ཞི་ཅིན་ཕིང་ལྷོ་རྒྱ་མཚོའི་མཚོ་ཁོངས་ཀྱི་མཚོ་ངོས་དམག་གཟིགས་སྤེལ་བའི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 04-13


        སྤྱི་ཟླ་བཞི་པའི་ཚེས་12ཉིན་གྱི་སྔ་དྲོ། ཀྲུང་དབྱང་དམག་ཨུད་ཀྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་ཏེ། མི་དམངས་མཚོ་དམག་གི་རྣམ་པ་གསར་པ་མངོན་པ་དང་། རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན་གྱི་འགྱུར་བ་མེད་པའི་དད་སེམས་ཤུགས་ཆེར་འགྲོ་བ་བྱས། 
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་ལ་གཟིགས་ཞིབ་གནང་བ་མ་ཟད། གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དུས་རབས་གསར་པའི་ལམ་བུའི་ཐོག་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་འབད་འཐབ་ཁྲོད། སྟོབས་ཆེའི་མི་དམངས་མཚོ་དམག་འཛུགས་སྐྱོང་བྱེད་པའི་ལས་འགན་ད་ལྟ་ལྟར་གྱི་ཁ་ཚ་དགོས་གཏུག་ལ་སླེབས་མྱོང་མེད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་འགྱུར་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་ཡོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་མཚོ་དམག་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། གསར་སྐྲུན་བྱེད་མཁས་པ་དང་། མཆོངས་བརྒལ་བྱེད་ཕོད་པ། མི་དམངས་མཚོ་དམག་དེ་ཉིད་འཛམ་གླིང་གི་མཚོ་དམག་རྩེ་གྲར་འཛུགས་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་དགོས་པའི་ནན་བཏོན་གནང་། 
        སྔ་དྲོའི་ཆུ་ཚོད་དགུ་པར། ཞི་ཅིན་ཕིང་མཚོ་དམག་གི་མཐའ་སྐྲོད་དམག་གྲུ་རུ་ཁག་ག་གེ་མོའི་གྲུ་ཁར་ཕེབས་ཏེ། དམག་གཟིགས་ལས་འགན་སྒྲུབ་མཁན་ཁྲང་ཧྲ་རྟགས་ཅན་གྱི་དམག་གྲུའི་སྟེང་ཕེབས་ཡོད། དམག་གཟིགས་དམག་གྲུས་མཚོ་དམག་གི་ཆེས་མཐོའི་གུས་ལུགས་མཚོན་པ་བྱེད་པ་ལྟར་དར་ཆ་མང་པོ་བཀལ་ཡོད་པ་དང་། སྐར་ལྔའི་དར་དམར་དང་། བརྒྱད་གཅིག་དམག་དར་ལྷབ་ལྷུབ་ཏུ་གཡོ་ཞིང་། དམག་མིའི་རོལ་ཆའི་རུ་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། ཞི་ཅིན་ཕིང་གིས་དམག་གཟིགས་དམག་གྲུའི་གཟབ་སྦྲེང་རུ་ཁག་སྟེང་ཕེབས་པ་དང་། དེ་རྗེས་དམག་གཟིགས་དམག་གྲུས་དུང་བརྡ་གྲགས་ཏེ་བསྐྱོད་འགོ་ཚུགས་ཤིང་། སྲུང་སྐྱེལ་དམག་གྲུའི་སྲུང་སྐྱོབ་འོག་དམག་གཟིགས་མཚོ་ཁོངས་སུ་ཕེབས། 
        མཚམས་འདིར། མི་དམངས་མཚོ་དམག་གི་དམག་གྲུ་48རྔམ་བརྗིད་ཆེ་བ་དང་། དམག་འཐབ་གནམ་གྲུ་76གིས་འཕུར་རྩལ་ངོམས་པ། དཔོན་དམག་ཆིག་ཁྲི་ལྷག་ཙམ་དཔའ་ཉམས་ལྡན་ཡོད། དེ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་མཚོ་དམག་དམག་གཟིགས་གཞི་ཁྱོན་ཆེ་ཤོས་དང་། དུས་རབས་གསར་པའི་མི་དམངས་མཚོ་དམག་གི་བརྗིད་ཉམས་ལྡན་པའི་འགྲེམས་སྟོན་ཞིག་རེད། མཚོ་ཐོག་གི་མཛེས་སྡུག་ལྡན་པའི་སྐྱོད་ཤུལ་དེར་ལོ་ངོ་བདུན་ཅུའི་མི་དམངས་མཚོ་དམག་གི་འབད་འཐབ་ལྷོད་མེད་བྱས་པ་གཅིག་ཏུ་འདུས་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྟོབས་ཆེའི་མི་དམངས་མཚོ་དམག་འཛུགས་སྐྱོང་བྱས་པའི་གྲུབ་འབྲས་བཟང་པོ་མངོན། 
        སྔ་དྲོའི་ཆུ་ཚོད་བཅུ་པར། དམག་གཟིགས་དམག་གྲུ་སྔོན་གཏན་འཁེལ་བའི་མཚོ་ཁོངས་སུ་སླེབས་ཡོད། མཚོ་དམག་གི་དམག་སྤྱི་ཧྲེན་ཅིན་ལོང་དང་། ཆབ་སྲིད་ཨུ་ཡོན་ཆིན་ཧྲེང་ཞང་གིས་མཚོ་ཐོག་རུ་ཁག་གཅིག་ཏུ་བསྡུས་ཟིན་པའི་སྙན་ཞུ་གནང་ཡོད། ཞི་ཅིན་ཕིང་གིས་དམག་གཟིགས་འགོ་འཛུགས་རྒྱུའི་བཀའ་བཏང་གནང་། 
        ངར་ཤུགས་འཕེལ་བའི་དམག་རིགས་དབྱེ་བའི་རུ་བསྟར་མདུན་སྐྱོད་གླུ་དབྱངས་དང་བསྟུན་ནས། དམག་གཟིགས་དང་ལེན་ཞུ་མཁན་དམག་གྲུ་དེ་དག་ནི་དམག་འཐབ་ཚོགས་ཆུང་གཞིར་བཟུང་འཐབ་ཇུས་རྡུང་རྡེག་དང་། ཆུ་འོག་རྒོལ་རྡུང་། རྒྱང་རིང་རྒྱ་མཚོའི་དམག་འཐབ། མ་གྲུའི་རྡུང་རྡེག སྐམ་མཚོ་གཉིས་ཀྱི་ཐོག་བསྐྱོད་པ། ཉེ་བའི་རྒྱ་མཚོའི་འགོག་སྲུང་། ཕྱོགས་བསྡུས་འགན་སྲུང་སོགས་དམག་འཐབ་ཚོགས་པ་བདུན་ལས་གྲུབ་པ་དང་། རི་འགུལ་མཚོ་འཁྱོམ་ལྟ་བུའི་རྣམ་པའི་ཐོག་ནས་རྒྱ་མཚོའི་རྦ་རླབས་གཤགས་ཏེ་བསྐྱོད་ཡོད། དམག་གཟིགས་གནམ་གྲུས་གྲུ་ཐོག་ཐད་འཕུར་གནམ་གྲུ་དང་། ཆུ་འཛུལ་འགོག་པའི་སྐོར་སྐྱོད་དམག་འཐབ། ཉེན་བརྡའི་བཀོད་འདོམས། ཐག་རིང་རྒྱ་མཚོའི་དམག་འཐབ། རྒྱ་མཚོའི་འཕྲལ་རྒོལ། ཐག་རིང་རྒྱབ་སྐྱོར་ཉེན་སྲུང་། མཁའ་ཐོག་དམག་འཐབ་སོགས་མཁའ་ཐོག་རུ་བསྟར་རུ་ཁག་བཅུ་ལས་གྲུབ་ཡོད་པ་དང་། དམག་གཟིགས་དམག་གྲུ་རུ་ཁག་གི་མཁའ་ཐོག་ཏུ་འཕུར་སྐྱོད་བྱས་ཡོད། ཆུ་ནང་དུ་ཆུ་སྲིན་ལྟར་གྱི་ལྐོག་བགྲོད་དང་། མཚོ་ཐོག་ཏུ་དམག་འཐབ་དམག་གྲུ་ཤིན་ཏུ་མགྱོགས་པ། མཁའ་དབྱིངས་སུ་དམག་འཐབ་གནམ་གྲུའི་འཕུར་སྐྱོད་བཅས་ལས་མཚོ་ཐོག་ཏུ་དཔའ་ཉམས་ལྡན་པའི་རུ་ཁག་གཅིག་གྲུབ། 
        དམག་གཟིགས་དམག་གྲུས་དམག་གཟིགས་བྱེད་མཁན་གྲུ་གཟིངས་དང་འཕྲད་སྐབས་དུང་བརྡ་སྒྲོག་ཅིང་དཔོན་དམག་ཚོས་གྲལ་འགྲིག་པོས་ལངས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ཡོད། བློ་མཐུན་རྣམ་པ་སྐུ་ཁམས་བཟང་། ཀྲུའུ་ཞི་སྐུ་ཁམས་བཟང་། བློ་མཐུན་རྣམ་པ་སྐུ་ལས་ཁག་སོང་། མི་དམངས་ལ་ཞབས་འདེགས་ཞུ་ཆེད་ཡིན་ཞེས་པ་སོགས་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲིའི་ཁྲོད་བརྩེ་བ་ཟབ་པོ་ལྡན་ཞིང་། དཔོན་དམག་ཚོའི་སྒྲ་གདངས་མཐོ་ལ་ཚིག་སྒྲ་གསལ་བ་དང་། སྤྱི་ཁྱབ་བཀོད་འདོམས་པ་དང་དཔོན་དམག་གི་སེམས་པ་གཅིག་ཏུ་དམ་པོར་འབྲེལ། 
        ད་ཐེངས་ཀྱི་མཚོ་ཐོག་དམག་གཟིགས་ཐོག་ལེའོ་ཉིང་རྟགས་ཅན་གྱི་དམག་གྲུའི་མ་གྲུ་རུ་ཁག་འགྲེམས་སྟོན་བྱས་ཤིང་། རྣམ་པ་གསར་པའི་ཆུ་འཛུལ་དམག་གྲུ་དང་ཆུ་ཐོག་དམག་གྲུ། དམག་འཐབ་གནམ་གྲུ་བཅས་འབོར་ཆེན་གཅིག་སྡུད་ཐོག་མངོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སྒྲིག་སྦྱོར་བྱས་པའི་དམག་གྲུས་དམག་གཟིགས་དམག་གྲུའི་ཕྱེད་ཀ་ཡན་ཟིན་ཡོད། 

        མཚོ་ཐོག་རུ་བསྟར་དམག་གྲུར་དམག་གཟིགས་གནང་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་དམག་གཟིགས་དམག་གྲུའི་ཁ་ལོ་སྒྱུར་ཁང་ནང་ཕེབས་ཏེ། སྒེའུ་ཁུང་བརྒྱུད་དམག་གཟིགས་དམག་གྲུ་རུ་ཁག་གི་འགྲོ་སྐྱོད་གནས་ཚུལ་ལ་གཟིགས་ཡོད། དམག་གྲུ་རུ་ཁག་ནི་རླུང་བརྟེན་རླབས་གཤག་ངང་བསྐྱོད་པ་དང་རྔམ་བརྗིད་ཆེན་པོ་ལྡན། 

        ཆུ་ཚོད་བཅུ་གཅིག་པའི་ཐོག ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། སྟོབས་ཆེའི་མི་དམངས་མཚོ་དམག་ཞིག་འཛུགས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོ་དམག་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་མི་རབས་ནས་མི་རབས་བར་གྱི་བསམ་འདུན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འགན་སྲུང་གལ་ཆེན་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་སྟོབས་ཆེའི་འགོ་ཁྲིད་འོག མི་དམངས་མཚོ་དམག་གིས་རྒྱ་མཚོའི་རྦ་རླབས་གཤགས་ཏེ་ལེ་དབར་ཁྲི་ཡི་མཚོ་ཁོངས་སུ་བསྐྱོད་པ་དང་། ཐག་རིང་རྒྱ་མཚོ་ཆེན་པོར་བསྐྱོད་པ། དུས་རབས་གོང་འཕེལ་གྱི་རླབས་རྒྱུན་གྱི་རྗེས་སྙེག་པ་བཅས་བྱས་པར་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་འགྱུར་བའི་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད། ད་ལྟའི་མི་དམངས་མཚོ་དམག་གིས་རྣམ་པ་གསར་རྐྱང་གི་ཐོག་ནས་འཛམ་གླིང་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཡོད། ཏང་དང་མི་དམངས་ཀྱིས་དཔའ་ཉམས་ལྡན་ལ་གཟི་བརྗིད་ཆེ་བའི་མི་དམངས་མཚོ་དམག་གི་ཆེད་སྤོབས་སེམས་སྐྱེ་བཞིན་ཡོད་ཅེས་བསྟན། 
        ཞི་ཅིན་ཕིང་གིས། མཚོ་དམག་གི་དཔོན་དམག་ཚོས། ཏང་གིས་དམག་དཔུང་ལ་རྦད་དེ་འགོ་ཁྲིད་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བའི་མཚོ་ཐོག་དཔུང་ཁག་ཞིག་སྐྲུན་རྒྱུར་འབད་བརྩོན་བྱེད་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། དམག་འཐབ་རྣམ་པ་གསར་པའི་སྟོབས་ཤུགས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ། དེང་རབས་ཀྱི་མཚོ་ཐོག་དམག་འཐབ་མ་ལག་འཛུགས་རྒྱུར་དམ་འཛིན་བྱེད་པ། སྣེ་མང་ཅན་གྱི་དམག་དོན་ལས་འགན་གྱི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱེད་པ། དམག་འཐབ་ནུས་པའི་ཚད་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དམག་འཐབ་དངོས་ཀྱི་དམག་དོན་སྦྱོང་བརྡར་བྱ་རྒྱུར་དམ་འཛིན་བྱེད་པ། ཚད་མཐོའི་དོགས་ཟོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་འགུག་ལ་ཉན་པ། རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུར་འབད་བརྩོན་བྱེད་དགོས་པའི་ཐུགས་རེ་གནང་། 
        ཞི་ཅིན་ཕིང་གིས། མི་དམངས་མཚོ་དམག་གིས་ངེས་པར་དུ་རང་ཁུལ་ལས་འགན་ལ་ངོ་མི་གནོང་བ་བྱེད་པ་དང་། མངག་བཅོལ་གལ་ཆེན་ཆུད་ཟོས་སུ་གཏན་ནས་མི་གཏོང་བར། དུས་རབས་གསར་པར་སྔར་བས་འོད་སྟོང་འབར་བའི་བྱས་རྗེས་ཟམ་མི་ཆད་པ་གཏོད་རྒྱུའི་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ། དུས་ཡུན་རིང་པོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། 
        མཚོ་ཐོག་དམག་གཟིགས་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་ནས་ལིའོ་ཉིང་རྟགས་ཅན་གྱི་དམག་གྲུའི་ཅན་15རྟགས་ཅན་གྱི་གནམ་གྲུ་འཕུར་སྐྱོད་ཀྱི་སྦྱོང་བརྡར་གནས་ཚུལ་ལ་གཟིགས་གནང་མཛད་ཡོད། ལྡིར་སྒྲ་གྲགས་པའི་ཁྲོད། དམག་འཐབ་གནམ་གྲུ་བཞི་ སྔ་རྗེས་སུ་དགུངས་སྔོན་དབྱིངས་སུ་འཕུར་ཡོད། དེ་རྗེས། ཞི་ཅིན་ཕིང་གཟིགས་ཞིབ་གྲུ་གཟིངས་ཀྱི་མཚོ་སྐྱོད་ས་བཀྲ་ཁང་དུ་ཕེབས་ཏེ། མཚོ་འགྲུལ་ཉིན་ཐོའི་ཐོག་མཚན་བཀོད་གནང་། 
        ཞི་ཅིན་ཕིང་ནས་སྔ་ཕྱི་བར་གསུམ་དུ་མཚོ་དམག་གི་དཔོན་དམག་ཚོ་ཐུགས་ལ་བཅངས་བཞིན་ཡོད། ཉིན་དགུང་མཚམས་སུ། ཁོང་མཚོ་དམག་གི་ཟ་ཁང་ནང་ཕེབས་ཏེ། མཚོ་དམག་ཚོ་དང་མཉམ་དུ་ཉིན་དགུང་ཞལ་ལག་མཆོད་བཞིན། ཚང་མའི་སློབ་སྦྱོང་དང་སྦྱོང་བརྡར། འཚོ་བའི་གནས་ཚུལ་བཅས་མཁྱེན་རྟོགས་གནང་ཡོད། གཟིགས་ཞིབ་དམག་གྲུ་དེ་གྲུ་ཁར་སླེབས་ནས་གཏོང་མཚམས་བཞག་རྗེས། ཞི་ཅིན་ཕིང་ནས་དམག་གྲུའི་གྲུ་འགོའི་མཐོང་ཡངས་སུ་དམག་དམག་མཚོ་དང་ཐུག་འཕྲད་གནང་ཞིང་། ཚང་མ་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་ཏེ་དྲན་རྟེན་འདྲ་པར་བསྐྱོན་གནང་ཡོད། དཔོན་དམག་ཚོ་ཞི་ཅིན་ཕིང་གི་མཐའ་འཁོར་དུ་བསྡད་དེ། བདེ་སྐྱིད་དང་དགའ་སྤྲོས་ཁེངས། 
        ཞལ་གྱེས་པའི་དུས་སུ་སླེབས་སྐབས། དམག་གྲུའི་དཔོན་དམག་ཡོངས་ནས་ཞི་ཅིན་ཕིང་དང་བྲལ་མི་ཕོད་པ་བྱས་པ་དང་། དམག་གྲུའི་གཟབ་སྒྲེང་རུ་ཁག་གིས་སླར་ཡང་འཕུར་སྐྱོད་གཅལ་གྱི་མདུན་དུ་རུ་བསྟར་འགྲིག་པོ་སྒྲིག་ཏེ། མཚོ་དམག་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་གུས་ལུགས་ཐོག་ནས་ཞི་ཅིན་ཕིང་ལ་གུས་འདུད་ཞུས། 
        ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་བའི་དཔུང་སྡེས་དམག་འཐབ་དངོས་ཀྱི་དམག་དོན་སྦྱོང་བརྡར་བྱ་རྒྱུར་གསོན་ཤུགས་ཆེན་པོ་སྣོན་ཡོད། གཟིགས་ཞིབ་དང་ལེན་བྱེད་མཁན་དཔུང་སྡེས་ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེའི་རྣམས་ཏེ། འཕྲད་མར་སྦྱོང་བརྡར་མཚོ་ཁོངས་སུ་བསྐྱོད་པས། ས་ཁོངས་བརྒལ་བའི་དམག་མི་དངོས་ཀྱི་སྦྱོང་བརྡར་ཞིག་མཚོ་ཐོག་ཏུ་ཁྱོན་ཡོངས་ནས་བྱས་ཡོད་པ་རེད། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལའང་ནས་དམིགས་གཟིགས་མཛད་སྒོ་གཙོ་སྐྱོང་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1