བོད་ལྗོངས་ལྷོ་ཁ་ནས་གནའ་རྫས་རྟོག་ཞིབ་པས་རྫ་ཆས་མང་ཤོས་ཀྱི་བང་སོ་རྙེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-13


      གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་2017ལོའི་ལོ་འཁོར་གྱི་ལས་སྒོའི་ལས་དོན་སྤྱི་དམངས་ལ་མཉམ་སྤྱོད་བྱེད་པའི་སྙན་སྒྲོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་4པའི་ཟླ་མཇུག་དུ་བོད་ལྗོངས་རིག་གནས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་གནའ་རྫས་རྟོག་ཞིབ་མི་སྣ་དང་འབྲེལ་ཡོད་ཚན་པའི་ལས་དོན་མི་སྣས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་སྔ་དུས་ཀྱི་བང་སོ་གཉིས་ལ་མྱུར་སྐྱོབ་རང་བཞིན་གྱི་གནའ་རྫས་སྔོག་འཚོལ་བྱེད་སྐབས། བོད་ལྗོངས་མངའ་ཁོངས་སུ་ད་བར་བང་སོ་ཁེར་རྐྱང་གི་ས་འོག་ནས་ཐོན་པའི་རྫ་ཆས་མང་ཤོས་ཀྱི་བང་སོ་ཞིག་རྙེད་ཡོད་པ་རེད།

     བོད་ལྗོངས་རིག་གནས་གནའ་རྫས་རྟོག་ཞིབ་སུའོ་ཡི་ཞིབ་འཇུག་མི་སྣ་འཕྲིན་ལས་ཚེ་རིང་གིས་ཚོགས་ཐོག་ཏུ། ད་ཐེངས་གནའ་རྫས་རྟོག་ཞིབ་བྱས་ནས་རྙེད་པའི་བང་སོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཁོངས་སུ་གནས་ཡོད་ཅིང་། མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་200ཙམ་ཡོད་པ་དང་། རྙེད་པའི་བང་སོ་གཉིས་ཀ་རྡོ་གཡམ་བརྩིགས་ནས་དབྱིབས་གྲུ་བཞི་མའི་རྡོའི་བང་སོ་ཞིག་རེད། ས་འོག་བང་སོ་ནས་ཐོན་པ་ནི་གཙོ་བོ་རྫ་ཆས་ཡིན་པ་དང་། དབྱིབས་ནི་མང་ཆེ་བ་མཐིལ་སྒོར་སྒོར་གྱི་རྫ་སྣོད་ཡིན་ལ། ལོང་བུ་གཅིག་ཅན་དང་གཉིས་ཅན། ལོང་བུ་མེད་པ་སོགས་རིགས་སྣ་ཚོགས་ཡོད། གཞན་ཡང་ས་འོག་ནས་ཟངས་ཆས་དང་རྡོ་ཆས། ཤེལ་ཕྲེང་སོགས་ཀྱི་གཤིན་རྫས་ཐོན་པའི་རིགས་ཡོད། བང་སོ་གཉིས་ཀ་ནས་ཁྱོན་ཅ་དངོས་69ཐོན་ཡོད་པ་དང་། དེའི་ཁྲོད་ཀྱི་བང་སོ་ཞིག་ནས་ཐོན་པའི་རྫ་ཆས་52ཟིན་པས། དེ་ནི་བོད་ལྗོངས་ཀྱི་མངའ་ཁོངས་སུ་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་བ་ནས་བཟུང་བང་སོ་ཁེར་རྐྱང་གི་ས་འོག་ནས་ཐོན་པའི་རྫ་ཆས་མང་ཤོས་ཀྱི་བང་སོ་ཉིད་རེད།

     ཐཱན་བཅུ་བཞིའི་ལོ་རབས་བརྟག་ཐབས་གྱི་ཞིབ་དཔྱད་བྱས་འབྲས་གསར་ཤོས་ལ་གཞིགས་ན། བང་སོ་འདི་ནི་གནའ་རྫས་རྟོག་ཞིབ་རིག་པའི་ལོ་རབས་ད་བར་ལོ་3000ཡས་མས་ཀྱི་ཐོག་མའི་ལྕགས་རིགས་དུས་ཀྱི་ཡིན་པ་རེད། གནའ་རྫས་རྟོག་ཞིབ་མི་སྣས་དེའི་ཐོག་ནས་བོད་ལྗོངས་ལྷོ་ཕྱོགས་ཀྱི་རི་མཐོ་གྲོག་རོང་ཁུལ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་ཁག་བར་གྱི་སྔ་དུས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པས། ཟངས་ཆས་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་གསར་པ་ཞིག་ལ་སླེབས་ཡོད་པར་ངོས་འཛིན་བྱེད་ཡོད་པ་རེད།

     འཕྲིན་ལས་ཚེ་རིང་གིས་“བང་སོ་རྙེད་པ་ལས་ས་དེའི་ཁོངས་ཀྱི་སྔ་དུས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་སྐོར་ཁ་གསབ་དང་ཕུན་སུམ་ཚོགས་སུ་བཏང་ཡོད་པ་མཚོན་པས། བོད་ལྗོངས་ས་གནས་ཀྱི་སྔ་དུས་ལོ་རྒྱུས་དང་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་བྱེད་པའི་ཐད་ཞིབ་འཇུག་གི་དཔྱད་ཆས་གལ་ཆེན་མཁོ་འདོན་བྱས་ཡོད། དེ་དང་དུས་མཚུངས་སུ་གནས་ཡུལ་གྱི་ཆ་ནས་བལྟོས་ན། དེ་དང་འབྲུག་ཡུལ་དང་རྒྱ་གར་སོགས་ཨེ་ཤེ་ཡ་ལྷོ་མའི་ཁྱིམ་མཚེས་རྒྱལ་ཁབ་དང་། འབྱུང་འགྱུར་རང་རྒྱལ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་གི་སྔ་དུས་ཀྱི་རིག་གནས་འབྲེལ་ལམ་ལ་ཞིབ་འཇུག་བྱེད་པའི་ཐད་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།”


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1