༄༅།། དོན་གྱི་བྱུང་བ་བརྗོད་པའི་རྩོམ་ཡིག་གི་རྩོམ་མགོ་འཛིན་ལུགས།
བཀྲ་བྷ། རྩོམ་སྒྲིག་པ།ཡོང་ཁུངས།བོད་རིག་པ་ཞིབ་འཇུག སྤེལ་དུས། 04-20
བཀྲ་བྷ།
[ནང་དོན་གནད་བསྡུས།]དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ལ་རྩོམ་མགོ་འཛིན་ལུགས་མང་པོ་ཞིག་ཡོད་པ་དང་། རྒྱུགས་ཆེ་བ་རྣམས་དྲངས་ན་མི་སྣ་མཚམས་སྦྱོར་གྱི་ཐབས་ལ་བརྟེན་ནས་རྩོམ་མགོ་འཛིན་པ། ཡུལ་མཚམས་སྦྱོར་གྱི་ཐབས་ལ་བརྟེན་ནས་རྩོམ་མགོ་འཛིན་པ། དོན་དག་མཚམས་སྦྱོར་གྱི་ཐབས་ལ་བརྟེན་ནས་རྩོམ་མགོ་འཛིན་པ། བཀོད་འབྲི་ལ་བརྟེན་ནས་རྩོམ་མགོ་འཛིན་པ། དོན་དག་གི་འབྱུང་རྐྱེན་བརྗོད་ནས་རྩོམ་མགོ་འཛིན་པ། ཡིད་ཀྱི་འགྱུར་བ་བརྗོད་ནས་རྩོམ་མགོ་འཛིན་པ། དུས་ཚོད་བརྗོད་ནས་རྩོམ་མགོ་འཛིན་པ་རྣམས་སོ།།
[གནད་འགག་མིང་བརྡ།]དོན་གྱི་བྱུང་བ་བརྗོད་པ། བརྩམས་ཆོས། རྩོམ་མགོ
རྩོམ་མཁན་མཐའ་དག་རྩོམ་པའི་ལས་ལ་འཇུག་སྐབས། སྐབས་སུ་བབ་པའི་བརྗོད་བྱའི་དོན་ལས་གྲུབ་ཆ་ཕྲན་བུ་ཞིག་ལེན་པ་དང་། གྲུབ་ཆ་ཕྲན་བུ་དེ་ལས་སླར་ཡང་དོན་དག་ཕྲན་བུ་ཞིག་བླངས་ནས་བརྗོད་བྱ་ཡོངས་ཀྱི་མདུན་ལ་འགོད་པ་ལ་རྩོམ་མགོ་འཛིན་པ་ཟེར་བ་ཡིན། རྩོམ་མགོ་འཛིན་པ་ནི་རྩོམ་པའི་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། རྩོམ་མཁན་ལ་ཆ་མཚོན་ན། རྩོམ་མགོ་འཛིན་ལུགས་མ་ལེགས་ན། རྩོམ་ཡིག་བདེ་བླག་ངང་ནས་འབྲི་མི་ནུས་པ་དང་། ཀློག་པ་པོ་ལ་ཆ་མཚོན་ན། རྩོམ་གྱི་མདུན་ལ་བཀོད་པའི་ཚིག་གམ་དོན་ལ་བརྟེན་ནས་རང་ཉིད་ལ་བག་ཆགས་ཟབ་མོ་ཞིག་འཇོག་མ་ནུས་ན། ལྟ་ཀློག་གི་འདུན་པ་ཉམས་ཏེ་བརྩམས་ཆོས་དེ་ཉིད་ཞིབ་ཏུ་ཀློག་མི་སྲིད་པས། རྩོམ་མགོ་འཛིན་པ་ནི་རྩོམ་པའི་ལས་ལ་འཇུག་སྐབས་ཆེས་དཀའ་ཁག་ཆེ་བའི་ལས་ཀ་ཞིག་ཏུ་གྱུར་པ་ཡིན། འོ་ན་རྩོམ་ཡིག་གི་རྩོམ་མགོ་ཇི་ལྟར་བཟུང་ན་ལེགས་པ་ཡིན་ཟེར་ན།
དང་པོ། མི་སྣ་མཚམས་སྦྱོར་གྱི་ཐབས་ལ་བརྟེན་ནས་རྩོམ་མགོ་འཛིན་པ།
མི་སྣ་མཚམས་སྦྱོར་བྱས་ནས་རྩོམ་མགོ་འཛིན་ལུགས་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ཀྱི་རྩོམ་མགོ་འཛིན་ལུགས་གལ་ཆེན་ཞིག་ཡིན་ལ། འདི་ལྟར་རྩོམ་མགོ་བཟུང་བ་ན། གཅིག་ན་རྩོམ་མཁན་གྱི་རྩོམ་མགོ་འཛིན་པའི་དུས་ནས་བཟུང་མི་སྣ་གཙོ་དམིགས་སུ་བཟུང་ནས་རྩོམ་པའི་ལས་ལ་བདེ་བར་ཞུགས་ཆོག་པ་དང་། གཉིས་སུ་ཀློག་པ་པོས་རྩོམ་ཡིག་ཀློག་མགོ་བརྩམས་མ་ཐག་བརྩམས་ཆོས་ཁྲོད་ཀྱི་མི་སྣ་དེ་མི་སྣ་ཅི་ལྟ་བུ་ཞིག་ཡིན་པ་མག་མོག་ཙམ་རྟོགས་ཡོང་པས། རྩོམ་ཡིག་འབྲི་བ་དང་ཀློག་པ་གཉིས་ཀའི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ། དཔེར་ན། སྐུ་ཞབས་དོན་གྲུབ་རྒྱལ་གྱི《རྒན་པོ་བློ་གྱོང》ཞེས་པའི་སྒྲུང་ཐུང་ནི་མི་སྣ་གཙོ་བོ་བློ་གྲོས་མཚམས་སྦྱོར་བྱེད་པའི་ཐབས་ལ་བརྟེན་ནས་རྩོམ་མགོ་བཟུང་ཡོད་ལ། རྩོམ་དེའི་རང་བྱུང་ཚན་པ་དང་པོ་ཇི་བཞིན་དྲངས་ན་གཤམ་གསལ་ལྟར།
ང་ཚོའི་རུ་སྡེ་འདིར་རྒན་པོ་ཞིག་ཡོད་ལ། མིང་ལ་བློ་གྲོས་ཟེར། ལོ་ཆུང་སོ་དཀར་གྱི་དུས་སུ། ཁོང་རིག་པ་ཤིན་ཏུ་རྣོ་ཞིང་ཕྱི་རོལ་ཡུལ་གྱི་བྱ་དངོས་དང་ཤེས་བྱ་མངོན་ལྐོག་ཐམས་ཅད་ཨ་མཚར་དུ་བཟུང་ནས་གཏམ་འདྲི་བ་ལ་ཧ་ཅང་དགའ་ཞིང་། རྩ་རྩེ་མོ་དང་བར་སྐེད་པ་ཐམས་ཅད་གཏིང་སློག་ཡང་སློག་བྱེད་མཁན་ཞིག་ཡིན་པ་མ་ཟད། རང་གི་བློ་ངོར་བདེན་གྲུབ་ཏུ་འཇོག་མ་ཐུབ་ན་བསམ་བློ་གཏོང་མཚམས་གཏན་ནས་མི་འཇོག་པ་ཞིག་ཀྱང་ཡིན། གལ་སྲིད་རང་བློས་བདེན་པར་ཐག་བཅད་པ་ཞིག་ཡིན་ཚེ། མི་སུ་ཞིག་ཡིན་ཡང་དེའི་བློ་ལ་འགྱུར་བ་གཏན་ནས་གཏོང་མི་ཐུབ་ལ། ཁྱོད་ལ་གནས་ལུགས་སྟོང་དང་ཡིན་ལུགས་བརྒྱ་བགྲང་རྒྱུ་ཡོད་ཀྱང་། ཁོང་གི་བློ་ནི་གོར་མ་རྡོ་ལས་མཁྲེགས་ཤིང་འབྲོང་གི་རྭ་ལས་གྱོང་བས། མི་ཐམས་ཅད་ཀྱིས་ཁོང་ལ་རྒན་པོ་བློ་གྱོང་ཞེས་འབོད།①ཅེས་པ་ལྟ་བུའོ།།
གཉིས་པ། ཡུལ་མཚམས་སྦྱོར་གྱི་ཐབས་ལ་བརྟེན་ནས་རྩོམ་མགོ་འཛིན་པ།
ཡུལ་མཚམས་སྦྱོར་གྱི་ཐབས་ལ་བརྟེན་ནས་རྩོམ་མགོ་འཛིན་ལུགས་འདི་ནི་དོན་གྱི་བྱུང་བ་བརྗོད་པའི་རྩོམ་ཡིག་གི་མགོ་འཛིན་ལུགས་གལ་ཆེན་ཞིག་ཡིན་ལ། རྩོམ་མགོ་འཛིན་དུས་ཡུལ་མཚམས་སྦྱོར་བྱས་ན། རྩོམ་ཡིག་ནང་གི་མི་སྣ་ལས་སྣ་ཚོགས་ལ་རོལ་བར་གར་སྟེགས་ཤིག་བསྐྲུན་པ་དང་། རྩོམ་ཡིག་ཁྲོད་ཀྱི་དོན་དག་མང་པོ་ལ་བྱུང་སའི་གནས་ཤིག་བསྐྲུན་པས། རྩོམ་པ་པོས་ཡུལ་ངེས་ཅན་ཞིག་གནད་དུ་བཟུང་ནས་རྩོམ་པའི་ལས་ལ་ཞུགས་ན། བརྗོད་བྱའི་དོན་ཀུན་གོ་རིམ་ཡོད་པའི་སྒོ་ནས་ཡི་གེར་བཀོད་པའི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ། དཔེར་ན། སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྒྲུང་ཐུང་《འབྲོང་སྟག་ཐང》ཞེས་པའི་རྩོམ་མགོ་འཛིན་སྐབས། ཡུལ་གྱི་རྣམ་པ་བཀོད་འབྲི་བྱེད་པའི་ཞོར་དུ། ཡུལ་དེ་ལ་འབྲོང་སྟག་ཐང་ཟེར་དོན་ཅི་ཡིན་མཚམས་སྦྱོར་བྱས་ཡོད་ལ། འདི་ལྟར་རྩོམ་མགོ་བཟུང་ན། རྗེས་ཀྱི་བྱུང་རིམ་མཚམས་སྦྱོར་བྱེད་པ་ལ་མཐུན་རྐྱེན་གལ་ཆེན་པོ་ཞིག་འཛོམས་པར་གྱུར་པ་ཡིན།
དབྱར་ཟླ་དྲུག་པའི་འབྲོང་སྟག་ཐང་ནི་རྨ་བྱའི་སྒྲོ་གུར་ཕུབ་པ་དང་འདྲ་བར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། རྒྱང་རིང་གི་ཤར་ཕྱོགས་སུ་རི་རབ་མཐོན་པོ་ཕྱི་བརྩེགས་ནང་བརྩེགས་ཀྱིས་འགྱིང་ཞིང་། དབུས་རི་མངོན་པར་འཕགས་པའི་རྩེ་མོར་གངས་དཀར་གྱི་ཅོད་པན་མཛེས་པ་དང་། རི་སྐེད་དུ་ལྗོན་ཤིང་སྣ་ཚོགས་ཀྱི་ཚང་ཚིང་གཡུ་དོ་ཤལ་མགུལ་དུ་བཅིངས་པ་དང་མཚུངས། རི་རྩ་ནས་བཟུང་སྤང་ལྗོངས་ཀྱི་སྨད་གཡོག་སྔོ་ལྗང་ཞིག་མནབས་ཏེ་ལ་ཐང་ཆེན་པོ་མེད་པར་ཆགས་འདུག ལྷོ་ནུབ་བྱང་གསུམ་གྱི་ཕྱོགས་སུ་རི་བོ་མཐོན་པོ་མེད་པས་རྩྭ་ཐང་འདི་མུ་མཐའ་མེད་པར་སྣང་ལ། ཐག་རིང་ལ་རྒྱང་ལྟ་བྱས་ཚེ་གནམ་ས་གཉིས་ཀྱང་གཞི་གཅིག་ལ་འབྲེལ་བ་དང་མཚུངས། ལྷོ་བྱང་གི་ཐང་དཀྱིལ་དུ་གཙང་ཆུ་རིང་མོ་ཞིག་དལ་གྱིས་འབབ་པ་དེ་ཉི་འོད་ཀྱི་འོག་ཏུ་འོད་ལམ་ལམ་འཚེར་གྱིན་གདའ། ཆུའི་ལྷོ་ངོས་སུ་ཕ་བོང་ཆེན་པོ་ཞིག་ཡོད་པའི་དབྱིབས་ལ་བལྟས་ན་འབྲོང་རྒོད་ཅིག་གིས་རྭ་གནམ་ལ་གཟེངས་ཤིང་མཇུག་མ་མགོ་བརྩེངས་ནས་རྒྱུག་རྩིས་བྱེད་པ་དང་འདྲ། ཆུའི་བྱང་ཕྱོགས་སུའང་ཕ་བོང་ཆེན་པོ་ཞིག་ཡོང་ཅིང་། དེའི་ཚུགས་ཀ་ནི་སྟག་མོ་ཞིག་ལངས་ཏེ་སྡར་བཞི་ས་ལ་བགྲད་ཅིང་མཆེ་བ་གནམ་ལ་གཙིགས་ཏེ་ཕས་རྒོལ་ཁྱུར་མིད་གཏོང་ལ་རྔམ་པ་དང་མཚུངས། མཛེས་ཤིང་ལྟ་ན་སྡུག་ལ་སྐྱིད་ཅིང་ཡིད་དུ་འོང་བའི་སྤང་ལྗོངས་འདིར་འབྲོང་སྟག་གི་གཟུགས་སུ་གྲུབ་པའི་ཕ་བོང་ཆེན་པོ་གཉིས་མཆིས་པ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། རང་བྱུང་ཁམས་ལ་མི་འཛོམས་དགུ་འཛོམས་ཀྱི་སྣ་ཚང་བས་མི་རྣམས་ཀྱིས་ཀྱང་རྩྭ་ཐང་གི་རྒྱན་ཆ་ཞིག་ཏུ་བརྩི་བ་ཡིན་མོད། འོན་ཀྱང་མི་ལ་ལས་དེ་ནི་རྩྭ་ཐང་འདིར་ཆག་སྐོ་འབྱུང་བའི་སྔ་ལྟས་ཤིག་རེད་ཟེར། གང་ལྟར་ཕ་བོང་འདི་གཉིས་ཡོད་པའི་དབང་གིས་རྩྭ་ཐང་འདི་ལའང་འབྲོང་སྟག་ཐང་ཞེས་པའི་མིང་ཐོགས་པ་དང་། ད་ལྟའི་བར་དུ་ལོ་ངོ་ཅི་འདྲ་མང་པོ་ཞིག་འདས་ཡོད་པའང་བརྗོད་དཀའ་མོ་རེད།②ཅེས་པ་ལྟ་བུའོ།།
ཡང་དཔེར་ན། རྩོམ་པ་པོ་རང་སྒྲའི་སྒྲུང་གཏམ་《འཕོ་འགྱུར》ཞེས་པའི་རྩོམ་མགོ་ཡང་ཡུལ་མཚམས་སྦྱོར་གྱི་ཐབས་ལ་བརྟེན་ནས་བཟུང་ཡོད་ལ། རྩོམ་མགོའི་རང་བྱུང་ཚན་པ་དེ་ཇི་བཞིན་དུ་དྲངས་ན་གཤམ་གསལ་ལྟར།
ཞོགས་པའི་གསེར་མདོག་ལྡན་པའི་ཉི་གཞོན་ས་གཞིར་འཕྲོས་པ་དང་བསྟུན་ནས་ལྕམ་མོ་ལུང་བར་ཆགས་པའི་ལྕམ་མོ་ལྷ་སྡེའི་རྣམ་པ་གསལ་བོར་མཐོང་ཐུབ། དང་པོར་ལྷ་སྡེ་འདིའི་ཆགས་དབྱིབས་ནི་ནར་ནར་ཕྱུགས་ཀྱི་ལོང་ག་ལྟ་བུ་ཞིག་ཡིན་ན་ཡང་། དེ་རིང་དགེ་བོའི་མིག་ལམ་དུ་སྣང་བ་ནི་མིག་མངས་ཀྱི་རི་མོ་བྲིས་འདྲའི་གྲུ་བཞི་གླིང་བཞི་ཞིག་རེད། ལྷ་སྡེ་འདིའི་རྒྱབ་རི་མདོ་སྨད་ཀྱི་གཞི་བདག་མཐུ་བོ་ཆེ་ཨ་མ་ལྕམ་མོ་ཡིན་པའི་ཆ་ནས་ལྕམ་མོ་ཞེས་པའི་མིང་ཐོགས་པ་དང་། སྡེ་བ་འདིའི་སྐྱབས་རེ་ས་ཨ་མ་ལྷ་མོ་ལས་མེད་པས་ལྷ་སྡེ་ཞེས་པའི་མིང་འདི་ཡང་ཆགས།③
གསུམ་པ། དོན་དག་མཚམས་སྦྱོར་གྱི་ཐབས་ལ་བརྟེན་ནས་རྩོམ་མགོ་འཛིན་པ།
དོན་དག་མཚམས་སྦྱོར་བྱས་ནས་རྩོམ་མགོ་འཛིན་པའི་སྲོལ་འདི་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ལ་ཆེས་རྒྱུགས་ཆེ་བའིཁ་ཡིན་ཏེ། འདི་ལྟར་རྩོམ་མགོ་བཟུང་ན། གཅིག་ན་རྩོམ་པ་པོས་སྐབས་སུ་བབ་པའི་དོན་དག་གང་པོའི་གང་ཡིན་པ་དེའི་གནད་གལ་ཆེ་བ་ཞིག་ནས་མགོ་འཛིན་པ་དང་། དེའི་རྗེས་སུ་བརྗོད་པར་འདོད་པའི་དོན་ཀུན་རིམ་བཞིན་བརྗོད་པ་ན་རྩོམ་པའི་ལས་ལ་ཁ་ཕྱོགས་ངེས་གཏན་ཅན་ཞིག་བྱུང་བ་དང་། ཀློག་པ་པོའི་ཡིད་སེམས་ཀྱང་རྩོམ་མགོ་འཛིན་པའི་དུས་ཀྱི་དོན་དག་གིས་འཕྲོགས་ཏེ་བརྩམས་ཆོས་ཡོངས་ལ་ཞིབ་ཏུ་ལྟ་བའི་འདུན་པ་འབྱུང་ངེས་ཡིན། དཔེར་ན། སྐུ་ཞབས་དོན་གྲུབ་རྒྱལ་གྱིས་《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས། ཁེ་དགོང་གི་རྨི་ལམ་དུ་“གྲོགས་པོ་འདང་ཅན་ཞིག་གིས་ལུས་ལ་འཕྱོར་ལྭ་གྱོན། ལག་ཏུ་ཐང་ག་ཞིག་བཟུང་ནས་ང་ལ་གད་མོད་གོད་བཞིན་བགྲོ་གླེང་བྱེད་ཅིང་འདུག་པ”རྨིས་པ་དང་། ཁ་སང་ཕྱི་དྲོ“ངའི་གྲོགས་པོ་འདང་ཅན་དེའི་ཕ་ཡུལ་ནས”འཕྲིན་ཡིག་ཅིག་བསྐུར་པའི་དོན་དག་གཉིས་ཀ་ལ་བརྟེན་ནས་རྩོམ་མགོ་བཟུང་སྟེ། “ང་”དང་ཨ་ཁུ་དབང་ལྡན་གཉིས་ཀའི་ཐུན་མོང་མ་ཡིན་པའི་འབྲེལ་བ་དེ་བརྗོད་པ་ན། སྒྲུང་གཏམ་ལེགས་པོ་ཞིག་འཁྱོངས་བྱུང་། སྒྲུང་གཏམ་གྲགས་ཅན་དེའི་རང་བྱུང་ཚན་པ་དང་པོ་དྲངས་ན་གསམ་གསལ་ལྟར།
ཁེ་དགོང་གི་རྨི་ལམ་དང་ཁ་སང་གི་ཡི་གེ་གཉིས་ཀྱིས་མདང་གསུམ་གྱི་གཉིད་ཀྱང་འཕྲོགས་སོང་། ཁེ་དགོང་མོར། ངའི་རྨི་ལམ་དུ་གྲོགས་པོ་འདང་ཅན་ཞིག་གིས་ལུས་ལ་འཕྱོར་ལྭ་གྱོན། ལག་ཏུ་ཐང་ག་ཞིག་བཟུང་ནས་ང་ལ་གད་མོ་དགོད་བཞིན་བགྲོ་གླེང་བྱེད་ཅིང་འདུག ངེད་གཉིས་ནི་རྐྱེན་གློ་བུར་བ་ཞིག་གིས་བསྐུལ་ཏེ་སྟེས་དབང་གིས་ཕྲད་པ་དང་། གྲོགས་པོ་བསྒྲིགས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བའི་རིང་ལ། རྒྱུན་པར་འཕྲད་མི་ཐུབ་ཀྱང་། ཕལ་ཆེར་ལོ་གསུམ་བཞི་རེའི་ནང་དང་། རིང་མཐའ་ཡང་ལོ་ལྔ་དྲུག་རེའི་ནང་ལ་ཐེངས་རེ་ཐུག་ཐུབ། ཕྱི་ཉིན་ནམ་ལངས་པ་དང་མཉམ་དུ་ང་རང་གཉིད་ལས་སད་པ་དང་། བློ་མི་བདེ་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་ཤིང་། ནངས་ཇའང་མ་འཐུངས་པར་གཞུང་ལས་ཁང་ལ་བྱ་བ་བསྒྲུབ་ཏུ་སོང་བ་ཡིན། ངས་བློ་རིག་བསྒྲིམས་ནས་བྱ་བ་བསྒྲུབ་དགོས་སྙམ་ན་ཡང་། མདང་དགོང་གི་རྨི་ལམ་དེ་ནི་ལྕགས་ཀྱུ་དང་འདྲ་བར་ངའི་རྣམ་ཤེས་ཕར་ལ་བཀུག་པ་དང་། གྲོགས་པོ་འདང་ཅན་གྱི་ཆ་ལུགས་དང་། ལག་ཏུ་བཟུང་བའི་ཐང་ག གད་མོ་དགོད་པའི་རྣམ་འགྱུར་ལ་སོགས་པ་ནི་འདུ་ཤེས་ཀྱི་སྲན་ཕུང་གཏོར་བའི་བེར་ག་དང་འདྲ་བར་རྣམ་རིག་ཕྱོགས་ངེས་མེད་པར་འཐོར་དུ་བཅུག གུང་ཇ་འཐུངས་མ་འཐུངས་ཀྱང་ལ་གསལ་བོར་ཞིག་བཤད་རྒྱུ་མི་འདུག ཕྱི་དྲོ་ཆུ་ཚོད་བཞི་བར་ང་ལ་འཕྲིན་ཡིག་ཅིག་འབྱོར་བྱུང་། ཚོད་དཔག་བྱེད་པའི་དགོས་པ་མི་འདུག འཕྲིན་ཡིག་དེ་ནི་ངའི་གྲོགས་པོ་འདང་ཅན་དེའི་ཕ་ཡུལ་ནས་བསྐུར་འོངས་པ་རེད། ངས་བསམ་དབང་གཟུར་དབང་མེད་པར་ཡིག་ཤུབས་ཀྱི་ཁ་ཕྱེ་ནས་ཡི་གེ་བཀླགས་པ་ལ། ཡི་གེའི་ནང་གི་སྐད་ཆའི་འགྲོས་དང་བསྟུན་ནས་ངའི་གློ་བ་ཕར་རྒྱག་བྱས་པ་དང་། སྙིང་རླུང་སྟོད་ལ་བཙངས་ཏེ་མིད་པའི་ཁ་ལ་ཡེར་ལ་ཁད་ཀྱི་སྣང་བ་ཞིག་སྐྱེས། ཤོག་བུ་དཀར་པོའི་ཐོག་ལ་བྲིས་པའི་ནག་ཆུང་ཡི་གེ་དེར་ཁྱོན་བསྡོམས་ཐིག་ཕྲེང་གསུམ་ལས་མེད་ན་ཡང་། ངའི་སྣང་བ་ལ་ཡིག་ཕྲེང་སུམ་སྟོང་ཙམ་ཡོད་པའི་འདུ་ཤེས་སྐྱེས་ཤིང་། བཀླགས་མི་ཚར་བའི་ཡི་གེ་ལྟ་འདོད་མེད་པ་ཞིག་རེད་ཨང་སྙམ་བྱུང་། དེའི་མོད་ལ། ངའི་མིག་མཐར་སྡུག་བསྔལ་གྱི་མཆི་མ་འཁོར་ཏེ། ཡི་གེ་རྣམས་ཀྱང་མི་མཐོང་བར་རབ་རིབ་ཏུ་གྱུར་པར་མ་ཟད། ཡིད་ཀྱི་དྲན་པའི་ངོས་ལ་སེམས་ཚེགས་ཀྱི་སྨུགས་པས་བསྒྲིབས་ཏེ། ཁ་སང་དགོང་མོའི་རྨི་ལམ་དེ་ཇི་མ་ཇི་བཞིན་དུ་སླར་ཡང་ཐེངས་གཅིག་རྨིས་བྱུང་། འཕྱོར་ལྭ། ཐང་ག དགོད་སྒྲ④།
བཞི་པ། བཀོད་འབྲི་ལ་བརྟེན་ནས་རྩོམ་མགོ་འཛིན་པ།
སྐབས་སུ་བབ་པའི་བརྗོད་བྱའི་དོན་དེ་ཡི་གེར་སྤེལ་སྐབས། ཡུལ་ལམ། མི་སྣའམ། སྤྱི་ཚོགས་ཁོར་ཡུག་གི་རྣམ་པ་བྲིས་ཏེ་རྩོམ་མགོ་བཟུང་ན། ཀློག་པ་པོས་ཀློག་མ་ཐག་མིག་ལམ་ལ་གཟིགས་རིས་ཅན་གྱི་རྣམ་པ་ཞིག་ཤར་ཡོང་བས། རྩོམ་ཡིག་ཀློག་པའི་འདུན་པ་ཇེ་ཆེར་གཏོང་བར་ཕན་པ་ཡིན། གཤམ་དུ་དྲངས་པ་ནི་མདོ་མཁར་ཞབས་དྲུང་ཚེརིང་དབང་རྒྱལ་གྱི་《གཞོན་ནུ་ཟླ་མེད》ཀྱི་རྩོམ་མགོའམ་རང་བྱུང་ཚན་པ་ཞིག་ཡིན་ལ། རྩོམ་པ་པོས་ཁོར་ཡུག་འཕྱོར་འབྲིའི་ཐབས་ལམ་བརྒྱུད་ནས་རྒྱལ་པོ་ཉི་མའི་བློ་གྲོས་གྱི་ཕོ་བྲང་དང་དེ་ཡི་ཉེ་འཁོར་གྱི་ཡུལ་གྲུའི་རྣམ་པ་བརྗོད་ཡོད་ལ། སྐབས་འདིའི་ཀུན་དགའ་ཚལ་ཞེས་པའི་ཡུལ་གྲུ་དེ་ནི་རྩོམ་པ་པོའི་ཕུགས་བསམ་ཁྲོད་ན་ཡོད་པའི་ཞིང་ཁམས་ཤིག་ཡིན་པས། བདེན་པའི་རང་བཞིན་ཆེན་པོ་མེད་མོད། ཕོ་བྲང་དང་ཉེ་ཁོར་གྱི་རྣམ་པ་ནི་གཟུགས་རིས་སྣང་བར་བྱས་ཡོད།
དེ་ཡང་སྔོན་བྱུང་བ་འདས་པའི་དུས་ན། རྒྱ་གར་འཕགས་པའི་ཡུལ་ནས་བྱང་ཕྱོགས་སུ་ས་འཛིན་གྱི་འཕྲེང་བ་རིམ་པ་འགའ་ཞིག་འདས་པའི་ས་ན་ཀུན་དགའི་ཚལ་ཞེས་བྱ་བའི་ཡུལ་ཁམས་སུ། གྲོང་ཁྱེར་ཆེན་པོ་པདྨ་རྒྱ་པ་ཞེས་པ་ཀུན་གསལ་གྱི་ལམ་དུ་རྒྱུ་སྐར་གྱི་འཕྲེང་བས་མཛེས་པར་བྱས་པ་ལྟ་བུ་མངོན་པར་བཀྲ་བ། ནོར་དང་སྐྱེ་བོས་ཡོངས་སུ་གང་བའི་ཁོ་ར་ཁོར་ཡུག་ཏུ་དཀྲུགས་པའི་དབུས་སུ་རྒྱུ་སྐར་གྱི་རྒྱལ་པོ་ཆ་ཤས་ཡོངས་སུ་རྫོགས་པའི་དགེ་མཚན་དངོམ་པ་ལ་དོ་ཟླར་ཆས་པ། འཆི་མེད་བདག་པོའི་མདུན་ས་ནོར་འཛིན་བདག་མོའི་རྒྱན་དུ་བྱིན་པ་དང་ཀུན་ནས་འདྲ་བའི་ཕོ་བྲང་མཐོ་ཞིང་ཡངས་ལ་ལྟ་བའི་ཆོག་མི་ཤེས་པ་ཡང་དག་པར་སྦྱངས་པའི་ས་ལེ་སྦྲམ་གྱི་རྒྱ་ཕུབ་དང་། མདའ་ཡབ་དང་། བྱ་འདབ་འོད་སྟོང་འབར་བས་ཕྱོགས་ཀྱི་འཁོར་ལོ་འགེངས་པ། གདུགས་དང་རྒྱལ་མཚན་དང་བ་དན་གྱི་ལྷབ་ལྷུབ་གཡོ་བ་ལས་དཔྱངས་པའི་གཡེར་དྲིལ་གྱི་སྒྲ་དབྱངས་ཀྱིས་རྣ་བ་བདུད་རྩིའི་བང་མཛོད་དུ་བྱེད་པ། དེའི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྐྱེད་མོས་ཚལ་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་པ་ནི་ལྗོན་ཤིང་གི་རིམ་པ་ལ་སཱ་ལ་དང་། སཱ་ལ་ཤཱ་དང་། མྱ་ངན་མེད་མཆོག་དང་། ནྱ་གྲོ་ངྷ་དང་། གཞན་ཡང་འབྲས་ལྡན་ལྗོན་པ་དང་། འཁྲི་ཤིང་གི་ར་བ་ཚར་དུ་དངར་བ་ཆོས་བཟང་ལྷའི་དགའ་ཚལ་ཟོལ་ལ་འགོད་པ། ཉེ་བར་གནས་པའི་འདབ་ཆགས་ཀ་ལ་པིང་ཀ་ལ་སོགས་པས་གྲེ་འགྱུར་སྙན་དབྱངས་ཀྱི་རོལ་མོ་བར་མེད་དུ་འཁྲོལ་བ། ལྗོངས་རྣམས་ནེའུ་གསིང་རྣམ་པར་རྒྱས་པའི་ཡོངས་སུ་ཁེབས་པ་ནེ་ཙོའི་འདབ་གཤོག་བརྐྱངས་པ་ལྟ་བུ་ལ་སྣ་ཚོགས་པའི་ཁ་དོག་གི་བྱེ་བྲག་རྣམ་པར་བཀྲ་བའི་མེ་ཏོག་གི་ཚོམ་བུ་ཆེད་དུ་བཀོད་པ་ལྟ་བུས་མཛེས་པ། གཞན་ཡང་ཁྲུས་ཀྱི་རྫིང་བུ་དང་། མཚོ་དང་། མཚེའུ་ལ་སོགས་པ་ཡན་ལག་བརྒྱད་ཀྱི་ཡོན་ཏན་གྱི་སྤ་བ་དག་ཀྱང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་མཆིས་པ་ལ་སྐྱེས་པ་དར་ལ་བབ་པ་དང་། བུ་མོ་གཞོན་ནུ་མ་རྣམས་ཁྲུས་དང་རྩེད་འཇོར་རོལ་བ་ལ་སོགས་པ་འདོད་པའི་ཡོན་ཏན་གྱི་རྩེ་དགའ་ལ་ལོངས་སུ་སྤྱོད་པས་མཛེས་པར་བྱས་པ། སྲིད་པའི་རྒྱན་ཞེས་གྲགས་དཀར་གྱི་བ་དན་རིང་ནས་རིང་དུ་སྐྱོང་བ་དེ་ན། ཆོས་བཞིན་དུ་སྤྱོད་པའི་སའི་འབྱོར་འཇིག་ཆེན་པོ་རྒྱལ་པོ་ཉི་མའི་བློ་གྲོས་ཞེས་བྱ་བ་སློང་བ་བོའི་གདུང་པ་འཕྲོག་ཅིང་དགོས་འདོད་ཀྱི་འབྲས་བུ་འབད་མེད་དུ་སྟེར་བ་དཔག་བསམ་དབང་བོའི་མཚན་ཉིད་དང་མཚུངས་པ་གྲགས་པའི་མེ་ཏོག་དང་བསོད་ནམས་གྱི་དྲི་བཟང་རྒྱས་པས་རྣམ་པར་མཛེས་པ་ཞིག་བྱུང་བར་གྱུར་ཏོ།།
ལྔ་པ། དོན་དག་གི་འབྱུང་རྐྱེན་བརྗོད་ནས་རྩོམ་མགོ་འཛིན་པ།
རྩོམ་པའི་ལས་ལ་འཇུག་སྐབས། སྐབས་སུ་བབ་པའི་བརྗོད་བྱའི་དོན་གྱི་འབྱུང་རྐྱེན་གང་དང་གང་ཡིན་པ་གནད་དུ་བཟུང་སྟེ་ཐོག་མར་མཚམས་སྦྱོར་བྱས་ན། གཅིག་ན་རྩོམ་མཁན་གྱིས་དོན་དག་བརྗོད་བདེ་བ་དང་། གཉིས་སུ་ཀློག་པ་པོའི་ལྟ་ཀློག་གི་འདུན་པ་ཇེ་ཆེར་གཏོང་ནུས་པས། རྩོམ་མགོ་འདི་ལྟར་བཟུང་ན་དགེ་མཚན་ཆེན་པོ་ལྡན་པ་ཡིན། གསལ་འདེབས་བྱ་དགོས་པ་ཞིག་ནི། གལ་སྲིད་འབྱུང་རྐྱེན་སྔ་རོལ་གྱི་དོན་དག་དང་མཇུག་འབྲས་ནི་ཡིད་འཕྲོག་པ་ཞིག་མིན་ན། འདི་ལྟར་བརྗོད་ཀྱང་རྩོམ་གྱིས་མི་སེམས་འགུགས་པའི་ཐད་ལ་ནུས་པ་ཆེན་པོ་འདོན་མི་ཐུབ། དཔེར་ན། སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ《སྒྲུང་པ》ཞེས་པ་ནི་ཁོར་ཡུག་བཀོད་འབྲི་བརྒྱུད་ནས་རྩོམ་མགོ་བཟུང་ཡོད་ལ། མི་སྡུག་པའི་ཁོར་ཡུག་གི་རྣམ་པ་དེ་འདྲ་བཀོད་འབྲི་བྱས་པའི་རྗེས་སུ། སྒྲུང་པ་གྲགས་ཅན་ཞིག་གིས་སྒྲུང་བཤད་མི་ཆོག་པའི་སྐྱོ་གར་དེ་བརྗོད་པ་ན། ཡུལ་དང་དོན་དག་གཉིས་ཀ་མཐུན་པར་བསྡེབས་པའི་དགེ་མཚན་བྱུང་བ་ཡིན། རྩོམ་མགོ་འཛིན་བྱེད་ཀྱི་རང་བྱུང་ཚན་པ་དེ་ཇི་བཞིན་དུ་དྲངས་ན་གཤམ་གསལ་ལྟར།
བདག་གི་སེམས་ན་དགུན་གསུམ་གྱི་ལྷགས་པ་ལྡང་བ་ལས་གཞན། ས་གཞི་ཆེན་པོའི་ཐོག་དཔྱིད་གསུམ་གྱི་དཔལ་ཡོན་ཤར་འདུག གླིང་མཐོང་བ་ཀུན་སྨོན་ཏེ། བོད་ཁ་བ་ཅན་གྱི་ཡུལ་ཁམས་འདི་གནའ་དང་མ་མུན་ནག་གི་འཇིག་རྟེན་ཞིག་ཡིན་ནའང་། དགུང་ཉི་མའི་འོད་སྟོང་སྟོད་གངས་རིའི་རྩེ་ལ་འཕྲོས་པ་ནས་བཟུང་། གླིང་འདི་ཡང་བཀྲ་ཤིས་ཉམས་དགའི་ཡུལ་དུ་གྱུར་ཅིང་། མི་རྣམས་ལ་དགའ་བའི་གླུ་ལེན་ཞིང་སྐྱིད་པའི་བྲོ་འཁྲབ་པའི་བསྐལ་བ་བཟང་པོ་དང་ལྡན་པར་གྱུར། ཡིན་ནའང་། གཡོ་ཅན་དབང་རྩོད་ཀྱི་སྙིགས་མའི་དུས་སུ། བདེ་སྐྱིད་ཀྱི་རིག་གནས་འཚོ་བ་འདི་ཡང་རླུང་ནང་གི་མར་མེ་བཞིན་གཟིམ་ལ་ཉེ། ས་ཕྱུག་མོ་གཡང་སྡེ་གྲུ་བཞི་འདི་ངའི་ཕ་ཡུལ་ཡིན་ལ། ནམ་ཟླའི་དྲོ་གྲང་སྙོམས་ཤིང་དུས་བཞིའི་དབྱེ་བ་གསལ་བ་ཞིག་ཡིན་མོད། འོན་ཀྱང་། ད་ལྟ་རི་ཐང་མེད་པར་ཁ་བས་གཡོགས་འདུག ཀྱེ། དབྱར་ཟླ་གསུམ་དྲོ་ལྡན་གྱི་དུས་སུ་ཐང་ཆེན་ཁ་བས་གཡོགས་པའི་ཐན་ལྟས་འདི་ངའི་ཕ་ཡུལ་ཁོ་ནར་བྱུང་བ་ཡིན་ནམ། ས་ཕྱུག་མོ་གཡང་སྡེ་གྲུ་བཞིའི་ནང་གི་མདོག་མི་འགྱུར་གསོམ་སྡོང་སྔོན་མོ་དེ་གནའ་དང་མ་ལོ་འདབ་ལྷུགས་སེ། རྩེ་མོ་དགུང་དང་མཉམ་ཡང་། དུས་དེང་སང་ལོ་འདབ་ལྷུང་སྟེ་སྐྱ་ཤང་ངེར་མགོ་བོ་སྨད་འདུག⑤
དྲུག་པ། ཡིད་ཀྱི་འགྱུར་བ་བརྗོད་ནས་རྩོམ་མགོ་འཛིན་པ།
རྩོམ་ཡིག་གང་ཞིག་འབྲི་སྐབས། རྩོམ་མཁན་གྱིས་རང་གིས་སྐབས་སུ་བབ་པའི་བརྗོད་བྱའི་དོན་ལ་ལྟ་ཚུལ་ཇི་ཞིག་བཟུང་ཡོད་པ་དེ་བརྗོད་ནས་རྩོམ་མགོ་བཟུང་ན། རྩོམ་མཁན་གྱི་དགའ་སྤྲོ་ཆགས་སྡང་ལས་བྱུང་བའི་ཡིད་ཀྱི་འགྱུར་བ་སྦ་གསང་མེད་པར་བརྗོད་པ་ལ་བརྟེན་ནས། ཀློག་མཁན་གྱིས་རྩོམ་མཁན་གྱིས་ཅི་ཞིག་བརྗོད་འདོད་ཡོད་པ་དེ་རྩོམ་མགོ་བཟུང་མ་ཐག་རྟོགས་ཐུབ་པས། བརྩམས་ཆོས་ཀྱི་ལྟ་ཀློག་ལ་ཁ་ཕྱོགས་ངེས་ཅན་ཞིག་ཡོད་པར་འགྱུར་ངེས་ཡིན། དཔེར་ན། རྡོ་རྗེ་མཁར་གྱི《ཅང་ཤེས་རྟ་ཕོ》ཞེས་པའི་ལྷུག་རྩོམ་གྱི་རྩོམ་མགོ་འཛིན་སྐབས། ཅང་ཤེས་རྟ་ཕོའི་ཁྱད་ཆོས་གནད་དུབཟུང་སྟེ་ཡིད་ཀྱི་འགྱུར་བ་མཚོན་པའི་ཚིག་གིས་རྩོམ་མགོ་བཟུང་ཡོད་ལ། ལྷུག་རྩོམ་རང་བྱུང་ཚན་པ་སྔོན་མ་དེ་ཇི་བཞིན་དྲངས་ན་གཤམ་གསལ་ལྟར།
ལྟོས་དང་། མགྱོགས་མྱུར་རླུང་གི་སྒྱུ་རྩལ། ཁྱུང་ཆེན་ལྡིང་བའི་གཤོག་རྩལ། རྒྱ་སྟག་མཆོང་བའི་ཤུགས་རྩལ། གློག་དམར་འཁྱུག་པའི་མྱུར་རྩལ་བཅས་ཀྱི་བརྟུལ་ཞུགས་ཡོངས་སུ་རྫོགས་པའི་ཆེད་དུ་ཅང་ཤེས་རྟ་ཕོས་སྔོ་བསངས་མཁའ་ཡི་སྤུན་ཟླ། ཞི་བདེ་རྒྱ་མཚོའི་དོ་ཟླར་གྱུར་པའི་མཐའ་ཡས་པའི་རྩྭ་ཐང་དུ་སྤྱང་དར་མའི་འཇིགས་པ་ཁྱད་དུ་བསད། དགུན་གསུམ་གྱི་ལྷགས་པ་གདོང་གིས་བསུས། དབྱར་གསུམ་ཀྱི་ཆར་བ་ལུས་ཀྱིས་བཀག དཔྱིད་གསུམ་གྱི་མུ་གེ་བཟོད་བསྲན་བགྱིས་ཏེ་ས་དོག་མོ་འདོམ་ལ་འཇལ་ཞིང་། ཆུ་གཙང་མོ་ཐད་ཀྱིས་བཅད་ནས། རྒྱུགས་བང་རྩལ་གྱི་གར་སྟབས་སློབ་བཞིན་ཡོད།⑥
བདུན་པ། དུས་ཚོད་བརྗོད་ནས་རྩོམ་མགོ་འཛིན་པ།
དུས་ཚོད་ཀྱིས་རྩོམ་མགོ་འཛིན་པ་ནི་རྒྱུགས་ཆེ་བ་ཞིག་མིན་མོད། དུས་ཆོད་དེ་སྐབས་སུ་བབ་པའི་བརྗོད་བྱའི་དོན་ལ་ཆ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཡིན་ན། དུས་ཚོད་གནད་དུ་བཟུང་ནས་རྩོམ་མགོ་འཛིན་པའི་སྲོལ་ཡོད། དཔེར་ན། གེ་སར་རྒྱལ་པོའི་སྒྲུང 《འདན་མ་ནས་རྫོང》མཚོན་ན། ཇོ་རུས་འདན་གྱི་ནས་རྫོང་ཕབ་པའི་དུས་ལ་བབ་པ་དམིགས་སུ་བཟུང་ནས་བརྗོད་ཆེད། དུས་ཚོད་ཞིབ་ཏུ་བརྗོད་ནས་རྩོམ་མགོ་བཟུང་འདུག་ལ། རྩོམ་མགོའི་རང་བྱུང་ཚན་པ་དེ་ཇི་བཞེན་དྲངས་ན་གཤམ་གསལ་ལྟར།
དེ་ཡང་མེ་ཕོ་འབྲུག་གི་ལོའི་རྒྱལ་ཟླ་བའི་ཚེས་གསུམ་ཉིན་ནམ་ལངས་ཉི་ཤར་གྱི་དུས་སུ།
གདོང་ཁུ་བོ་སྤྱི་དཔོན་རྒྱལ་པོ་དེའི་བསམ་པར། དེ་རིང་གནམ་ནས་མེ་ཏོག་གི་ཆར་བབས། བར་སྣང་ལ་འཇའ་འོད་ཀྱི་གུར་ཕུབ། ས་གཞི་ལ་ལོ་ཏོག་དང་སྔོན་མེད་ཀྱི་སྐྱེད་ཚལ་སྐྱེ་ལུགས་གང་ལ་བལྟས་ན། འབྲུ་དཀར་གཡང་གི་གཏེར་སྒོ་འབྱེད་པའི་དུས་ལ་བབ་ཡོད་པ་དགོངས་ནས་ཇོ་སྐྱིད་དམ་པ་སངས་རྒྱས་དང་ཐུགས་གྲོས་ལེགས་པོ་བྱེད་དགོས་བསམས་ཏེ། གླིང་ལྷ་ལ་བསང་དང་གསེར་སྐྱེལས་ལེགས་པར་མཛད་དེ། འདོ་ཆེན་སྨུག་ཆུང་དྲེའུ་མགོ་ལ། སྒ་འཇོག་སྟན་འཇོག་ནི་དུས་གཅིག གློ་ལེན་རྨེད་སྐོན་ནི་དུས་གཅིག ཐོང་ཐག་སྲབ་སྐོན་ནི་དུས་གཅིག་བྱས་ཏེ། སྐད་ཅིག་ཉིད་ལ་རྨ་སྨད་དུ་ཆས་སོང་ངོ་།།
མདོར་ན། རྩོམ་མགོ་འཛིན་པ་ནི་བརྗོད་བྱའི་དོན་གྱི་སྒོ་མོ་འབྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། རྩོམ་མགོ་འཛིན་ལུགས་ཇི་ལྟར་ལེགས་ན། རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་པ་ལ་དེ་ལྟར་ཕན་པ་ཡིན་ནོ།།
①དོན་གྲུབ་རྒྱལ། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།》པོད་གཉིས་པ། མི་རིགས་དཔེ་སྒྲུན་ཁང་གིས་སྤྱི་ལོ1997ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས52ན་གསལ།
②དོན་གྲུབ་རྒྱལ། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།》པོད་གཉིས་པ། མི་རིགས་དཔེ་སྒྲུན་ཁང་གིས་སྤྱི་ལོ1997ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས193-194ན་གསལ།
③རང་སྒྲ། 《འཕོ་འགྱུར》སྤྱི་ལོ་1998ལོའི་《སྦྲང་ཆར》དེབ་དང་པོའི་ཤོག་ངོས15ན་གསལ།
④དོན་གྲུབ་རྒྱལ། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།》པོད་གཉིས་པ། མི་རིགས་དཔེ་སྒྲུན་ཁང་གིས་སྤྱི་ལོ1997ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས156ན་གསལ།
⑤དོན་གྲུབ་རྒྱལ། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།》པོད་གཉིས་པ། མི་རིགས་དཔེ་སྒྲུན་ཁང་གིས་སྤྱི་ལོ1997ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས318ན་གསལ།
⑥རྡོ་རྗེ་མཁར། སྤྱི་ལོ་1984ལོའི་《སྦྲང་ཆར》དེབ་གསུམ་པ་ན་གསལ།
རྩོམ་པ་པོ་ངོ་སྤྲོད།
བཀྲ་བྷ། (1963- )སྐྱེས་ཡུལ་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཡིན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1