། །
བྲམ་ཟེའི་རིག་གནས་ཀྱི་སྙིང་པོར་གྱུར་པའི་རིག་བྱེད་ཀྱི་གཞུང་དང་དེའི་བརྗོད་བྱ་གལ་ཆེ་བ་འགའ་ཞིག་ནི་གོང་དུ་སྨྲས་པ་ལྟར་ཡིན་ལ། དེ་ཡང་མདོར་བསྡུས་ན་བྲམ་ཟེའི་ཆོས་ཀྱི་རྩ་བ་གསུམ་སྟེ། རིག་བྱེད་ལྷ་ཡི་ལུང་། མཆོད་སྦྱིན་འདོད་དགུ་འགྲུབ། བྲམ་ཟེ་བླ་ན་མེད་ཅེས་པར་འདུའོ།།
སངས་རྒྱས་འཇིག་རྟེན་དུ་བྱོན་རྗེས། རྩ་བ་དེ་གསུམ་ག་བཀག་ནས་སྐྱེ་བོ་རྣམས་ལ་སྔོན་མེད་པའི་ལམ་གསར་བ་བསྟན་པས། སེམས་ཅན་གྱི་སྲོག་འཕྲོག་པའི་མཆོད་སྦྱིན་དང་རིགས་ཀྱི་ཆོས་གུ་དོག་པོ་དེ་དག་ཉམས་སྨད་པར་བྱས་ཏེ། རྒྱ་གར་གྱི་སྤྱི་ཚོགས་སྔར་བས་ལྷག་པའི་ཡ་རབས་དང་ཚུལ་ལྡན་གྱི་ཕྱོགས་ལ་བཀྲི་བར་མཛད་མོད། རྒྱལ་པོ་མྱ་ངན་མེད་དང་རྒྱལ་པོ་ཀ་ནིཥྐའི་དུས་ཙམ་ལ་མ་གཏོགས་རྒྱ་གར་དུ་སྔོན་ནས་ད་ལྟའི་བར་ཆོས་ལུགས་གཙོ་བོའི་གོ་ས་བྲམ་ཟེའི་ཆོས་ལུགས་ཀྱིས་བཟུང་ཡོད་པས། ད་དུང་ཡང་ལུགས་ངན་པ་དེ་དག་གི་སྲོལ་ནི་གནས་བཞིན་པའོ།།
དོན་ཚན་བཞི་པ། བྲམ་ཟེའི་རིག་གནས་བོད་ཀྱི་རིག་གནས་དང་ཇི་ལྟར་འབྲེལ་བའི་ཆ་ཅུང་ཟད་ལོགས་སུ་བཤད་པ།
བྲམ་ཟེའི་རིག་གནས་བོད་ཀྱི་རིག་གནས་དང་ཇི་ལྟར་འབྲེལ་བའི་ཚུལ་ནི་སྔར་ཡང་སྐབས་ཐོག་སོ་སོར་ཅུང་ཟད་རེ་སྤྲོས་ལ། ད་དུང་དཔེར་ན། བོད་མིའི་མིང་གདགས་ཚུལ་སངས་རྒྱས་སྐྱབས། འཇམ་དབྱངས་སྐྱབས། མགོན་པོ་སྲུངས། རྟ་མགྲིན་སྲུངས། སྒྲོལ་མ་འཚོ། པདྨ་འཚོ། ཐུགས་རྗེ་རྒྱལ། ཕྱག་རྡོར་རྒྱལ། ཏཱ་རེ་སྐྱིད། སྨན་བླ་སྐྱིད། བསྐལ་བཟང་ཐར། ཚེ་གཟུངས་ཐར། དཀོན་མཆོག་ཚེ་རིང་། ཤཱཀྱ་ཚེ་རིང་ཟེར་བ་སོགས་ཀྱང་། སྐྱབས་ཞེས་བྱ་བ་བྲམ་ཟེར་བརྗོད། །རྒྱལ་རིགས་གོ་ཆ་བྱ་བར་གནས། །སྦས་པ་ཁོལ་གྱི་བདག་ཉིད་མིང་། །རྗེའུ་རིགས་དམངས་རིགས་དག་ལ་བཤད།།[1]ཅེས་སྔོན་རྒྱ་གར་དུ་རིགས་བཞིའི་མིང་གི་འདོགས་ལུགས་སོ་སོར་ཡོད་པ་དེ་ལས་བྱུང་བ་ཤིན་ཏུ་གསལ་བ་འདི་ཙམ་ལས་ཀྱང་ངོ་འཕྲོད་པར་འགྱུར་ལ། བོད་ཡུལ་དུའང་རིགས་ཀྱི་དབྱེ་བ་འབྱེད་པ་དང་དེ་ལ་མཆོག་དམན་དུ་འཛིན་པའི་ལྟ་བ་དོད་ཐུབ་ཙམ་བྱུང་འདུག་པ་ནི་“བུ་མོ་འདི་ནི་སྒྲོལ་མའི་སྐུ་རྒྱུད་ཡིན། །རིགས་འདི་ལས་མཐོ་བ་གཅིག་ཀྱང་མེད། །”[2]ཅེས་རང་གའི་སྐྱེ་བོ་དག་གི་ཁ་ངག་ལས་འབྱུང་བ་སོགས་ལས་ཤེས་པར་འགྱུར་རོ། །
འོ་ན་བོད་ཀྱི་ཡུལ་དུ་སངས་རྒྱས་ཆོས་ལུགས་ལས་ཕྱི་རོལ་བའི་ཆོས་མ་དར་ན། བོད་ལ་བྲམ་ཟེའི་རིག་གནས་ཀྱི་ཤན་ཇི་ལྟར་ཞུགས་ཤེ་ན། སྤྱིར་བོད་ཀྱིས་དང་པོ་རྒྱ་གར་གྱི་ཆོས་དང་རིག་གནས་སྤྱན་འདྲེན་སྐབས་མིག་གིས་གང་མཐོང་དང་ལག་ལ་གང་ཟིན་ཞིག་ཁྱེར་འོངས་པ་མ་ཡིན་པར། བླང་དོར་ཡོད་པའི་སྒོ་ནས་རིན་ཐང་ཡོད་པ་དང་། མཁོ་ཆེ་བ། ཡུལ་དུས་དང་འཚམ་པ་རྣམས་འདམ་ག་བྱས་པ་ཡིན་ཏེ། རྒྱ་གར་དུ་ཆོས་ལུགས་དང་གྲུབ་མཐའ་སྣ་ཚོགས་ཡོད་པ་ལས་སངས་རྒྱས་ཆོས་ལུགས་ཁོ་ན་མ་གཏོགས་གཞན་རྣམས་འགོག་རྒྱུ་ཐག་བཅད་པ་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསྟན་མ་བཅུ་གཉིས་ལ་བོད་ཀྱི་ཡུལ་དུ་མུ་སྟེགས་པ་འཇུག་ཏུ་མི་རུང་བའི་བཀའ་བསྒོས་པ་ལྟ་བུ་སྟེ། མུ་སྟེགས་པ་འཇུག་ཏུ་མི་སྟེར་པ་ནི་ཕྱི་རོལ་བའི་ཆོས་བོད་ལ་དར་དུ་དོགས་པ་ཡིན། ཆུ་མགོ་ནས་མི་རྙོག་པར་བྱ་བའི་ཕྱིར་ཕྱི་ནས་འོངས་པའི་རིག་གནས་རྣམས་ངེས་པར་ཚགས་ལ་འཚག་པའི་བཀའ་ཁྲིམས་ནན་མོ་གཏན་ལ་ཕབ་སྟེ། ཆོས་ལུགས་དང་གྲུབ་མཐའ་གཞན་བོད་དུ་མི་སྤེལ་བ་དང་། སངས་རྒྱས་ཀྱི་ཆོས་ལའང་སྤེལ་རུང་མི་རུང་གི་ཆ་གཉིས་སུ་ཕྱེ་བ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ།
རྒྱ་གར་གྱི་མཁས་པ་རབ་ཏུ་གྱུར་པར་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ་ཡོན་བདག་བྱས། ལོ་ཙཱ་བ་མཁས་པས་གཏན་ལ་ཕབ་པའི་ཆོས་དེ་ལ་འཇུག་པར་བྱའོ།། རྒྱལ་པོས་ཡོན་བདག་མ་བྱས་ལོ་ཙཱ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་ལ་འཇུག་པར་མི་བྱལོ།།[1]ཞེས་ཁྲིམས་བཅས་པ་དང་།
“ནང་རྒྱུད་སྡེ་གསུམ་ཤ་ཆང་ལ་ཡེངས་ཏེ་བོད་ལ་མི་འཚམ་པས་མ་བསྒྱུར། ......ཏནྡྲ་ལས་མ་ཧཱ་ཡོ་ག་མུ་སྟེགས་དགེ་བ་ལ་གཟུད་པའི་སླད་དུ་གཙང་དམེ་མེད་པར་བསྟན་པས་མ་བསྒྱུར། ཨ་ཏི་ཡོ་ག་ཆོས་ཀྱི་དབྱིག་ལྟ་བུ་ནི་མ་རྟོགས་པར་ལོག་པར་འཇུག་པར་འགྱུར་བས་མ་བསྒྱུར། སྔགས་ཡོ་ག་ནུས་པ་ཅན་ཡང་བོད་ལ་ནུས་པ་མི་འབྱུང་བས་མ་བསྒྱུར། སྐྲྀ་ཡ་བྲམ་ཟེ་རྣམས་དགེ་བ་ལ་གཟུད་པའི་ཕྱིར་གསུངས་པ་བོད་གཙང་སྦྲ་ཆུང་བས་མ་བསྒྱུར། ཨ་ནུ་ཡོ་ག་རྨེ་བག་ཅན་ལ་བསྟན་པ་བོད་རྟོག་པ་ཆེ་བས་མ་བསྒྱུར”[2]བ་དང་།
རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ།
“ཕྱིན་ཆད་གཟུངས་སྔགས་དང་བླ་ནས་བཀའ་བསྩལ་ཏེ་བསྒྱུར་ཏུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་།།”[3]ཞེས་བཀས་བཅད་པ་དང་།
མངའ་བདག་ཁྲི་རལ་གྱིས།
“གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་པའི་སྡེ་པ་མི་གཟུགས་ཤིང་དེ་དག་གི་སྡེ་སྣོད་མི་བསྒྱུར། སྔགས་མ་རྒྱུད་རྣམས་མ་སྒྱུར་ཅིག”[4]
ཅེས་བཀའ་བསྩལ་པ་ལྟ་བུའོ།། སངས་རྒྱས་ཀྱི་ཆོས་ལའང་དེ་འདྲའི་གཟབ་གཟབ་ཅིག་བྱས་ཡོད་ན། ཕྱི་རོལ་བའི་ཆོས་བོད་དུ་མི་འོང་བ་ལ་དམ་དོག་དེ་བས་ཀྱང་ཆེ་བ་སྨྲས་མ་དགོས་སོ།། འོན་ཀྱང་བོད་དང་རྒྱ་གར་གྱི་བར་དུ་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ཙམ་གྱི་རིང་ལ་རིག་གནས་ཀྱི་རྒྱུ་འགྲུལ་སྣ་ཚོགས་བྱས་པ་ལས། བྲམ་ཟེའི་ཆོས་དང་རིག་གནས་ཀྱི་སྐོར་མི་ཉུང་བ་ཞིག་ཀྱང་བོད་ལ་ངང་གིས་དར་ཁྱབ་བྱུང་ཡོད་དེ། དེ་ནི་གཅིག་ནས་སངས་རྒྱས་ཀྱི་ཆོས་ལུགས་རྒྱ་གར་གྱི་ས་ཐོག་ནས་བྱུང་བས་དེ་དེའི་སྔོན་དུ་བྱུང་བའི་བྲམ་ཟེའི་ཆོས་ལུགས་དང་འབྲེལ་བ་ཅུང་ཟད་ཀྱང་མེད་པ་མི་སྲིད་ཅིང་སངས་རྒྱས་ཀྱི་ཆོས་ཀྱི་ཆེ་བ་འདོན་པ་ལ་ངེས་པར་བྲམ་ཟེའི་ཆོས་ལུགས་སོགས་ཆོས་ལུགས་གཞན་གྱི་ལྟ་བ་དང་བསྡུར་དགོས་པར་སྣང་བས། ནང་རིག་པའི་གསུང་རབ་རྣམས་བོད་སྐད་དུ་བསྒྱུར་བའི་ཞར་ལ་བྲམ་ཟེའི་ཆོས་ལུགས་སོགས་ཀྱི་ལྟ་བ་དང་བཤད་ཚུལ་སྣ་ཚོགས་ཀྱང་རིམ་བཞིན་བོད་ཡུལ་དུ་འཁྱར་ནས་འོངས། ཡང་གཅིག་ནས་བོད་བཙན་པོའི་དུས་སྐབས་སུ་རིག་གནས་ནང་འདྲེན་གྱི་བྱ་བ་ནི་བོད་བཙན་པོའི་སྲིད་གཞུང་གིས་མགོ་འདོན་དང་ཐག་གཅོད་བྱེད་པ་ལས་རང་གའི་མི་རྣམས་ཀྱིས་རང་རང་གི་ཞེ་འདོད་དང་བསྟུན་ནས་གང་དྲན་དྲན་དུ་སྤེལ་ཆོག་པ་ཞིག་མ་ཡིན་མོད། བོད་ཁམས་སིལ་བུར་འཐོར་བ་ནས་རྒྱལ་ཁབ་ཀྱི་བྱ་བཞག་དེ་རིམ་གྱིས་འབངས་སོ་སོ་བའི་རང་འདོད་ཀྱི་བྱ་བཞག་ལྟ་བུར་གྱུར་ནས་ཕྱིའི་རིག་གནས་ནང་དུ་འདྲེན་སྐབས་ངེས་པར་ཚགས་ལ་འཚག་པའི་ལམ་ལུགས་དེ་ཡང་ཅུང་ཟད་ལྷོད་པར་གྱུར་ལ། ལྷག་པར་ཐུན་མོང་རིག་གནས་ཀྱི་སྐོར་བོད་སྐད་དུ་བསྒྱུར་སྐབས་ཀྱང་བྲམ་ཟེའི་ཆོས་ལུགས་སོགས་ཀྱི་ལྟ་བ་དང་བཤད་ལུགས་མང་པོ་བོད་ལ་དར། གཞན་ཡང་པཎྜི་ཏ་དང་ལོ་ཙཱ་བ་རྣམས་ཀྱང་ཁམས་དང་མོས་པ་སྣ་ཚོགས་ཡིན་པས། འགའ་ཞིག་གིས་སངས་རྒྱས་ཀྱི་ཆོས་སྤེལ་བའམ་ལེན་པའི་ཞར་ལ་ཕྱི་རོལ་བའི་ཆོས་སྐོར་ཕྲན་བུ་རེ་གསང་སྟབས་ཀྱིས་ཁྱེར་འོངས་པའང་ཡོད་པར་ངེས་ཏེ། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཀྱང་མུ་སྟེགས་པ་ཞིག་ལ་ངན་སྔགས་ཞུས་པའི་ལོ་རྒྱུས་ཡོད་པ་སོ་གས་ལས་དཔོག་པར་ནུས་སོ།། ཡང་དཔེར་ན་ནང་པ་དག་གིས་ཀྱང་། དམངས་རིགས་དག་ནི་སྟོང་ཕྲག་གཅིག ། བྲམ་ཟེ་གཙང་མ་གཅིག་དང་མཉམ།། སོགས་ཟེར་ཞིང་། དགེ་སྦྱོང་དང་བྲམ་ཟེ་ཞེས་འགངས་ཆེ་བའི་ཚད་དུ་བྱེད་པ་དང་།[1]སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་སོགས་ལ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ[2]ཞེས་བསྔགས་པ་དང་། 《མ་ག་ངྷ་བཟང་མོའི་རྟོགས་བརྗོད》དུ་བཤད་པའི་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་བཅུ་ལས་ཙན་དན་དང་ཤིང་གཞན་མཉམ་པར་མཐོང་བ་དེ་ནི། དེའི་ཚེ་ཉན་ཐོས་རྣམས་མུ་སྟེགས་ཀྱི་གཞུང་དང་སངས་རྒྱས་ཀྱི་བཀའ་མཉམ་པར་འཛིན་པ་འབྱུང་བས་དེའི་ལྟས་སོ་ཞེས་པ་སོགས་ལས་བྲམ་ཟེའི་ཆོས་ལུགས་ཀྱིས་ནང་པ་སངས་རྒྱས་པར་ཤན་ཞུགས་པའི་ཚུལ་མཐོང་ཐུབ། དེས་ན་བོད་དང་རྒྱ་གར་གྱི་བར་དུ་དུས་ཡུན་རིང་བོར་རིག་གནས་ཀྱི་རྒྱུ་འགྲུལ་བྱས་པའི་ལོ་རྒྱུས་ལས་ཉེ་དུས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《དཔལ་ལེགས་ལྡན་ནག་པོའི་གླུ》བསྒྱུར་བ་ཙམ་མ་གཏོགས་ཕྱི་རོལ་བའི་ལྟ་བ་སྟོན་པའི་གཞུང་ཆ་ཚང་ཞིག་བོད་སྐད་དུ་བསྒྱུར་བའི་གཏམ་མི་སྣང་མོད། རིག་བྱེད་ཀྱི་ལྷ་དང་། བྲམ་ཟེའི་ཆོས་ཀྱི་ལྟ་བ་སོགས་རྒྱ་གར་གྱི་རིག་གནས་ལས་སངས་རྒྱས་ཆོས་ལུགས་མ་ཡིན་པའི་ཆ་དུ་མ་ཞིག་བོད་ཡུལ་དུ་སླེབས་ཏེ་བོད་ཀྱི་རིག་གནས་ལ་ཤན་ཞུགས་པ་དེ་དག་ནི། བོད་ཀྱིས་སྒོ་ཕྱེ་ནས་ནང་དུ་བསུས་པ་མིན་ཡང་ཁོ་རང་ཚོ་སྒོ་སྲུབས་ནས་འཛུལ་འོངས་པ་ཡིན་ན། ད་ནི་གང་འཚམ་གྱི་གོ་བབ་ཞིག་སྤྲོད་པ་ལས་འོས་མེད་དོ། །
དེ་ལྟར་ན་རྒྱ་གར་གྱི་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བ་ལ་ཞིབ་འཇུག་བྱེད་པའམ། རྒྱ་གར་གྱི་རིག་གནས་དང་བོད་ཀྱི་རིག་གནས་གཤིབ་བསྡུར་བྱེད་པ། རྒྱ་གར་གྱི་རིག་གནས་ཀྱིས་བོད་ཀྱི་རིག་གནས་ལ་ཤན་ཇི་ལྟར་ཞུགས་ཚུལ་ལ་དཔྱད་པ་སོགས་ཀྱི་སྐབས་སུ་རང་རེས་ལྟ་ལུགས་གསར་བ་ཞིག་གིས་བལྟས་ཏེ། སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ལས་གཞན་བྲམ་ཟེའི་ཆོས་ལུགས་སོགས་ཀྱིས་བོད་ཀྱི་རིག་གནས་ལ་ཤན་ཞུགས་པའི་ཆ་དེའང་མཐོང་དགོས། བྲམ་ཟེའི་ཆོས་ལུགས་ཀྱིས་བོད་ཀྱི་རིག་གནས་ལ་ཤན་ཞུགས་པ་དེའང་ཕྱོགས་དུ་མ་ཞིག་ལ་འབྲེལ་འདུག་མོད། འདིར་སྐབས་སུ་བབས་པ་ནི་རྩོམ་རིག་གི་ཕྱོགས་ཁོ་ན་ལས་འདའ་བར་བྱར་མི་འདོད་དོ།།
[1]སྡེ་སྲིད་སངས་རྒྱས་རྒྱ་མཚོ། གསོ་རིག་སྨན་གྱི་ཁོག་འབུགས། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982. 20
[2]སྡེ་སྲིད་སངས་རྒྱས་རྒྱ་མཚོ། གསོ་རིག་སྨན་གྱི་ཁོག་འབུགས། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982.20
[l]འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་མེ་ལོང་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་
ནོར་བུའི་འབྱུང་ཁུངས། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986.39
[1]རྒྱ་གར་གྱི་བསམ་བློའི་ལོ་རྒྱུས། ([日本]早岛镜正等。印度思想史[M]。东京大学出版社。1982.10)
[1]ཧིན་དྷུའི་ཆོས་ལུགས་སྤྱི་བཤད། ([印度]摩呵提瓦。 印度教导论[M]. 台湾:东大图书公司,2002.35)
[2]རྒྱ་གར་གྱི་མཚན་ཉིད་རིག་པ། (巫白慧。 印度哲学[M] 北京:东方出版社,2000.291)
[3]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་དང་པོ། [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1990.174
[1]འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་མེ་ལོང་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986.25
[2]རྒྱ་གར་གྱི་རིག་གནས་སྲོལ་རྒྱུན་གྱི་ཞིབ་འཇུག (尚会鹏。 印度文化传统研究[M。北京:北京大学出版,2004.75)
[1]རྒྱ་གར་གྱི་བསམ་བློའི་ལོ་རྒྱུས། ([日本]早岛镜正等。印度思想史[M]。东京大学出版社。1982.10)
[1]རྒྱ་གར་གྱི་བསམ་བློའི་ལོ་རྒྱུས། ([日本]早岛镜正等。印度思想史[M]。东京大学出版社。1982.10)
[1]ཧིན་དྷུའི་ཆོས་ལུགས་སྤྱི་བཤད། ([印度]摩呵提瓦。 印度教导论[M]. 台湾:东大图书公司,2002.37)
[2]ཧིན་དྷུའི་ཆོས་ལུགས་སྤྱི་བཤད། ([印度]摩呵提瓦。 印度教导论[M]. 台湾:东大图书公司,2002.36-44)
[1]བསྟན་འགྱུར་ལས་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་བོད་རྒྱ་ཤན་སྦྱར་མ། [M]མི་རིགས་དཔེ་སྐྲུན་ཁང་། 1992. 220
[1]སྡེ་སྲིད་སངས་རྒྱས་རྒྱ་མཚོ། གསོ་རིག་སྨན་གྱི་ཁོག་ལ་འབུགས། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982.20
[1]སྟག་ཚང་རྫོང་པ་དཔལ་འབྱོར་རྒྱ་མཚོ། རྒྱ་བོད་ཡིག་ཚང་ཆེན་མོ་པོད་དང་པོ། [M]ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔར་མ། 1983. 16
[2]སྡེ་སྲིད་སངས་རྒྱས་རྒྱ་མཚོ། བེཌཱུརྱ་དཀར་པོ་པོད་དང་པོ། [M]ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996. 226
[3]ཀྲང་དབྱི་སུན། བོད་རྒྱ་ཚིག་མཛོད་ཆེན་མོ། [K]མི་རིགས་དཔེ་སྐྲུན་ཁང་། 1993.2044
[1]འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས། གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ། IM]ཀན་སུའུ་མི་རིགས་དཔེ་སྐྲུནཁང་། 1998.148
[1]རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984. 284
[1]གཏན་གྱི་མྱང་འདས། (赵伯乐。永恒涅槃[M]。昆明:云南人民出版,1999. 117. 121)
[2]གཏན་གྱི་མྱང་འདས། (赵伯乐。永恒涅槃[M]。昆明:云南出版,1999. 135)
[1]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་གོ [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1990.167
[2]བློ་བཟང་འཇམ་དཔལ། དབུས་གཙང་ཁུལ་གྱི་བག་སྟོན་གོམས་སྲོལ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003.42
[l] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M]མི་རིགས་དཔེ་སྐྲུན་ཁང་། 1986.391-364
[2]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M]མི་རིགས་དཔེ་སྐྲུན་ཁང་། 1986.391-364
[3]སྒྲ་སྦྱོར་བམ་པོ་གཉིས་པ། [M]མི་རིགས་དཔེ་སྐྲུན་ཁང་། 2003.73
[4]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M]མི་རིགས་དཔེ་སྐྲུན་ཁང་། 1986.417
[1]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ། [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990.99
[2]ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། བསྟན་འགྱུར་དཀར་ཆག་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་བ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985.78