2018ལོའི་ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོར། འབའ་ཐང་རྫོང་སློབ་འབྲིང་གིས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ་བ་རེད། ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ནང་དུ་སློབ་མ75དང་དགེ་རྒན27བཅས་ཁྱོན་བསྡོམས་མི་སྣ102ཞུགས་ཡོད།
ཉིན་དེའི་ཕྱི་དྲོར་དགེ་སློབ་རྣམས་སྐས་ཐེམ་སློབ་ཁང་ནང་འཛོམས་ཏེ་ཡུལ་དངོས་ལ་ཡིག་གཟུགས་བྲིས་པ་དང་། མཐར་དགེ་རྒན་དང་སློབ་མའི་ཡིག་གཟུགས་ཁག་གཉིས་སུ་ཕྱེ་སྟེ། ཡུལ་དངོས་སུ་ཡིག་གཟུགས་ལེགས་པ་ཚོ་ལ་དཔྱད་བསྡུར་བྱས་ནས་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གཉིས་བཅས་བདམས་པ་རེད། བྱ་དགའ་ཐོབ་པའི་དགེ་སློབ་རྣམས་ལ་རྟེན་འབྲེལ་གྱི་ཚབ་ཏུ་བཀྲ་ཤིས་ལྷ་རེག་དཀར་པོ་ཡུག་རེ་མགུལ་དུ་བསྒྲོན་པ་དང་དངོས་པོའི་གཟེངས་རྟགས་ཕུལ།
མཇུག་ཏུ་སློབ་གཙོ་ལགས་ཀྱིས་བོད་ལ་བྲིས་ཀྱི་རིག་གནས་རྒྱ་ཆེ་བ་དང་གཏིང་ཟབ་པ་ཞིག་ཡོད་པས་ང་ཚོ་རྗེས་རབས་པ་ཚོས་མེས་པོའི་ཤུལ་བཞག་རིག་གནས་འདི་ཚོ་ངེས་པར་དུ་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་དགོས་ཞེས་གསུངས། ཐེངས་འདིའི་ཡིག་གཟུགས་བྱ་འགུལ་ལ་འབའ་སློབ་འབྲིང་གི་སློབ་གཙོ་དང་འབའ་ཐང་རྫོང་བཙལ་བ་གྲོང་སྡེའི་འབའ་བ་བློ་བཟང་མགོན་པོ་གཉིས་ཀྱིས་མི་རེ་རེས་སྒོར་སྟོང་གཅིག་ཞལ་འདེབས་ཕུལ་བ་མ་ཟད། འབའ་བ་བློ་བཟང་མགོན་པོས་འབའ་ཐང་རྫོང་སློབ་འབྲིང་ནི་ངའི་མ་ཡུམ་སློབ་འབྲིང་ཡིན་ལ། སློབ་འབྲིང་གི་སློབ་གཙོ་དང་དགེ་སློབ་ཚང་མས་ཁོ་བོ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལོ་རྗེས་མའི་ནང་འབའ་ཐང་རྫོང་གི་སློབ་གྲྭ་ཆུང་འབྲིང་དུའང་བོད་ཡིག་གི་ཡིག་གཟུགས་འགྲན་བསྡུར་སྤེལ་ཐུབ་པའི་རེ་སྨོན་ཞུས།