2018ལོའི་ཟླ8པའི་ཚེས8ཉིན། བཙན་ལྷ་རྫོང་ཧ་ཉུང་ཡུལ་ཚོ་ཀྱོ་མོ་སྡེ་བའི་ལན་ལིན་དུ་འབོད་པའི་རྒན་པོ་ཞིག་གིས་རང་ཁྱིམ་གྱི་ར་སྐོར་ནས་སྐར་ལྔའི་དར་དམར་ཞིག་ཕྱར། ཉིན་དེ་ནས་བཟུང་འདས་པའི་ལོ་ངོ་བཅུ་ཡི་རིང་ལ་ཁ་དོག་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་དེ་ཕལ་བའི་ཁྱིམ་ཚང་འདིའི་ར་སྐོར་དུ་མཐོན་པོར་བསྒྲེངས་འོངས་པ་རེད། དུས་སྟོན་ཁྱད་པར་ཅན་དག་ཏུ་ལན་ལིན་གྱིས་རང་ཁྱིམ་དུ་དར་དམར་བསྒྲེང་བའི་བྱེད་སྒོ་དམིགས་བསལ་བ་རེ་སྤེལ་གྱིན་ཡོད་འདུག
རི་མཐོ་ལུང་ཟབ་ཏུ་གྱུར་པའི་ཡུལ་འདིར། ལོ་འཁོར10ཡི་རིང་ལ་རྒན་པོ་འདིས་ཅི་ཕྱིར་སྲོལ་ལུགས་འདི་འདྲ་ཞིག་རྒྱུན་བསྐྱངས་པ་ཡིན་ནམ།
“ ཝུན་ཁྲོན་དུ་ས་འགུལ་ཆེན་པོ་བྱུང་བའི་རྗེས་སུ། རྒྱལ་ཁབ་ཀྱིས་གནོད་པ་ཚབས་ཆེན་ཐེབས་ཡུལ་དུ་གྱུར་པའི་ང་ཚོར་གཞུང་ལམ་བཟོ་བ་དང་། དངོས་ཟོག་བགོ་བ་སོགས་ཏེ། ང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཆེན་པོ་ཚོར་བཅུག་པ་རེད། རང་བྱུང་གི་གནོད་པ་ཚབས་ཆེན་ཐེབས་པའི་རྗེས་སུ་ཡང་། དཔའ་ངར་ལ་ཞུམ་པ་མེད་པར་ཨོ་རྩལ་འགྲན་ཚོགས་ཀྱང་བསྡུས་ཐུབ་སོང་བ་རེད། སྐབས་དེར་ང་ཚོས་སེམས་གཏིང་ནས་ང་ཚོའི་རྒྱལ་ཁབ་འདི་ཅི་འདྲའི་སྟོབས་དང་ལྡན་པ་ཞིག་རེད་བསམ་པ་ཡིན། དངོས་གནས་སྟོབས་དང་ལྡན་པ་ལའང་། དེའི་ཕྱིར་དུས་སྟོན་ཁྱད་པར་ཅན་རེར་ཐོན་དུས། ངས་དྲིན་གཟོ་དང་གུས་བཀུར་གྱི་བསམ་པ་ཁྱད་པར་ཅན་རེ་བཟུང་ནས་སྐར་ལྔའི་དར་དམར་བསྒྲེང་པ་ཡིན།
ལན་ལིན་གྱིས་གསར་འགོད་པར། ཐོག་མའི་དུས་སུ་རང་ཉིད་ཀྱིས་རི་མགོ་ནས་སྨི་5ཙམ་ཡོད་པའི་སྡོང་པོ་ཞིག་བཅད་ནས་དར་ཤིང་བྱས་པ་ཡིན་ལ། རྫོང་ཐོག་ནས་ཐག་གུ་དང་། ལྕགས་གདུབ་དང་། རྒྱལ་དར་སོགས་ཉོས་པ་ཡིན་ཞེས་བཤད། 2014ལོར་ཧ་ཉུང་སློབ་ཆུང་གི་སློབ་གཙོས་གནས་ཚུལ་འདི་གོ་འཕྲལ། ལྕགས་ཀྱི་དར་མདུང་ངོ་མ་ཞིག་ལན་ལིན་ལ་བྱིན་པ་ཡིན་འདུག
ད་སྐབས་དུས་སྟོན་ཁྱད་པར་ཅན་གྱི་ཉིན་མོར། ཞོགས་པའི་ཉི་འོད་ཤར་བ་དང་བསྟུན་ནས། ལན་ལིན་གྱིས་རང་གིས་རྫོང་ཐོག་ནས་ཉོས་འོངས་པའི་རྒྱལ་གླུའི་ཟེར་སྡེར་གཏོང་བ་དང་། རང་ཉིད་ཀྱིས་ཀྱང་རྒྱལ་གླུ་ལེན་བཞིན་སྐར་ལྔའི་དར་དམར་དལ་གྱིས་སྒྲེང་གིན་ཡོད། རྒྱལ་དར་བསྒྲེང་བའི་གོ་རིམ་ལེགས་པར་ཁོང་དུ་ཆུད་ཕྱིར། ལན་ལིན་གྱིས་རྒྱལ་ས་པེ་ཅིན་གྱི་རྒྱལ་དར་བསྒྲེང་བའི་བརྙན་འཕྲིན་ལ་བལྟས་ནས་རྒྱལ་དར་བསྒྲེང་བའི་གོ་རིམ་ལ་སློབ་ཀྱིན་ཡོད་འདུག