དུས་དང་རྣམ་པ་ཀུན་ཏུ་མི་དམངས་སེམས་ཀྱི་ཆེས་མཐོ་བའི་གོ་སར་འཇོག་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 04-23



—— ཞི་ཅིན་ཕིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་གསུང་བཤད་གལ་ཆེན་གྱི་དཔྱད་བརྗོད་དང་པོ། 
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།

        “མི་དམངས་ནི་དཔའ་བོ་ངོ་མ་ཡིན། ”“མི་དམངས་ཀྱི་གཙོ་གཟུགས་ཀྱི་གོ་གནས་རྒྱུན་འཁྱོངས་བ།” རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ། ཞེས་པ་སོགས་ཡིག་འབྲུ་4000ལྷག་གི་ནང་དོན་དུ་མི་དམངས་ཞེས་པ་ཐེངས་84གླེང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་ཐོག་གསུང་བཤད་གནང་ཞིང་ཚོགས་ཆེན་ཡུལ་དངོས་སུ་ཚབ་རླབས་ལྟ་བུའི་དགའ་བསུའི་ཐལ་མོ་རྡེབ་སྒྲ་ཐོབ་ཅིང་། བྲག་ཅ་བསླངས་ཤིང་སྐུལ་སློང་འཕྱུར་ཏེ། མི་དམངས་དུང་ཕྱུར་མང་པོའི་ཡིད་ཆེས་བརྟན་པོ་དང་འབད་བརྩོན་གྱི་སྤྲོ་སེམས་རབ་ཏུ་རྒྱས། 
        “ཐོག་མཐའ་བར་གསུམ་དུ་མི་དམངས་དེ་སེམས་ཀྱི་ཆེས་མཐོ་བའི་གོ་གནས་སུ་འཇོག་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་བསྒྲུབ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་ལས་སྒྲུབ་ནན་མོ་བྱ་དགོས།” ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་རླབས་ཆེན་གྱི་མི་དམངས་དང་། 
        རླབས་ཆེན་གྱི་མི་རིགས། རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་ལ་བརྩེ་བས་ཕྱུག་པའི་བསྟོད་གླུ་ལེན་བཞིན། མི་དམངས་གཙོ་འཛིན་གྱི་གཏིང་ཟབ་པའི་མི་དམངས་ཀྱི་བརྩེ་སེམས་བརྒྱུད་སྤྲོད་གནང་། གཟི་བརྗིད་ནི་མི་དམངས་ལ་དབང་ཞིང་། གདུང་སེམས་མི་དམངས་ལ་བཅངས་པ། སྟོབས་ཤུགས་མི་དམངས་ལས་ཐོན་པ། འབད་བརྩོན་མི་དམངས་ལ་དབང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩི་བཀུར་དང་དགའ་ཞེན་ལས་ཁྱབ་བསྒྲགས་གནང་བའི་དགོངས་དོན་ནི་མི་དམངས་སྲིད་ཏང་གི་རྩ་བའི་ཆབ་སྲིད་ལངས་ཕྱོགས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་སྲིད་སྐྱོང་གི་ཆེས་ཆེ་བའི་ཆབ་སྲིད་ཀྱི་ལེགས་ཆ་མངོན་ཞིང་། “མི་དམངས་གཙོ་གཟུགས་ཡིན་པའི་གོ་གནས་རྒྱུན་འཁྱོངས་”བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ཆེས་མཐོའི་ཚད་གཞི་མཚོན་པ་རེད།
        “བརྗིད་ཆགས་པའི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་ཀྲུང་གོ་མི་དམངས་ཀྱི་ཕྱག་བྲིས་གནང་བ་ཡིན།” མི་དམངས་ནི་ལོ་རྒྱུས་ཀྱི་གསར་གཏོད་མཁན་ཡིན། “མི་དམངས་ཀྱིས་བརྩི་སྲུང་ཞུ་མིན་དང་། འཐད་པ་ཡོད་མིན། དགའ་སྤྲོ་ཡིན་མིན། ཁས་ལེན་བྱེད་མིན་བཅས་ལས་དོན་མཐའ་དག་གི་ཐོབ་ཤོར་ཚད་འཇལ་གྱི་ཚད་གཞིར་བྱ་རྒྱུ།”མི་དམངས་ནི་སྲིད་སྐྱོང་བྱས་རྗེས་ཀྱི་རྒྱུགས་བཤེར་པ་ཡིན། “མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱ་རྒྱུ་དེ་རྒྱ་ཆེའི་མི་དམངས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་སྔར་ལས་འཐུས་ཚང་སྒོས་ཕྱིར་སྟོན་ཐུབ་པ་བྱ་རྒྱུ།” མི་དམངས་ནི་འབད་བརྩོན་བྱེད་པའི་འགོ་ཚུགས་ས་ཡིན། “མི་རེ་རེ་ནི་དུས་རབས་གསར་པའི་བདེན་དཔང་མཁན་དང་གསར་འབྱེད་མཁན། འཛུགས་སྐྲུན་མཁན་ཡིན།” མི་དམངས་ནི་དུས་རབས་ཀྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ལ་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ། བརྟག་ཐབས་སྨྲ་བའི་ཐད་ནས་“སུའི་ཆེད་དང་སུ་ལ་བརྟེན་པ། ང་ནི་སུ་ཡིན་པ་”བཅས་ཀྱི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱ་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་བརྗོད་དོན་གཙོ་བོ་དེ་འགྲེལ་བཤད་གཏིང་ཟབ་མོ་གནང་ཞིང་། 
        ཁྱོན་ཡོངས་ནས་ཅིའི་ཕྱིར་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་དང་། ཇི་ལྟར་མི་དམངས་ཀྱི་གཙོ་གཟུགས་གོ་གནས་རྒྱུན་འཁྱོངས་བྱ་དགོས་པའི་ནང་གནས་ཀྱི་གཏན་ཚིགས་ལ་འགྲེལ་བཤད་གནང་ཡོད།
        མི་དམངས་བསམ་པའི་ཆེས་མཐོའི་གོ་གནས་སུ་འཇོག་ནི་སྙན་ཞིང་འཇེབས་པའི་གསལ་སྟོན་དང་བློ་བརྟན་གྱི་བྱ་སྤྱོད་ཡིན། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཐོག རྩ་ཁྲིམས་བཟོ་བཅོས་བྱས་པའི་དམིགས་ཡུལ་ནི་རང་རྒྱལ་གྱི་རྩ་ཁྲིམས་སུ་སྔར་ལས་ལེགས་པའི་སྒོས་ཏང་དང་མི་དམངས་ཀྱི་འདོད་བློ་མངོན་ཐུབ་པར་བྱ་རྒྱུ་དང་། སྒྲིག་གཞི་བཅོས་བསྒྱུར་གྱི་དམིགས་ཡུལ་ནི་མི་སེར་ལ་སྔར་ལས་མང་པའི་ཁེ་ཕན་ཐོབ་ཕྱིར་ཡིན་པ་རེད། རྟོག་ཞིབ་ཨུ་ལྷན་འཛུགས་པའི་དམིགས་ཡུལ་ནི་དབང་ཆ་ལ་ཁག་ཐེག་བྱས་ཏེ་མི་དམངས་ལ་དངོས་སུ་ཁེ་ཕན་བསྐྲུན་རྒྱུ། ཆབ་སྲིད་ཀྱི་གྲོས་གཞི་དང་ལམ་ལུགས་ཀྱི་རྩེ་རིམ་ཇུས་འགོད་གལ་ཆེན་དེ་དག་ལས་མི་དམངས་ཀྱི་ཁེ་ཕན་དེ་ཆེས་མཇུག་མཐའི་རིན་ཐང་སྟོན་ཕྱོགས་སུ་འཛིན་པ་ཅི་ལ་མིན། དེ་བཞིན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཕྱིར་རྟོག་བྱས་ན། སྤྱིར་བཏང་གི་མི་རྣམས་ཀྱི་ཉིན་རེ་བཞིན་འཕེལ་བའི་བདེ་སྐྱིད་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་ཀྱིས་དུས་རབས་གསར་པར་མཆན་འགོད་དྲོན་མོ་བྲིས་ཤིང་། ང་ཚོ་ཏང་གིས་རྒྱལ་ཡོངས་མི་དམངས་ལ་བཞག་པའི་དམ་བཅའ་མངོན་འགྱུར་བྱུང་། “མི་དམངས་ལྟེ་བར་འཛིན་པའི”རྩ་བའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་“མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཆེད་དུ་”འབད་བརྩོན་ཧུར་ཐག་བྱས་ན། ང་ཚོས་ཀྲུང་གོ་མི་དམངས་ཡོངས་དང་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་བདེ་སྐྱིད་དང་གཟི་བརྗིད་མཉམ་སྤྱོད་བྱེད་དུ་འཇུག་ཐུབ།
        མི་དམངས་ནི་དཔའ་བོ་ངོ་མ་ཡིན་ཏེ། ཀྲུང་གོའི་གྲུ་ཆེན་དེས་ངར་ཤུགས་ཆེ་རུ་སྐྱེད་པར་མི་དམངས་དུང་ཕྱུར་མང་པོའི་སྟོབས་ཤུགས་ཕྱིར་འདོན་དགོས། རྒྱང་སྐྱོད་ལམ་གྱི་དམར་དམག་གི་ལྷམ་དང་ཞའོ་ཀང་ཡུལ་ཚོའི་སྡེ་མིའི་མཛུབ་རྗེས་དམར་པོ། དེ་མིན་ཧུའེ་ཧའེ་གཡུལ་འགྱེད་ཀྱི་འདེད་འཁོར་ཆུང་ཆུང་དང་མིག་སྔར་ལས་གཏོད་གསར་གཏོད་བྱེད་པའི་ཚ་རླབས་བཅས་ དུས་རབས་ཀྱི་རྣམ་པ་འགྱུར་བཞིན་འདུག་ནའང་། མི་དམངས་ཀྱི་འབད་བརྩོན་ལ་འགྱུར་བ་མེད། མི་དམངས་ཀྱི་སྙིང་སྟོབས་ལ་འགྱུར་བ་མེད། མི་དམངས་ཀྱི་སྟོབས་ཤུགས་ལ་འགྱུར་བ་མེད། ལེ་བར་བརྒྱ་རུ་སྐྱོད་མཁན་ཕྱེད་ལས་འདས། འབད་འཐབ་ཀྱི་ལམ་དུ་སེམས་ཤུགས་བརྟན་པོ་འཆང་། འཆར་འགོད་དེ་མངོན་སུམ་དུ་བསྒྱུར་དགོས་ན་འགག་སྒོ་མང་པོ་ལས་གྲོལ་དགོས་ཤིང་ཧུར་ཐག་གིས་རྒྱང་སྐྱོད་གསར་པའི་རྒྱལ་ཁ་ལེན་དགོས། དུས་སྐབས་དེ་ལྟ་བུར་དེ་ལས་ཀྱང་ཁེངས་སྐྱུང་གིས་མི་དམངས་ལ་སློབ་སྦྱོང་བྱ་དགོས་པ་དང་། 
        མི་དམངས་ཀྱི་སེམས་སྒྲར་ཉན་དགོས་པ། མི་དམངས་ཀྱི་བློ་གྲོས་སྡུད་ལེན་བྱ་དགོས། དེ་བཞིན་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་གསར་གཏོད་ཀྱི་སྙིང་སྟོབས་དང་རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་དར་སྤེལ་བྱས་ཏེ། དུས་རབས་གསར་པར་དབང་བའི་གཟི་འོད་ལྡན་པའི་བྱས་རྗེས་གསར་གཏོད་བྱ་དགོས་པ་རེད།
        ཅཱ་ཞིན་ནན་ཧུའུ་ཡི་སྟེང་གི་མཚོ་གྲུ་ཆུང་ཆུང་ཞིག་ནས་མི་དམངས་དུང་ཕྱུར་13ལྷག་གི་རེ་བ་ཐེག་ཡོད་པའི་བརྗིད་ཆགས་གྲུ་གཟིངས་སུ། ང་ཚོའི་བཀྲག་མདངས་ལྡན་པའི་ཏང་དར་ཐོག་དུས་ནམ་ཡང་“མི་དམངས་”ཞེས་པའི་ཡིག་འབྲུ་གཉིས་གསལ་པོར་བྲིས་ཡོད། དུས་རབས་གསར་པའི་དྲག་རླུང་ལ་ཞོན་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་ཕུ་ཐུང་བརྫེས་ཏེ་ངར་ཤུགས་བསྒྲིམས་པ་ན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་གཟི་བརྗིད་ལྡན་པའི་ལེའུ་འབྲི་ཐུབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1