རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཡིད་དབང་འཕྲོག་པའི་གནའ་རབས་ནང་བསྟན་གྱི་སྐུ་བརྙན་སྒྱུ་རྩལ་ལ་མྱོང་རོལ་བྱེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-19


             ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཉིན་ཤས་གོང་། ཀྲུང་གོའི་གནའ་རབས་ནང་བསྟན་གྱི་སྐུ་བརྙན་སྒྱུ་རྩལ་འགྲེམས་སྟོན་དེ་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས། ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་དུས་སྐབས་དང་ས་ཁུལ།  རྒྱུ་དག་མི་འདྲ་བའི་ནང་བསྟན་གྱི་སྐུ་བརྙན་རིག་དངོས་རྩེ་གྲ་བརྒྱུད།  ནང་བསྟན་ཆོས་ལུགས་ཀྱི་སྐུ་བརྙན་སྒྱུ་རྩལ་འཕེལ་རྒྱས་ཀྱི་བྱུང་བ་འགྲེམས་སྟོན་བྱེད་པ་དེ་ཡིན།
དུས་རབས་18པའི་སྐབས་ཀྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཟངས་གསེར་གྱི་སྐུ་བརྙན།
             ཐེངས་འདིར་འགྲེམས་སྟོན་བྱས་པའི་ནང་བསྟན་གྱི་སྐུ་བརྙན་སྒྱུ་རྩལ་སྤུས་དག་ཁྲོད་སྟབས་བདེ་བབ་ཆགས་པའི་གནའ་བོའི་རྒྱ་གར་གྱི་སྐུ་བརྙན་ཡོད་ལ། བརྗིད་ཆགས་མཛེས་སྡུག་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་སྐུ་བརྙན་ཡང་ཡོད། ཨེ་ཤེ་ཡ་དབུས་མའི་ཁྱད་ཉམས་ཀྱིས་ཕྱུག་པའི་ཚོན་འབག་གི་འཇིམ་སྐུ་ཡོད་ལ། ཀྲུང་ཡོན་གྱི་ཤིང་བརྐོས་སྐུ་བརྙན་ཡང་ཡོད། ས་འོག་ནས་ཐོན་པའི་རྡོ་བརྐོས་སྤུས་དག་ཡོད་ལ།  ཕྱི་གླིང་ནས་མེས་རྒྱལ་གྱི་པང་དུ་ལོག་པའི་བྲག་ཕུག་ནས་ཐོན་པའི་གཅེས་ནོར་ཡང་ཡོད།
འཕགས་པ་སྤྱན་རས་གཟིགས་ཀྱི་ཤིང་བརྐོས་ཚོན་རིས་བཞུགས་སྐུ།
             སུང་རྒྱལ་རབས་ཀྱི་རྗེས་སུ། ནང་བསྟན་གྱི་ཤིང་བརྐོས་སྐུ་བརྙན་རྒྱུགས་ཆེ་ལ། སྣང་བརྙན་བཞེངས་སྐྲུན་ལ་དང་དོད་ཆེན་པོ་བྱེད་པ་དང་བཟོ་རྩལ་ཤིན་ཏུ་སྤུས་ལེགས་ཡིན། ལྷག་པར་དུ་སུང་རྒྱལ་རབས་ཀྱི་བྱང་ཆུབ་སེམས་དཔའི་ཤིང་བརྐོས་སྐུ་བརྙན་དེ་ཐིག་རྩའི་བསྟན་བཅོས་ཀྱི་ཚད་བཀག་ལས་བརྒལ་ཞིང་།  མཛེས་ཤིང་མི་འཕྱོར་བ།  བབ་ཆགས་མངོན་ཆུང་། ལྷུན་ཆགས་རྒྱན་ཐལ་ཆེ་མིན་པར་རང་བྱུང་གི་མཛེས་པས་ཕྱུག་ལ།  ཁྱད་འཕགས་ཟོལ་མེད་ཀྱི་སྒྱུ་རྩལ་གྱི་ཉམས་མངོན་ཡོད།
སྤྱན་རས་གཟིགས་ཀྱི་དབུ་བརྙན་ཤིང་བརྐོས་ཚོན་རིས་ཅན།
             ཐེངས་འདིའི་འགྲེམས་སྟོན་གྱི་འགྲེམས་རྫས་འབོར་ཆེ་བ་ཐེངས་དང་པོར་བཀྲམས་པ་ཡིན། འགྲེམས་རྫས་ཀྱི་ཁྲོད“རྒྱལ་ཁབ་ཀྱི་རྩ་ཆེའི་རིག་དངོས་བསྡུ་རུབ་ཆེད་དོན་གྲོན་དངུལ་”བཀོལ་ནས་ཕྱི་རྒྱལ་དུ་བོར་བརླག་བྱུང་བ་ཕྱིར་མྱུར་སྐྱོབ་བྱས་པའི་ནང་བསྟན་གྱི་སྐུ་བརྙན་གལ་ཆེན་ཡོད་ལ། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་2010ལོའི་ཟླ་2པར་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ལ་བདག་སྤྲོད་གནང་བའི་ཟངས་གསེར་གྱི་སྐུ་བརྙན་སྤུས་དག་ཡོད། ཆིང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་ནས་གཡར་བའི་རྡོ་བརྐོས་སྐུ་བརྙན་ཡོད་ལ།  ད་དུང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བགྱིས་པ་དང་ཉེ་བའི་ལོ་ཤས་རིང་གསར་དུ་བསྡུ་རུབ་བྱས་པའི་ལྷ་སྐུ་རྩེ་གྲ་ཡོད།
 
             མདོག་གསུམ་རྫ་ཆས་ཀྱི་བྱང་ཆུབ་སེམས་དཔའི་བཞུགས་སྐུ། 2002ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་“རྒྱལ་ཁབ་ཀྱི་རྩ་ཆེའི་རིག་དངོས་བསྡུ་རུབ་ཆེད་དོན་གྲོན་དངུལ་”བཀོལ་ནས་ཕྱི་རྒྱལ་དུ་ཕྱིར་ཉོས་པ་དང་། 2006ལོར་ཀྲུང་གོའི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས།
             བྱང་ཆུབ་སེམས་དཔའི་རྡོ་བརྐོས་དབུ་བརྙན། ཧྲན་ཞི་ཐའེ་ཡོན་ཐེན་ལུང་རི་བོའི་བྲག་ཕུག་ཨང་18པ་ནས་ཐོན་པ་ཡིན། ཝེ་ཅིན་ལྷོ་བྱང་རྒྱལ་རབས་(220-589ལོ་)ནས་སུའེ་ཐང་དུས་སྐབས་(581-907ལོ)བར། བྲག་ཕུག་གི་སྐུ་འདྲ་ཆེ་གྲས་ཀྱི་ཤུགས་རྐྱེན་གྱིས་རྡོ་བརྐོས་ནང་བསྟན་གྱི་སྐུ་བརྙན་ནི་ནང་བསྟན་གྱི་སྐུ་བརྙན་གྱི་གཙོ་བོར་གྱུར། དེའི་ནང་ཧྲན་ཞི་ཐའེ་ཡོན་ཐེན་ལུང་ཧྲན་དང་ཧོ་པེ་ཏིང་ཀྲོའུ་ཆུས་དབྱང་གི་རྡོ་རྐོས་ནང་བསྟན་གྱི་སྐུ་བརྙན་དེ་རྒྱ་གར་ལུགས་ཀྱི་ནང་བསྟན་གྱི་སྐུ་བརྙན་ལ་ལད་མོ་བྱེད་པ་ལས་བརྒལ་ཏེ། ཀྲུང་གོའི་ལུགས་ཀྱི་ནང་བསྟན་གྱི་སྐུ་བརྙན་གྱི་རྣམ་པ་གསར་གཏོད་བྱས།
             ཝེ་བྱང་མའི་དུས་སྐབས་(386-534ལོ་)ཀྱི་རྡོ་བརྐོས་སངས་རྒྱས་ཀྱི་བཞུགས་སྐུ།  ཡུན་ཀང་བྲག་ཕུག་ནས་བྱུང་བ་ཡིན།  ཡུན་ཀང་བྲག་ཕུག་ནི་ཧྲན་ཞི་ཏ་ཐུང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད། བྲག་ཕུག་དེ་ཝེ་བྱང་མའི་དུས་སྐབས་སུ་བརྐོས་པ་དང་།  སྐབས་དེར་ཝུའུ་ཀྲོའུ་རི་བོའི་བྲག་ཕུག་དགོན་པའམ་ལིན་ཡཱན་དགོན་པ་ཞེས་འབོད། མིང་རྒྱལ་རབས་(1368―1644ལོ)ཀྱི་སྐབས་སུ་ཡུན་ཀང་བྲག་ཕུག་ཞེས་འབོད། ཡུན་ཀང་བྲག་ཕུག་གི་རྡོ་བརྐོས་སྐུ་བརྙན་དེ་བརྐོས་རིས་བརྗིད་ཆགས་པ། བརྗོད་བྱ་རྙོག་འཛིང་ཆེ་བས་མིང་དུ་གྲགས་པས་ཀྲུང་གོའི་གནའ་རབས་བརྐོས་མའི་སྒྱུ་རྩལ་གྱི་བང་མཛོད་ཞིག་ཡིན།
             ཤིང་བརྐོས་ཚོན་རིས་ཀྱི་བྱང་ཆུབ་སེམས་དཔའི་བཞེངས་སྐུ། འགྲེམས་རྫས་འདི་དག་གིས་ནང་བསྟན་སྐུ་བརྙན་གྱི་བྱུང་བ་དང་འཕེལ་རྒྱས་ཀྱི་གོ་རིམ་གསལ་བོ་མངོན་ཡོད་པ་མ་ཟད། ཀྲུང་གོའི་གནའ་རབས་ཀྱི་ནང་བསྟན་གྱི་སྐུ་བརྙན་སྒྱུ་རྩལ་གྱི་རིག་གནས་ཀྱི་བརྗོད་སྙིང་དང་། ས་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་ཡོད། ལྟད་མོ་བས་ནང་བསྟན་གྱི་སྐུ་བརྙན་སྒྱུ་རྩལ་ཉམས་འགྱུར་ཉམས་སུ་མྱོང་བའི་དུས་མཚུངས་སུ། སངས་རྒྱས་ཆོས་ལུགས་ཀྱི་སྐུ་བརྙན་སྒྱུ་རྩལ་གྱི་བག་ན་གནས་པའི་ནང་བསྟན་གྱི་མི་ཚེའི་གནས་ལུགས་རྟོགས་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1