སློབ་གསོ་པ་ཚའེ་ལེན་སིན་གྱི་སློབ་ཁྲིད་བྱེད་ཐབས།——“ལྟ་འཁྲིད་སྦྱོང་གསུམ”གྱི་རྩ་བའི་ལག་ལེན་ངོ་སྤྲོད།

འཇམ་དབྱངས་བཀྲ་ཤིས། དཔལ་འབུམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


[གནད་བཏུས] རྩོམ་ཡིག་འདིའི་ནང་དུ་སློབ་གསོ་པ་ཆེན་མོ་ཚའེ་ལེན་སིན་གྱིས་སྲོལ་འབྱེད་གནང་བའི་སློབ་ཁྲིད་བྱེད་ཐབས་ཏེ། ལྟ་འཁྲིད་སྦྱོང་གསུམ་གྱི་ལག་ལེན་བྱེད་ཐབས་ལས་གཙོ་བོ་ཁ་བྱང་འབྲི་བ་དང་དམིགས་ཚད་འཇོག་པ། རང་སྦྱོང་མཛུབ་སྟོན། ལྟ་བ། འཁྲིད་པ། ཚོགས་ཐོག་སྦྱོང་བརྡར་བཅས་རིམ་པ་དྲུག་པོ་རེ་རེ་ངོ་སྤྲོད་དང་། ལག་ལེན་བྱེད་ཐབས་གཙོ་བོ་དག་ཞིབ་ཅིང་རྒྱས་པའི་སྒོ་ནས་བྱ་རིམ་དང་དུས་རིམ་གཉིས་ཀའི་ཆ་ནས་གསལ་བོར་བརྗོད་ཡོད། མཇུག་མཐར་སློབ་ཁྲིད་བྱེད་ཐབས་འདི་ཉིད་མུ་མཐུད་དུ་འཕེལ་རྒྱས་དང་གསར་གཏོད་ཇི་ལྟར་བྱས་པའི་སྐོར་ཕྱོགས་བཞིའི་སྒོ་ནས་གསལ་བཤད་བྱས་ཡོད་དོ། །

[གནད་ཚིག] ཚའེ་ལེན་སིན། སློབ་ཁྲིད་བྱེད་ཐབས། ལྟ་འཁྲིད་སྦྱོང་གསུམ། ལག་ལེན།

        ཚའེ་ལེན་སིན་ཁོང་ཉིད༡༩༤༢ལོར་ཅང་སུའུ་ཞིང་ཆེན་གྱི་ཐའེ་ཀྲུའུ་ཐེ་ཞིན་དུ་འཁྲུངས་ཤིང། ༡༩༦༠ལོར་སློབ་གསོའི་ལས་ཀར་ཞུགས། ༡༩༨༢ལོར་ཅང་སུའུ་དབྱང་སི་སློབ་གྲྭའི་སློབ་གཙོའི་འགན་བཞེས། ཁོང་གིས“ཁྲིད་ན་མི་ཤེས་པའི་སློབ་མ་མེད”པར་འདོད་ཅིང“ལྟ་འཁྲིད་སྦྱོང་གསུམ”གྱི་སློབ་ཁྲིད་ཐབས་ལམ་གྱི་སྲོལ་བཏོད། ལྟ་འཁྲིད་སྦྱོང་གསུམ་ལག་ལེན་བྱས་ནས་ཞིང་གྲོང་གི་སློབ་གྲྭ་ཕལ་བ་ཞིག་རྒྱལ་ཡོངས་སུ་གྲགས་པའི་སློབ་གྲྭར་བསྒྱུར། ༢༠༠༦ལོར་ཁོང་དགུང་ལོ་རེ་བཞིར་སླེབས་ནའང་། གཡོང་ཝེ་སློབ་གྲྭར་ཕེབས་ཏེ་སློབ་གྲྭའི་གནས་ཚུལ་དངོས་ལ་ཞིབ་འཇུག་བྱས་ནས། སློབ་གསོའི་རྒྱུ་སྤུས་གོང་མཐོར་གཏོང་རྒྱུ་ནི་སློབ་གྲྭའི་ལས་ཀའི་སྙིང་བོར་བཟུང་སྟེ། དབྱང་སིའི་ཉམས་མྱོང་ཟབ་ཅིང་རྒྱས་པར་སྤེལ།
        སྔ་གཞུག་ཏུ《ཀྲུང་གོའི་སློབ་གསོའི་ཚགས་པར》དང《མི་དམངས་ཉིན་རེའི་ཚགས་པར》སོགས་སུ་དཔྱད་རྩོམ་བཅུ་ལྷག་སྤེལ་ཅིང་། རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཕེབས་ནས་གསུང་བཤད་གང་མང་གནང་བར་ཀུན་གྱིས་མགྲིན་གཅིག་ཏུ་གཟེངས་སུ་བསྟོད། ༢༠༡༤ལོར་རྒྱལ་ཁབ་རིམ་པའི་སློབ་གསོའི་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། ཁོང་གིས་སྡུག་མྱངས་པ་ནི་བསོད་ནམས་བསགས་པ་དང་སྡུག་མྱང་ཐུབ་ན་སློབ་སྦྱོང་བྱེད་ཤེས་ཤིང་དགེ་རྒན་བཅའ་ཤེས་ལ། སྡུག་མྱང་ཐུབ་ན་སློབ་གྲྭ་མིང་ཅན་སྐྱོང་ཐུབ་པ་དང་ཚེ་གང་བོར་བདེ་སྐྱིད་ཡོང་བར་འདོད། ཁོང་གིས་སྔ་ལངས་འཕྱི་ཉལ་གྱིས་འབད་པར་བརྟེན། རང་ཉིད་རྒྱལ་ཡོངས་སུ་གྲགས་པའི་དགེ་རྒན་མིང་གྲགས་ཅན་དང་སློབ་གཙོ་སྐད་གྲགས་ཅན་ཞིག་ཏུ་གྱུར་པ་མ་ཟད། ཁོང་གིས་རྩེ་གཅིག་ཏུ་བསྐྱངས་པའི་གཞུང་སྒྲུབ་སློབ་གྲྭ་དབྱང་སི་དང་དམངས་སྒྲུབ་སློབ་གྲྭ་གཡོང་ཝེ་གཉིས་ཀྱང་རྒྱལ་ཡོངས་སུ་གྲགས་པའི་སློབ་གྲྭ་གྲགས་ཅན་གཉིས་སུ་གྱུར།
        གཤམ་ནས་ལྟ་འཁྲིད་སྦྱོང་གསུམ་གྱི་ལག་ལེན་གྱི་སྤྱི་འགྲོས་དང་ལག་ལེན་བྱེད་ཐབས་གཙོ་བོའི་སྐོར་དང་། འཕེལ་རྒྱས་དང་གསར་གཏོད་བྱས་པའི་ཕྱོགས་གཉིས་ཀྱི་ཆ་ནས་སློབ་ཁྲིད་བྱེད་ཐབས་འདི་ཉིད་ངོ་སྤྲོད་པར་བྱའོ། །
དང་པོ། ལག་ལེན་གྱི་སྤྱི་འགྲོས་དང་དེའི་བྱེད་ཐབས་གཙོ་བོ།
        “ལྟ་འཁྲིད་སྦྱོང་གསུམ”གྱི་སློབ་ཁྲིད་བྱེད་ཐབས་ལ་ཁ་བྱང་འབྲི་བ་དང་དམིགས་ཚད་འཇོག་པ། རང་སྦྱོང་མཛུབ་སྟོན། ལྟ་བ། འཁྲིད་པ། ཚོགས་ཐོག་སྦྱོང་བརྡར་ཏེ་རིམ་པ་དྲུག་ཡོད། དེ་ལས་སྔོན་གྱི་རིམ་པ་གསུམ་ནི་སྦྱོར་བའམ་སྔོན་འགྲོའི་རིམ་པ(ཕལ་ཆེར་སྐར་མ1ཡས་མས)དང་། རྗེས་ཀྱི་རིམ་པ་གསུམ་ནི་དངོས་ཀྱི་རིམ་པའམ་རིམ་པ་གཙོ་བོ(ཕལ་ཆེར་སྐར་མ44ཡས་མས)ཡིན། གཤམ་དུ་དེའི་ལག་ལེན་བྱེད་ཐབས་ཀྱི་སྤྱི་འགྲོས་འཆད་པར་བྱ།
(དང་པོ)འཁྲིད་བྱའི་ཁ་བྱང་འབྲི་བ།
        ཚིག་རེ་གཉིས་ཀྱིས་གླེང་སློང་བཞིན་ཁ་བྱང་འབྲི་བའམ། ཡང་ན་ཐད་ཀར་ཁ་བྱང་འབྲི་བ།
ལག་ལེན་བྱེད་ཐབས་གཙོ་བོ།
        ① སྐད་གསལ་ཞིང་གདངས་མཐོ་ལ། འགྲོས་དལ་བ།
        ②སྐབས་བབ་བརྗོད་བྱ་ལ་ཤར་གྱིས་འཇུག་ཅིང། བརྗོད་བྱ་དང་འབྲེལ་མེད་ཉོག་བཤད་མེད་པ།
        ③སྤྱིར་བཏང་ཁ་བྱང་ནི་ནག་པང་གི་དབུས་གོང་དུ་འབྲི་དགོས་ལ། ཡི་གེའི་འབྲི་རིམ་མ་ནོར་ཞིང་ཆེ་ཆུང་ཚད་རན་ལ། མགོ་རྐང་འགྲིག་ཅིང་མཉམ་དགོས། ཡིག་འབྲུ་ཆེ་དྲགས་པའམ་ཆུང་དྲགས་མི་རུང་ལ། རྒྱུགས་བྲིས་བྱེད་ཀྱང་མི་རུང་།
        ④བརྙན་ཡོལ་དུ་འཁྲིད་བྱའི་ཁ་བྱང་འཆར་བར་བྱེད་ཅིང་། དེར་རི་མོ་བཀྲག་མདངས་ཆེ་བ་སྦྱོར་མི་རུང་ལ་སྒྲ་དབྱངས་ཀྱང་བསྡེབ་མི་རུང་།
(གཉིས་པ)དམིགས་ཚད་འཇོག་པ།
        སློབ་སྦྱོང་གི་དམིགས་ཚད་ཅེས་པ་ནི་ཚོགས་ཐུན་གཅིག་གི་སློབ་ཁྲིད་དུ་སློབ་མར་འཐོབ་དགོས་པའི་འབྲས་བུའམ་སློབ་མར་སླེབ་དགོས་པའི་ཚད་གཞི་ལ་ཟེར་བ་ཡིན། དམིགས་ཚད་ནི་ཚོགས་ཐུན་དེའི་མཐར་ཐུག་གི་གཞོལ་བྱ་ཡིན་པས། ཚོགས་ཐུན་བྱེད་སྒོའི་ཐོག་མཐའ་བར་གསུམ་དུ་དམིགས་ཚད་ལ་གཟས་ནས་སློབ་ཁྲིད་བྱ་དགོས། གལ་སྲིད་ཚོགས་ཐུན་གཅིག་ལ་སློབ་སྦྱོང་གི་དམིགས་ཚད་གསལ་ཐག་ཆོད་ཅིག་མེད་ན། ཚོགས་ཐུན་དེར་ལས་ཆོད་ཆེ་ཆུང་དང་གྲུབ་འབྲས་བཟང་ངན་གྱི་དབྱེ་བ་འབྱེད་དཀའ་བར་འགྱུར།
ལག་ལེན་བྱེད་ཐབས་གཙོ་བོ།
        ①དམིགས་ཚད་བཞག་པ་དག་མོ་ཡིན་དགོས། གནས་ཚུལ་དངོས་ལ་གཞིགས་ཏེ་དམིགས་ཚད་ཀྱི་རྒྱས་ཚད་དང་ཟབ་ཚད་དེ་སློབ་དེབ་དང་བསླབ་ཚན་ཚད་གཞིའི་ཚད་དང་གཅིག་མཐུན་ཡོང་དགོས། ཚད་གཞི་གང་འདོད་ཀྱིས་མཐོ་བ་དང་དམའ་བར་གཏོང་མི་རུང་སྟེ། དཔེར་ན“སྤྱོད་ཤེས་དགོས”པའི(ཚོགས་ཐོག་ཏུ་བེད་སྤྱད་དེ་ནུས་པར་ཆགས་པ)ཤེས་བྱ་དེ་རང་འདོད་ཀྱིས“ཤེས་དགོས”པའི་ཚད་དུ་མར་འབེབས་པ་དང།“ཤེས་དགོས་པ”དང“རྒྱུས་ལོན”དགོས་པའི་ཤེས་བྱ་དེ་རང་འདོད་ཀྱིས“བེད་སྤྱོད”ཀྱི་ཚད་དུ་ཡར་སྤོར་བ་ལྟ་བུའོ། ། དམིགས་ཚད་དང་འཛོལ་མི་རུང་ལ་དམིགས་ཚད་ནོར་ཡང་མི་རུང་། སྐད་ཡིག་ནི་བསམ་བློ་ཀུན་སྤྱོད་དང་སྐྱེ་དངོས་ཀྱི་རྒྱུན་ཤེས་སུ་འཁྲིད་མི་རུང་ལ། བསམ་བློའི་ཆབ་སྲིད་ནི་སྐད་ཡིག་ཏུ་འཁྲིད་ཀྱང་མི་རུང་།
        ②དམིགས་ཚད་བརྗོད་པ་གསལ་བོ་ཡིན་དགོས། དམིགས་ཚད་བརྗོད་པ་ཞིབ་ཆ་ལྡན་ཞིང་ཚིག་ཉུང་ལ་དོན་གསལ་བ་དང་། གོ་སླ་པོ། སློབ་མས་མཐོང་མ་ཐག་ཤེས་པར་འགྱུར་བ་ཞིག་ཡིན་དགོས། དམིགས་ཚད་བམ་བཤད་དམ་རགས་པ་ཆེ་ལོང་དུ་བརྗོད་མི་རུང་ལ། ནང་དོན་མང་ཐལ་ཡང་མི་རུང་།
        ③དམིགས་ཚད་སྟོན་ཚུལ་འཚམ་པོ་ཡིན་དགོས། སྤྱིར་བཏང་དུ་གྲིབ་འཕྲོའམ་ནག་པང་ཆུང་ངུར་བྲིས་ནས་སྟོན་དགོས་ལ། ཡི་གེ་བྲིས་ལེགས་ཤིང་ཆེ་ཆུང་རན་པོར་བྲིས་ནས་གྲལ་མཇུག་གི་སློབ་མས་གསལ་བོར་མཐོང་བར་བྱ་དགོས། ཡིག་གཟུགས་ཆུང་དྲགས་མི་རུང་ལ་རི་མོའི་ཚོན་མདོག་གི་བཀྲག་མདངས་ཆེ་མི་རུང་།
ལན་རེར་མ་བྲིས་པར་ངག་ལམ་ནས་བཤད་ཆོག་ཀྱང་། ཅིས་ཀྱང་སློབ་མ་སོ་སོས་གསལ་བོར་ཐོས་པ་དང་ཡིད་ལ་འཛིན་བདེ་བ་ཞིག་ཡིན་དགོས།
        ④དམིགས་ཚད་སྟོན་པའི་དུས་ཚོད་རན་པོ་ཡིན་དགོས། སློབ་མས་བཀླགས་ཚར་རྗེས་ད་དུང་བསམ་བློ་གཏོང་ཁོམ་ཡོད་དགོས་པ་ལས། གྲིབ་འཕྲོའི་དམིགས་ཚད་ཀྱི་སྣང་བརྙན་མྱུར་དུ་གཞན་དུ་བརྗེ་མི་རུང་།
        ⑤ དམིགས་ཚད་རྟོགས་བྱེད་ཐབས་མཁས་པོ་ཡིན་དགོས། དམིགས་ཚད་སྟོན་སྐབས། དགེ་རྒན་གྱིས་ཡིད་ཀྱི་འགྱུར་བར་བརྟེན་ནས་སློབ་མས་དམིགས་ཚད་ཀྱི་རེ་འདུན་རྟོགས་པར་ཐབས་ཀྱིས་འཁྲིད་ཅིང། དམིགས་ཚད་བསྟན་རྗེས་དགེ་རྒན་གྱིས་སློབ་མས་ཚོགས་ཐུན་འདིའི་དམིགས་ཚད་འགྲུབ་པར་སྐུལ་མ་གཏོང་དགོས། དགེ་རྒན་གྱིས་དགོས་མེད་ལས་ཀ་ལས་མི་རུང་ལ། སྤྲོས་བཤད་དམ་འབྲེལ་མེད་ཁ་བརྡ་བྱེད་ཀྱང་མི་རུང་།
        ⑥དམིགས་ཚད་ཀྱི་བསྟན་བྱ་ཤེས་བྱ་དང་ནུས་པ་ཡིན་དགོས། རིག་གནས་ཚོགས་ཐུན་གྱི་དམིགས་ཚད་གཙོ་བོ་ནི་ཤེས་བྱ་རྟོགས་པ་དང་ནུས་པར་སྐྱེད་གདོན་རྒྱུ་དེ་ཡིན་ལ། དེ་མིན་ཡིད་འགྱུར་དང་རིན་ཐང་ལྟ་བ་སོགས་སློབ་སྦྱོང་གི་དམིགས་ཚད་ནི་དགེ་རྒན་རང་གིས་ཚོད་བཟུང་ནས། དགེ་རྒན་གྱི་ཕྱི་ཚུགས་དང་ཡིད་འགྱུར། ཉམས་འགྱུར། སློབ་ཁྲིད་སྒྱུ་རྩལ། ཐ་ན་དགེ་རྒན་རང་གི་བྱ་བྱེད་རེ་རེ་དང་བཅས་སློབ་ཁྲིད་ལ་སིམ་དགོས་པ་ལས། དེ་སློབ་མར་བསྟན་བྱའི་དམིགས་ཚད་དུ་འབྲི་མི་རུང་བ་ཤེས་པར་བྱའོ། །
        ⑦དགེ་རྒན་ལ་དམིགས་ཚད་ཀྱི་འདུ་ཤེས་དྲག་པོ་ཡོད་དགོས། སློབ་སྦྱོང་གི་དམིགས་ཚད་གཞིར་བྱས་ཏེ། དམིགས་ཚད་དེ་རིམ་པ་སོ་སོའི་ཐོག་ལ་ཕབ་ནས། དུས་ནམ་ཡང་དམིགས་ཚད་ཀྱི་ཚད་གཞིས་སློབ་མའི་སློབ་སྦྱོང་གི་ལས་གྲུབ་ཡོད་མེད་ལ་བརྟག་དགོས།
(གསུམ་པ)རང་སྦྱོང་མཛུབ་སྟོན།
        སློབ་མའི་རང་སྦྱོང་ལ་དགེ་རྒན་གྱིས་མཛུབ་སྟོན་གནད་དུ་སྨིན་པ་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན། དམིགས་ཚད་བཞག་རྗེས་དགེ་རྒན་གྱིས་སློབ་མས་རང་སྦྱོང་བྱེད་པར་མཛུབ་སྟོན་བྱ་དགོས་ལ། རང་སྦྱོང་མཛུབ་སྟོན་ནི་རྒྱུན་པར་བརྙན་ཡོལ་དུ་སྟོན་པ་རེད། རང་སྦྱོང་མཛུབ་སྟོན་ནི་ངེས་པར་དུ་གསལ་པོ་དང་ཞིབ་མོ་ཡིན་དགོས། དེ་ལྟར་ཡིན་ན་སློབ་མས་རང་སྦྱོང་བྱེད་པའི་སྐབས་སུ་སེམས་སུ་དམིགས་འབེན་གསལ་པོ་ཞིག་ཡོད་པས། སློབ་སྦྱོང་གི་ཆོད་ཇེ་ཆེར་འགྲོ་བ་རེད། དགེ་རྒན་གྱིས་སློབ་མའི་སེམས་སུ་རང་སྦྱོང་གི་སྦྱང་བྱ། སྦྱོང་ཐབས། སྦྱོང་ཡུན། སྦྱོང་ཚད(རང་སྦྱོང་བྱས་རྗེས་རྒྱུགས་ལེན་ཚུལ)བཞི་བོ་ངེས་སུ་འཇུག་དགོས། རང་སྦྱོང་ཡང་དམག་འཁྲུག་ལ་སྟ་གོན་བྱེད་པ་དང་འདྲ་བར། རྒྱུགས་སྤྲོད་དགོས་ཚེ། སློབ་མས་རིག་པ་བསྒྲིམས་ནས་བསམ་གཞིག་བྱེད་ཅིང་། རང་སྦྱོང་གི་ལས་ཆོད་ཆེ་རུ་འགྲོ་ཞིང་རང་སྦྱོང་བྱེད་ཐབས་ཤེས་པར་འགྱུར་བ་དང་། རང་སྦྱོང་གི་ནུས་པར་ཡང་ཡར་སྐྱེད་འོང་བ་རེད།
ལག་ལེན་བྱེད་ཐབས་གཙོ་བོ།
        ①སྦྱང་བྱ། སློབ་དེབ་ཏུ་སྦྱངས་ཟིན་པའི་ཤེས་བྱ་རྙིང་པ་མང་པོ་ཡོད་པ་དང་ཤེས་བྱ་གསར་པ་ཉུང་ཉུང་ཡིན་ཕྱིན། སློབ་མས་ཤེས་བྱ་གསར་པར་ལྟ་བར་མཛུབ་སྟོན་བྱེད་པ་དང་། ཤེས་བྱ་གསར་རྙིང་གཉིས་ཀྱི་འབྲེལ་མཚམས་གཙོ་གནད་དུ་བཟུང་ནས་བལྟ་དགོས། དཔེར་ན་མཉམ་བྱ་བསྒྲིགས་ནས་བེད་སྤྱོད་རྩིས་གཞི་བརྩི་བའི་ཚེ། བེད་སྤྱོད་རྩིས་གཞི་དེའི་མཉམ་བྱ་སྒྲིག་ཚུལ་ནི་གནད་དུ་བཟུང་ནས་བལྟ་རུ་འཇུག་པ་ལས། མཉམ་བྱ་འགྲོལ་ཐབས་སྔར་སྦྱངས་ཟིན་པས་དེར་བལྟ་རུ་འཇུག་པའི་དགོས་པ་མེད། གལ་ཏེ་སློབ་དེབ་ནང་དོན་སྣ་གཅིག་ཡིན་ན་རང་སྦྱོང་ཐེངས་གཅིག་གིས་ཚར་དགོས་པ་དང་། སློབ་དེབ་ཀྱི་ནང་དོན་མང་ན་ཐེངས་འགར་བགོས་ནས་རང་སྦྱོང་བྱེད་ཆོག་པ་མ་ཟད། སྦྱོང་ཐེངས་སོ་སོའི་སྔོན་ལ་སྦྱང་བྱའི་ནང་དོན་གསལ་བོར་བཤད་དགོས།
        ②སྦྱོང་ཐབས། དཔེར་ན་དཔེ་ཆར་ལྟ་སྐབས། དཔེ་ཆར་ལྟ་ཞོར་དུ་ལག་ལེན་བྱའམ་ཡང་ན་དཔེ་ཆར་ལྟ་ཞོར་དུ་གྲལ་མཚེས་ལ་བགྲོ་གླེང་བྱ་བ་ལྟ་བུ་ལ། ཇི་ལྟར་བཟང་ན་དེ་ལྟར་བྱེད་ཆོག སྤྱིར་བཏང་དུ་སློབ་མར་རང་རྐྱ་འཕེར་བས་དཔེ་ཆ་ལྟ་བ་དང་བསམ་གཞིག་བྱེད་འཇུག་པའམ། ཡང་ན་ཀློག་ཞོར་དང་བསམ་ཞོར་ཡིད་ལ་འཛིན་ཞོར་བཅས་བྱས་ནས། རིག་པ་སྒྲིམ་བཞིན་སློབ་སྦྱོང་བྱེད་དུ་འཇུག་དགོས། དོགས་སློང་བྱེད་ཆོག་ཀྱང་སྐད་དམའ་མོས་གྲལ་མཚེས་ལ་འདྲི་བའམ་ལག་པ་བཀྱགས་ནས་དགེ་རྒན་ལ་འདྲི་བ་ལས། ལྟ་ཞོར་དང་བགྲོ་གླེང་བྱེད་ཞོར་བྱ་མི་རུང་།
        ③སྦྱོང་ཡུན། དུས་ཡུན་རིང་ཐུང་ནི་ཚད་རན་ཞིང་གནས་ཚུལ་ལ་བསྟུན་དགོས། དེའི་རྒྱུ་མཚན་གང་ཡིན་ཞེ་ན། དཔེ་ཆར་བལྟ་བ་ནི་སྦྱོང་བརྡར་དང་། དག་བཅོས། བགྲོ་གླེང་། ཚོགས་ཐོག་ཏུ་ལས་བྱ་འགྲུབ་པའི་སྔོན་འགྲོ་ཡིན་པས། དཔེ་ཆར་བལྟས་པ་ངེས་པར་དུ་དོན་ཡོད་ཡིན་དགོས། སློབ་མར་རིག་པ་བསྒྲིམས་ནས་རང་སྦྱོང་གི་ལས་འགན་མྱུར་དུ་འགྲུབ་འཇུག་དགོས་པར་མ་ཟད། སློབ་མར་ནན་ཏན་གྱིས་དཔེར་ཆར་ལྟ་བཞིན་བསམ་གཞིག་ཀྱང་བྱེད་དུ་འཇུག་པའི་ཁོམ་པ་ཡོད་དགོས། སྦྱོང་ཡུན་རིང་དྲགས་ན་སློབ་མའི་སློབ་སྦྱོང་དེ་ནར་འགྱངས་སུ་འགྲོ་བ་དང་། དུས་ཡུན་ཐུང་དྲགས་ན་སློབ་མས་ནན་ཏན་གྱིས་དཔེ་ཆར་བལྟ་མི་ཐུབ་ཅིང། བལྟས་ཀྱང་བསམ་བློ་གཏོང་ཁོམ་མེད་པས་རང་སྦྱོང་ནི་ཕྱིའི་རྣམ་པ་ཙམ་དུ་འགྱུར་བས། ཚུལ་འདི་གཉིས་ཀ་སྤང་བྱའོ། །
        ④སྦྱོང་ཚད། སློབ་མར་རྒྱུགས་ཇི་ལྟར་ལེན་ཚུལ་བཤད་པ་སྟེ། དཔེར་ན་སྐར་མ8ཀྱི་རྗེས་སུ། སློབ་དེབ་ཀྱི་ཁ་བསུམས་ནས་སུས་དྲི་བར་ལན་ཡང་དག་འདེབས་ཐུབ་པར་བལྟ་དགོས་ཞེས་པ་ལྟ་བུར། རང་སྦྱོང་ནི་རྒྱུགས་མ་བླངས་པའི་སྔོན་གྱི་རྒྱུགས་ཀྱི་སྟ་གོན་དུ་སོང་བས། སློབ་མས་དཔེ་ཆར་ལྟ་དུས་ངེས་པར་དུ་རིག་པ་བསྒྲིམས་ནས་བསམ་གཞིག་བྱེད་པ་རེད།
        ⑤དགེ་རྒན་གྱིས་སློབ་མར་དོ་ཁུར་དང་ཡིད་ཆེས་བྱེད་པའི་ཉམས་འགྱུར་སྟོན་དགོས། རང་སྦྱོང་མཛུབ་སྟོན་བསྟན་རྗེས། དགེ་རྒན་གྱིས་སློབ་མ་ལ“ད་རང་སྦྱོང་འགྲན་སྡུར་གྱི་མགོ་འཛིན་རྒྱུ་ཡིན”ཟེར་ནས། སློབ་མ་རྣམས་དགའ་ཞིང་སྤྲོ་བས་རང་སྦྱོང་བྱེད་དུ་འཇུག་དགོས། འདིར་དགེ་རྒན་གྱི་སྐད་ཆ་ཚིག་ཉུང་ལ་འབྲེལ་མེད་ལས་ཀ་ལས་མི་རུང་ཞིང་ལབ་གླེང་བྱ་མི་རུང་བ་དང་། སློབ་མས་ཀྱང་འབྲེལ་མེད་རོལ་དབྱངས་ལ་ཉན་མི་རུང་བ་དང་གློག་བརྙན་ལ་བལྟ་མི་རུང་བ་ཤེས་པར་བྱའོ། །
        ⑥རང་སྦྱོང་མཛུབ་སྟོན་གྱི་ཇུས་ཞིབ་མོ་འཐེན་དགོས། རིག་ཚན་མ་འདྲ་ན་དགེ་རྒན་གྱི་རང་སྦྱོང་མཛུབ་སྟོན་བྱེད་ཐབས་ཀྱང་མི་འདྲ་སྟེ། དཔེར་ན་བསམ་བློ་ཀུན་སྤྱོད། ལོ་རྒྱུས། ས་ཁམས། སྐྱེ་དངོས་སོགས་རྒྱུན་ཤེས་བསླབ་ཚན་གྱི་སློབ་ཁྲིད་ལ། དགེ་རྒན་གྱིས“བསམ་གཞིག་དྲི་གཞི”བཏོན་ནས་རང་སྦྱོང་ལ་མཛུབ་སྟོན་བྱ་དགོས།“བསམ་གཞིག་དྲི་གཞི”ནི་ཚོགས་ཐུན་གཅིག་གི་དགེ་སློབ་བར་གྱི་འཁྲིད་པ་དང་སྦྱོང་བའི“ལམ་རྟགས”ལྟ་བུ་ཡིན།“ལམ་རྟགས”དེ་ལ་བརྟེན་ནས་སློབ་མར་སློབ་སྦྱོང་དང་བགྲོ་གླེང་། དོགས་གནད་འགྲོལ་བར་མཛུབ་སྟོན་བྱས་ནས་སློབ་ཁྲིད་འགན་འཁུར་འགྲུབ་པར་བྱས་ན། སྦྱངས་པ་གོ་རིམ་གསལ་ཞིང་སྙིང་བོ་འབུར་དུ་ཐོན་པས་སློབ་ཁྲིད་གྲུབ་འབྲས་ཡག་པོ་ཡོང་བ་རེད།
སྔོན་འགྲོའི་རིམ་པ་ལ། དངོས་སུ་ལག་ལེན་བྱེད་པའི་དུས་ཚོད་སྐར་མ་གཅིག་ལྷག་ལས་མེད་པས། དགེ་རྒན་གྱིས་གཙོ་བོར་ཚོགས་ཐུན་སྔོན་དུ་རྩལ་བཏོན་ནས་རང་སྦྱོང་མཛུབ་སྟོན་ཇུས་འགོད་བྱ་དགོས།
(བཞི་པ)ལྟ།
        “ལྟ”ནི་ལྟ་བ་སྟེ་མ་འཁྲིད་པའི་སྔོན་ལ་སློབ་མས་དཔེ་ཆར་ལྟ་བའོ། །
        “ལྟ་བ”ནི་བཀོད་སྒྲིག་ཅི་ཡང་མེད་པར་དཔེ་ཆར་གང་བྱུང་དུ་ལྟ་བའམ། ལྟ་བ་རྐྱང་རྐྱང་ཙམ་མ་ཡིན་པར། དེ་ནི་དགེ་རྒན་གྱིས་སློབ་སྦྱོང་གི་དམིགས་ཚད་ཚིག་ཉུང་དོན་གསལ་ཞིག་བཏོན་རྗེས། སློབ་མས་སློབ་སྦྱོང་གི་དམིགས་ཚད་སེམས་ལ་ངེས་ཤིང་སྦྱོང་ཐབས་ཡང་དག་པ་ཤེས་པར་བྱས་ཏེ། བསམ་གཞིག་དྲི་གཞི་ལ་དམིགས་ནས་དུས་བཅད་ལྟར་འབྲེལ་ཡོད་སྦྱང་བྱ་རང་སྦྱོང་བྱེད་པ་དང་། རྒྱུགས་ཀྱི་རང་བཞིན་ཅན་གྱི་སྦྱོང་བརྡར་འགྲུབ་པར་བྱེད་པ་ཞིག་ཡིན། རང་སྦྱོང་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོད་པ་དཔེར་ན་དཔེར་བརྗོད་ལ་ལྟ་བ། སློབ་ཚན་ཀློག་པ། མཆན་ལ་ལྟ་བ། དངོས་བཤེར་སྒྲུབ་པ། དོགས་གཞི་དང་དཀའ་གནད་ལ་རྟགས་རྒྱག་པ། དཔེར་བརྗོད་དང་རིགས་འདྲ་བའི་དྲི་གཞིར་ལན་འདེབས་པ་སོགས་ཅི་རིགས་ཡོད་དོ། །
        “ལྟ་བའི”རིམ་པ་ལ་སློབ་མས་དཔེ་ཆར་ལྟ་བ་དང་། རང་སྦྱོང་གི་སྦྱངས་འབྲས་ལ་རྒྱུགས་ལེན་པའི་རིམ་པ་ཆུང་ཆུང་གཉིས་ཡོད།
1.དཔེ་ཆར་ལྟ་བ།
        “དཔེ་ཆར་ལྟ་བ”ཞེས་པ་ནི“ཁ་བྱང་འབྲི་བ”དང“དམིགས་ཚད་སྟོན་པ”དང“རང་སྦྱོང་མཛུབ་སྟོན”དག་སྔོན་འགྲོའི་རིམ་པ་སོང་རྗེས་སུ། སློབ་མས་རང་སྦྱོང་མཛུབ་སྟོན་ལྟར་སློབ་དེབ་ནན་གྱིས་ཀློག་ཅིང་བསམ་གཞིག་བྱེད་པའམ་ལག་ལེན་བྱས་ཏེ་རྒྱུགས་ལེན་པར་སྟ་གོན་བྱེད་པ་ལ་ཟེར། འདིར་དགེ་རྒན་གྱིས་སློབ་དེབ་ཀྱི་ཤེས་བྱ་འཆད་ཁྲིད་མ་བྱས་པར། དེའི་ཚབ་ཏུ་སློབ་མས་རིག་པ་བསྒྲིམས་ནས་དཔེ་བལྟས་བྱས་པ་ཡིན་ནོ། །
ལག་ལེན་བྱེད་ཐབས་གཙོ་བོ།
        ①དགེ་རྒན་གྱིས་སློབ་མ་ཡོངས་ལ་དོ་སྣང་བྱ་དགོས། སློབ་མས་དཔེ་ཆར་ལྟ་དུས་དགེ་རྒན་གྱིས་སྐོར་ལྟ་བྱ་དགོས(དགེ་རྒན་འཁྲིད་སྟེགས་སུ་ལངས་ཏེ་སློབ་མ་སོ་སོར་ལྟ་བ་དང་། དགོས་དབང་བྱུང་ན་མར་སོང་ནས་སྐོར་ལྟ་བྱེད་པ)། ནན་ཏན་གྱིས་རང་སྦྱོང་བྱེད་པའི་སློབ་མ་དག་ལ་དགེ་རྒན་གྱིས་བློར་བབས་པའི་ཉམས་སྟོན་པ་དང་། ནན་ཏན་མ་ཡིན་པའི་སློབ་མ་དག་ལ་རེ་རེ་བཞིན་སྣེ་སྟོན་བྱེད་ཞོར་སྐད་ཆུང་ངུས་ལམ་དུ་བཅུག་ནས་དགའ་བས་རང་སྦྱོང་བྱེད་དུ་འཇུག་ཅིང། སློབ་མས་སེམས་རྩེ་གཅིག་གིས་དཔེ་ཀློག་དང་བསམ་གཞིག་བྱེད་པའི་རྣམ་པ་ཆགས་པར་བྱ་དགོས། དགེ་རྒན་གྱིས་འབྲེལ་མེད་ཀྱི་ལས་མི་སྒྲུབ་པ་དང་ལབ་གླེང་བྱེད་མི་རུང་ལ། ཕར་འགྲོ་ཚུར་འོང་མང་དུ་བྱེད་མི་རུང། ནག་པང་ལ་ཡི་གེ་འབྲི་མི་རུང་ལ། ཁ་གཡེང་མིག་གཡེང་ཡང་བྱེད་མི་རུང་། སློབ་ཁང་ཕྱི་རོལ་ཏུ་དེ་བས་ཀྱང་འགྲོ་མི་རུང། དེ་ལྟར་བྱེད་དོན་ནི་སློབ་མས་རྣམ་གཡེང་མི་བྱེད་པའི་ཆེད་དུ་ཡིན་ནོ། །
        ②དཔེ་ཆར་ལྟ་བའི་དུས་ཚོད་ལ་ཚོད་འཛིན་བྱེད་པ། སློབ་མས་དུས་བཅད་ལྟར་དུ་དཔེ་ཆར་བལྟས་ནས་ཚར་དགོས་པ་ལས། དུས་ཡུན་འགོར་འགྱངས་སུ་གཏོང་མི་རུང་། དེ་ནི་སློབ་མས་རིག་པ་བསྒྲིམས་ནས་དཔེ་ཆར་ལྟ་བ་དང་། སྐབས་བབ་བྱ་བ་དང་དུ་བླངས་ནས་མྱུར་དུ་སྒྲུབ་པའི་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱེད་པའི་ཆེད་དུ་ཡིན། གལ་ཏེ་བལྟ་བྱའི་ནང་དོན་མང་བའི་དབང་གིས་སློབ་མ་མང་ཆེ་བས་ད་དུང་བལྟས་ཚར་མེད་ན་དུས་ཚོད་ཅུང་ཙམ་རིང་དུ་གཏང་ཆོག གལ་ཏེ་སློབ་མ་ཚང་མས་བལྟས་ཚར་ཡོད་ན་སྔ་སྣུར་གྱིས་མཇུག་རྫོགས་ཆོག
2.རྒྱུགས་ལེན་པ།(སློབ་མས་དཔེ་ཆ་བཀླགས་པའི་འབྲས་བུར་བརྟག་པ)
        དྲི་བ་འདོན་པ། པང་ཡིག་འབྲི་བ། ཡིག་ཐོག་སྦྱོང་བརྡར་བྱེད་པ་སོགས་ལ་བརྟེན་ནས་སློབ་མས་རང་སྦྱོང་བྱས་པའི་འབྲས་བུར་ཡིག་ཚད་བླངས་ནས་བརྟག་དགོས།
ལག་ལེན་བྱེད་ཐབས་གཙོ་བོ།
        ①རྒྱུགས་ལེན་སྟངས་ལ་ངག་ཐོག་དྲི་བ་དང་ཡིག་ཐོག་སྦྱོང་བརྡར་རིགས་གཉིས་ཡོད། རིག་ཚན་ལ་ངག་ཐོག་དྲི་བ་གཙོ་བོ་དང་ཡིག་ཐོག་སྦྱོང་བརྡར་ཕལ་བར་འཛིན་ཅིང་། སློབ་མའི་ཤེས་རྟོགས་ཀྱི་ནུས་པ་དང་བཤད་པའི་ནུས་པ་ལ་རྒྱུས་ལེན་པ་དང་སྐྱེད་སྲིང་བྱ་རྒྱུ་གཙོ་བོ་ཡིན། ཆ་རྐྱེན་འཛོམས་ན་ཡིག་ཐོག་ནས་སྦྱོང་བ་བྱས་ཏེ། སློབ་མའི་བློར་ཟིན་པར་བྱེད་པ་མ་ཟད་བློར་ཡང་འབྲི་ཤེས་པར་བྱ་དགོས།
        ②རྩིས་ཚན་ལ་པང་ཡིག་འབྲི་བ་དང་ཡིག་ཐོག་སྦྱོང་བརྡར་གཙོ་བོ་དང་། ངག་ཐོག་དྲི་བ་ཕལ་བར་འཛིན་ཅིང་། སློབ་མའི་ལག་ལེན་གྱི་བེད་སྤྱོད་ནུས་པ་ལ་རྒྱུས་ལེན་པ་དང་སྐྱེད་སྲིང་བྱ་རྒྱུ་གཙོ་བོ་ཡིན། སློབ་མས་པང་འབྲི་བྱེད་སྐབས། དགེ་རྒན་གྱིས་སློབ་མ་ལ་ཤེས་བྱ་གསར་པ་ཡང་དག་པོར་སྤྱོད་པ། འབྲི་སྟངས་འགྲིག་པ། གོ་རིམ་མ་ནོར་བ། བྲིས་མཉམ་ཞིང་ལེགས་པ་བཅས་ཡོང་བ་ལ་དོ་སྣང་བྱ་དགོས་པའི་གསལ་འདེབས་བྱ་དགོས།
        ③སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་བརྟགས་ནས་གནད་དོན་རྙེད་རྒྱུ་དེ་རྒྱུགས་ལེན་པའི་དམིགས་ཡུལ་ཡིན་པས། གང་ཐུབ་ཅི་ཐུབ་ཀྱིས་སློབ་མ་རྗེས་ལུས་དག་ལ་པང་འབྲི་སྦྱོང་བརྡར་དང་དྲི་བར་ལན་འདེབས་པར་བསྐུལ་ཏེ། རང་སྦྱོང་བྱས་རྗེས་སུ་དོགས་གཞི་དང་དཀའ་གནད་ཡོད་པ་དག་ཕྱིར་འབྱིན་ཅི་ཐུབ་བྱ་དགོས། པང་ཡིག་འབྲི་ཐེངས་ཀུན་ལ་སློབ་མ་ཆེས་མཐའ་མ་དེས་འབྲི་དགོས་པ་མིན། དེ་ལྟར་བྱས་ན་རྗེས་འཇུག་སློབ་མ་གཞན་པར་འཚབ་སྣང་མེད་པར་འགྱུར།
        ④སློབ་མ་འཁྲིད་སྟེགས་སུ་འོངས་ནས་པང་འབྲི་བྱེད་དུས། ནག་པང་ཆུང་ཆུང་དུ་འབྲི་དགོས་ཤིང་། ནག་པང་གི་རྒྱབ་ནི་འོག་གི་སློབ་མར་གཏད་དེ། པང་འབྲི་བྱེད་མཁན་ཙོག་པུར་བསྡད་ནས་འབྲི་ཞིང་། བྲིས་ཚར་བ་དང་ཡར་འཇོག་དགོས། དེ་ལྟར་བྱེད་དོན་ནི་སློབ་གྲོགས་གཞན་པས་བཤུ་འབྲི་མི་བྱ་བའི་ཆེད་ཡིན།
        ⑤ དགེ་རྒན་གྱིས་སྐོར་ལྟ་བྱེད་དུས། སློབ་མའི་ནོར་འཆུག་འཚོལ་སྡུད་བྱས་ཏེ་རིགས་དབྱེ་དགོས། ཤེས་བྱ་གསར་པའི་སྐོར་གྱི་ནོར་འཆུག་ཡིན་ན་དེ་ནི་གཙོ་བོ་ཡིན་ལ། ཤེས་བྱ་རྙིང་བ་བརྗེད་པའམ་ཡང་ན་མཉམ་མ་བཞག་པ་ལས་བྱུང་བའི་ནོར་འཆུག་ཡིན་ན་དེ་ནི་ཕལ་བ་ཡིན།“ཤེས་བྱ་གསར་པའི་སྐོར”གྱི་ནོར་འཆུག་རིགས་འབྱེད་གུང་སྒྲིག་བྱས་ནས། “འཁྲིད”པའི་རིམ་པ་ལ་འཁྲིད་བྱའི་ནང་དོན་གྲ་སྒྲིག་བྱ་དགོས། འདི་ནི་དོན་དུ་ཚོགས་སྔོན་དུ་བྲིས་པའི་འཁྲིད་ཇུས་ལ་བཟོ་བཅོས་བརྒྱབ་སྟེ། འཁྲིད་ཇུས་གཉིས་པ་འགོད་པའི་སྐབས་ཡིན།
        ⑥སློབ་མས་པང་འབྲི་སྦྱོང་བརྡར་བྱེད་སྐབས། དགེ་རྒན་གྱིས་སློབ་མ་རྗེས་ལུས་དག་ལ་ཟུར་ཁྲིད་བྱ་མི་རུང་། དེའི་རྒྱུ་མཚན་ནི་སློབ་མ་རྗེས་ལུས་རང་རྟོགས་ཀྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་སྐྱེད་སྲིང་བྱེད་པར་གནོད་སྐྱེལ་བར་འགྱུར་བས་སོ། ། འཛིན་གྲྭའི་སློབ་མ་ཡོངས་ཀྱིས་སོ་སོའི་ངོས་ནས་བསམ་གཞིག་དང་རིག་པ་བསྒྲིམས་ནས་སྦྱོང་བརྡར་བྱེད་པར་ཡང་གནོད་པ་ཡོད།
        “ལྟ”བའི་རིམ་པ་འདིར་སྐབས་འགར“དཔེ་ཆར་ལྟ་བ”དང“རྒྱུགས་ལེན་པ”ལ་དབྱེ་བའི་སོ་མཚམས་གསལ་པོ་མེད་པ་ཡོད་དེ། དཔེར་ན། སྐད་ཡིག་དང་དབྱིན་ཡིག་གི་ཚོགས་ཐུན་ལ། ཕྱོགས་གཅིག་ནས་སློབ་མའི་མིང་བོས་ནས་དཔེ་ཆ་ཀློག་ཏུ་འཇུག་པ་དང་མཉམ་དུ། སློབ་མ་གཞན་པས་དག་བཅོས་དང་བགྲོ་གླེང་བྱེད་པ་དང་། ཡང་མཚམས་རེར་དྲི་བ་འདོན་པ་དང་མཉམ་དུ་སློབ་གྲོགས་གཞན་པས་བགྲོ་གླེང་བྱེད་པའང་ཡོད་པ(ནོར་ས་དང་ནོར་བའི“རྒྱུ་མཚན”བཤད་པ)ལྟ་བུའོ། །
(ལྔ་པ)འཁྲིད།
        “འཁྲིད”ནི་འཁྲིད་པ་སྟེ“ལྟ”བའི་རྗེས་སུ་འཁྲིད་པའོ། ། དེ་ནི་དགེ་རྒན་གྱིས་འཁྲིད་པ་མ་ཡིན་པར། སློབ་མས་རང་སྦྱོང་བྱས་རྗེས་སུ་སློབ་མས་སློབ་མར་འཁྲིད་པའི་དོན་ཡིན། སློབ་མས་དག་བཅོས་དང་བགྲོ་གླེང་བྱས་ནས་རང་རང་གི་བསམ་ཚུལ་བཤད་པ་དང། སྐབས་བབ་སྦྱང་བྱ་ཤེས་པའི་སློབ་མས་ཤེས་མེད་པའི་སློབ་མར་འཁྲིད་དགོས། སློབ་མས་སློབ་མར་ཁྲིད་མཐར་དགེ་རྒན་གྱིས་ཁ་གསབ་དང་དག་བཅོས། རིགས་སྡུད་དང་སྤྱི་སྡོམ་བྱེད་རོགས་བྱས་ཏེ། སློབ་མས་ཤེས་བྱ་རྟོགས་ཚད་སྔར་བས་གཏིང་ཇེ་ཟབ་ཏུ་འགྲོ་བར་བྱས་ནས། མཐར་ཐུག་སྦྱངས་པའི་ཤེས་བྱ་ལ་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་ཀྱི་ནུས་པ་དང་གནད་དོན་ཐག་གཅོད་པའི་ནུས་པ་ཆགས་པར་བྱ་དགོས།
རིམ་པ་འདི་སློབ་མ་རྗེས་ལུས་ལ་ཆད་གསབ་པའི་ཐབས་ཤེས་ཡིན་ལ། སློབ་མ་རྩེ་གྲ་དག་ལ་སྐྱེད་འདོན་པའི་ཐབས་ཤེས་ཤིག་ཀྱང་ཡིན། འདིར་སློབ་མ་རྗེས་ལུས་ལ་རོགས་བྱས་ནས་རྨང་གཞིའི་གནད་དོན་ཐག་གཅོད་པས། རིམ་པ་འདི་དོན་དམ་པར་སློབ་མ་རྗེས་ལུས་ལ་གསབ་ཁྲིད་བྱེད་པའི་གནས་སྐབས་ཡིན། དེ་དང་ཆབས་ཅིག་ཏུ་སློབ་མ་རྩེ་གྲ་ཚོས་སློབ་མ་རྗེས་ལུས་དག་ལ་རོགས་བྱས་ཏེ། ནོར་བ་དག་བཅོས་བྱས་པས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་གྱུར་པས། སློབ་མ་རྩེ་གྲ་དག་གི་རྟོགས་ཚད་སྔར་བས་གཏིང་ཇེ་ཟབ་ཏུ་འགྱུར་ཞིང་ནུས་པར་སྐྱེད་ཐོན་ཏེ། མཉམ་ལས་ཀྱི་འདུ་ཤེས་ཀྱང་སྐྱེད་ཐུབ་པ་རེད།
        “འཁྲིད”པའི་རིམ་པ་ནི་ཚོགས་ཐུན་གཅིག་ལ་དགེ་རྒན་གྱི་ཡོན་ཚད་མངོན་པའི་རིམ་པ་ཡིན་ལ། ཆེས་དཀའ་བའི་རིམ་པ་ཡང་ཡིན། དགེ་རྒན་གྱིས་རྒྱུགས་ལེན་པ་དང་དག་བཅོས་བྱེད་པར་བརྟེན་ནས་སློབ་མའི་གནས་ཚུལ་ལ་རྒྱུས་ལེན་ཞིང་། དེ་གཞིར་བྱས་ནས་དེའི་རྗེས་སུ་རང་ཉིད་ཀྱིས་ཅི་ཞིག་འཁྲིད་པ(འཁྲིད་བྱ)དང་ཇི་ལྟར་འཁྲིད་པ(འཁྲིད་ཐབས)གཏན་ལ་དབབ་དགོས། དགེ་རྒན་གྱིས་ཚོགས་ཐུན་དུ་སློབ་མས་སྦྱངས་པའི་གནས་ཚུལ་ལ་བརྟེན་ནས་འཁྲིད་ཇུས་ཐེངས་གཉིས་པ་འགོད་པའི་རིམ་པ་འདི་ཧ་ཅང་གལ་ཆེན་ཞིག་ཡིན། དགེ་རྒན་གྱིས་ཚོགས་ཐུན་སྔོན་ལ་གྲ་སྒྲིག་བྱས་པའི་འཁྲིད་ཇུས་དེ་སློབ་མའི་སློབ་སྦྱོང་གི་གནས་ཚུལ་འགྱུར་བ་ལ་བསྟུན་ནས་བསྒྱུར་དགོས་པ་ཡོད། གནད་དོན་ཐག་བཅད་པ་གནད་དུ་ཁེལ་ན། དུས་ཚོད་བསྲི་ཐུབ་པར་མ་ཟད། བྱས་པ་དོན་ཡོད་ཡིན་ལ་གྲུབ་འབྲས་ཆེན་པོ་འཐོབ་ངེས་རེད།
        “འཁྲིད”པ་ལ་དག་བཅོས་དང་བགྲོ་གླེང་སྟེ་རིམ་པ་གཉིས་ཡོད།
1.དག་བཅོས།
        དག་བཅོས་ནི་སློབ་མ་འཁྲིད་སྟེགས་སུ་བོས་ནས་ནོར་བ་དག་བཅོས་བྱེད་པའམ། ཡང་ན་བརྙན་ཡོལ་དུ་བྱུང་བའི་ནོར་བ་དག་བཅོས་བྱེད་པའོ། ། དེ་ནི་སློབ་མའི་བར་གྱི་མཉམ་སྦྱོང་ཡིིན།
ལག་ལེན་བྱེད་ཐབས་གཙོ་བོ།
        ①སྦྱོང་བརྡར་བྱས་རྗེས་སུ། ནོར་འཁྲུལ་བྱུང་བའི་སློབ་མར་ལག་པ་འགྱོགས་སུ་འཇུག་དགོས། དེ་ལྟར་བྱས་ན་སློབ་མ་ཡོངས་ཀྱིས་ནོར་འཁྲུལ་ནན་ཏན་གྱིས་འཚོལ་བ་མ་ཟད། ཞོར་ལ་སློབ་མའི་གནས་ཚུལ་ཡང་རྒྱུས་ལེན་ཐུབ།
        ②ལག་པ་བཀྱགས་པའི་སློབ་མའི་གྲས་ལས། སློབ་མ་རྗེས་ལུས་དག་ལ་སྔོན་ལ་དག་བཅོས་བྱ་རུ་འཇུག་དགོས།
        ③ དག་བཅོས་བྱེད་དུས། སློབ་མ་ཐོག་མས་བྲིས་པ་མི་བསུབས་པར་མདོག་མི་འདྲ་བའི་སྙུ་གུས་བཅོས་ཤིང་ལན་མི་འདྲ་བ་འབྲི་དགོས།
        ④སློབ་མ་མང་ཙམ་ལ་དག་བཅོས་བྱེད་པའི་གོ་སྐབས་སྦྱིན་ཅི་ནུས་བྱ་དགོས། སློབ་མ་རྗེས་ལུས་ཀྱིས་དག་བཅོས་བྱས་པ་ནོར་བའམ་དག་བཅོས་བྱ་མ་ཐུབ་ན། རིམ་པ་བཞིན་དུ་སློབ་མ་འབྲིང་པོ་དང་བཟང་པོ་རྣམས་ལ་དག་བཅོས་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་སློབ་མ་ཡོངས་ཀྱིས་རིག་པ་བསྒྲིམས་ནས་བསམ་གཞིག་བྱེད་པར་ཕན་པ་ཆེ། སློབ་མ་བཟང་པོས་ཐོག་མར་དག་བཅོས་བྱེད་པའམ། སློབ་མ་རྗེས་ལུས་ཀྱིས་དག་བཅོས་བྱས་པ་ནོར་སོང་ན། དགེ་རྒན་གྱིས་ཐད་ཀར་རྒྱུ་མཚན་བཤད་དེ་དག་བཅོས་བྱ་གཏན་ནས་མི་རུང་བ་ཤེས་པར་བྱའོ། །
        ⑤སློབ་མས་བགྲོ་གླེང་བྱེད་སྐབས། དགེ་རྒན་ནི“མདོ་འཛིན་པ”བྱེད་ཅིང་རང་གི་བསམ་ཚུལ་ལམ་སང་བཤད་མི་རུང་། སློབ་མ་གཅིག་གིས་དག་བཅོས་བྱས་ཚར་སོང་ན་སློབ་མ་གཞན་ཞིག་བོས་ནས་དག་བཅོས་བྱེད་པ་ལས། སློབ་མ་གཅིག་གིས་དག་བཅོས་བྱས་མ་ཚར་གོང་སློབ་མ་གཞན་ཞིག་འོངས་ནས་དག་བཅོས་བྱ་མི་རུང་།
2.བགྲོ་གླེང་།
        འདི་ནི་དགེ་སློབ་བར་གྱི་མཉམ་སྦྱོང་ཡིན། གཙོ་བོར་གྲལ་མཚེས་གྲོས་སྡུར། ཚོ་ཆུང་གྲོས་སྡུར། དགེ་སློབ་གྲོས་སྡུར་ཏེ་རྣམ་པ་གསུམ་ཡོད།
ལག་ལེན་བྱེད་ཐབས་གཙོ་བོ།
        ①ཚང་མར་གང་བསམ་ལྷུག་པོར་བརྗོད་དུ་འཇུག་ཅི་ཐུབ་བྱེད་ཅིང་། དགོས་གལ་ཡོད་ན་རྩོད་གླེང་བྱས་ཀྱང་ཆོག སློབ་མ་གཅིག་གིས་ལན་བཏབ་མ་ཐག་དགེ་རྒན་གྱིས་དེ་འགྲིག་མི་འགྲིག་དང་འཚམ་མི་འཚམ་ལ་མི་ལྟ་བར་རང་གཅིག་པུས་ཆུ་བོ་འབབ་འབབ་ཏུ་བཤད་ན། སློབ་མས་བསམ་གཞིག་མི་བྱེད་པར་བགྲོ་གླེང་ནི་ཕྱིའི་རྣམ་པ་ཙམ་དུ་ལུས་ཏེ། ཚོགས་ཐུན་གྱི་རྣམ་པ་ཧུར་པོ་དེ་འཇོམས་ཤིང་འབྲས་བུ་མེད་པར་འགྱུར་བས། དགེ་རྒན་གྱིས་དེ་ལ་དོ་སྣང་བྱ་དགོས།
        ②ཕྱོགས་སྡོམ་བྱེད་སླ་བ་དང་བསྐྱར་ཟློས་མི་བྱེད་པའི་ཆེད་དུ། དྲི་གཞི་གཅིག་རེ་གཅིག་རེ་བཞིན་བགྲོ་གླེང་བྱ་དགོས།
        ③སློབ་མས་བགྲོ་གླེང་བྱེད་ཚེ། སློབ་མ་ཞིག་གིས་བཤད་པ་ནོར་སོང་ན་སློབ་མ་གཞན་པ་ཞིག་བོས་ནས་ལན་འདེབས་སུ་འཇུག་དགོས། གལ་ཏེ་ལན་བཏབ་པ་འགྲིག་ན་དགེ་རྒན་གྱིས་དེར་ཚིག་ཐག་གཅོད་པ་དང། དགོས་པ་ཡོད་ན་པང་ཡིག་འོས་འཚམ་བྲིས་ཀྱང་ཆོག་མོད། པང་ཡིག་དགོས་མེད་དུ་འབྲི་མི་རུང་ཞིང། པང་ཡིག་འབྲི་བའི་ཆེད་དུ་སློབ་མར་ཡང་འདྲི་བསྐྱར་འདྲི་བྱས་ན་དུས་ཚོད་ཆུད་ཟོས་སུ་གཏོང་བའི་རྒྱུ་ལས་མེད་པས་སྤང་བར་བྱའོ། ། གལ་ཏེ་དྲི་གཞི་གཅིག་ལ་འགྲོལ་ཐབས་འགའ་རེ་ཡོད་ན། དགེ་རྒན་གྱིས་སློབ་མ་སུས་བཏབ་པའི་ལན་ཆེས་བསྡུས་པོ་དང་ཚད་ལྡན་ཡིན་པ་བགྲོ་གླེང་བྱེད་དུ་བཅུག་སྟེ། སློབ་མའི་གནད་དོན་དབྱེ་ཞིབ་བྱེད་པའི་ནུས་པ་སྐྱེད་སྲིང་བྱ་དགོས།
        ④དགེ་རྒན་གྱིས་བཤད་དགོས་པ་དེ་ལེགས་པར་བཤད་ཐུབ་དགོས། འདི་ལ་ངེས་དགོས་པ་གསུམ་ཡོད།
        བཤད་བྱ་སེམས་ལ་ངེས་པ། དགེ་རྒན་གྱི་བཤད་བྱ་ནི་སློབ་མས་རང་སྦྱོང་བྱས་རྗེས་ཀྱང་ད་དུང་མི་ཤེས་པའི་སྦྱང་བྱ་སྟེ། རང་སྦྱོང་ལས་ཕྱིར་མངོན་པའི་དོགས་གནད་དང་དཀའ་གནད་དང་། སྦྱོང་བརྡར་ཁྲོད་ཀྱི་ནོར་འཆུག་དག་ཡིན། སློབ་མ་རང་གིས་རང་སྦྱོང་བྱས་ཏེ་ཤེས་ཟིན་པ་རྣམས་གཏན་ནས་བཤད་མི་རིགས། གལ་ཏེ་སློབ་མ་རྗེས་ལུས་ཀྱིས་ལན་བཏབ་པ་འགྲིག་ཡོད་ན་འཛིན་གྲྭ་ཡོངས་ཀྱིས་ཤེས་ཡོད་པའི་རྟགས་ཡིན་པས། དགེ་རྒན་གྱིས་སླར་བཤད་པའི་དགོས་པ་མེད། སློབ་མ་རྗེས་ལུས་ཀྱིས་ལན་བཏབ་པ་ནོར་ན་སློབ་མ་འབྲིང་གྲས་ནང་གི་རབ་དག་བོས་ཏེ་དབྱེ་ཞིབ་བྱེད་ཅིང་རྒྱུ་མཚན་བཤད་དུ་འཇུག་པ་དང། དེ་ནས་དག་བཅོས་དང་ཕྱོགས་སྡོམ་བྱེད་པར་སྣེ་ཁྲིད་བྱེད་པ་དང་། སློབ་མ་རེ་གཉིས་ལ་ཡོན་ཚད་སླར་གསོ་བྱ་དགོས་རིགས་དག་ལ་ཚོགས་ཕྱི་རུ་གསབ་ཁྲིད་བྱ་དགོས། དེ་ལྟར་བྱས་ན་དགེ་རྒན་ལ་བཤད་ཆོག་པའི་དུས་ཚོད་སྐར་མ་ལྔ་དྲུག་ལས་མེད་པས། དགེ་རྒན་ལ་བཤད་ཁོམ་དང་སྐད་ཆ་རང་ཤུགས་ཀྱིས་ཉུང་བར་འགྱུར་རོ། །
        འཁྲིད་ཐབས་སེམས་ལ་ངེས་པ། ཐོག་མར་སློབ་མས་སློབ་མར་འཁྲིད་པ་དང་དེའི་རྗེས་སུ་དགེ་རྒན་གྱིས་འཁྲིད་དགོས། སྤྱིར་བཏང་སློབ་མས་དག་བཅོས་བྱས་ཏེ་སློབ་མ་མང་ཙམ་ལ་ཡང་དང་བསྐྱར་དུ་དག་བཅོས་བྱེད་པར་སྣེ་ཁྲིད་ཅི་ནུས་བྱེད་པ་དང་། དེ་ནས་ཚང་མར་བགྲོ་གླེང་བྱེད་དུ་བཅུག་སྟེ། དེའི་རྒྱུ་མཚན་ཅི་ཡིན་ཧ་གོ་བར་འཇུག་དགོས། སློབ་གྲོགས་ཕན་ཚུན་བར་ལ་དོགས་སློང་དང་བགྲོ་གླེང་བྱེད་ཆོག་ལ། མཇུག་མཐར་དགེ་རྒན་གྱིས་དེ་ལ་དཔྱད་བརྗོད་བྱས་ཏེ་དག་བཅོས་དང་ཁ་གསབ་བྱ་དགོས།
སྦྱོང་ཚད་སེམས་ལ་ངེས་པ། དགེ་རྒན་གྱིས་དྲི་གཞི་རྐྱང་རྐྱང་ཙམ་བཤད་པ་དང་དྲི་གཞིའི་ལན་རྐྱང་རྐྱང་ཙམ་འཚོལ་བར་མི་བྱེད་པར། སློབ་མའི་སྣེ་ཁྲིད་དེ་ཆོས་ཉིད་བཙལ་ཏེ་དེའི་གནས་ལུགས་དང་རྒྱུ་མཚན་ཧ་གོ་བར་བྱེད་པ་དང་། སློབ་མར་ཕྱོགས་སྡོམ་བྱེད་རོགས་བྱས་ནས་གཞུང་ལུགས་སུ་ཆགས་པར་བྱ་དགོས། གཞུང་ལུགས་བེད་སྤྱོད་སྐབས་འབྱུང་སྲིད་པའི་ནོར་འཆུག་ལ་སྔོན་ཟོན་བྱ་ཞིང་། གཞུང་ལུགས་དང་ལག་ལེན་བར་ལ་འབྲེལ་ཟམ་བཙུགས་ནས་སློབ་མ་ལོག་ལམ་ལ་མི་འགྲོ་བར་བྱ་དགོས།
        “འཁྲིད”པའི་སྐབས་སུ་མཚམས་རེར“དག་བཅོས”དང“བགྲོ་གླེང”སོ་སོར་མི་ཕྱེ་བར།“དག་བཅོས”དང“བགྲོ་གླེང”གཉིས་བསྲེས་ནས་སྤྱོད་པའམ། ཡང་ན་དག་བཅོས་བྱེད་ཞོར་བགྲོ་གླེང་བྱེད་པ་ཡོད་དེ། དཔེར་ན། སྐད་ཡིག་དང་དབྱིན་ཡིག་གི་ཚོགས་ལ་རྒྱུན་པར་དྲི་བ་བཏོན་ནས་བཅའ་རོགས་བྱེད་ཞོར་རྒྱུ་མཚན་ཡང་བཤད་པ་ལྟ་བུའོ། །
(དྲུག་པ)སྦྱོང་།
        “སྦྱོང”ནི་ཚོགས་ཐོག་ཏུ་སྦྱོང་བརྡར་བྱེད་པ་སྟེ།“ལྟ་ཁྲིད”ཀྱི་རྗེས་སུ་ཚོགས་ཐོག་ཏུ་ལས་བྱ་འགྲུབ་དགོས་པའོ། ། འདིར་དམིགས་ཡུལ་གཉིས་ཡོད་དེ། དམིགས་ཡུལ་གཅིག་ནི་སློབ་མ་སོ་སོ་ཚོགས་ཐུན་དེའི་སློབ་སྦྱོང་གི་དམིགས་ཚད་དུ་བསླེབས་ཡོད་མེད་དང“ཐུན་སེལ”གྱི་འགན་གྲུབ་ཡོད་མེད་བརྟག་བྱེད་ཅིག་ཡིན། དམིགས་ཡུལ་གཅིག་ནི་སློབ་མས་སྦྱོང་བརྡར་བྱས་ནས་ཤེས་བྱ་དེ་གནད་དོན་དངོས་ཐག་གཅོད་པའི་ནུས་པར་སྒྱུར་བྱེད་ཅིག་ཡིན།
        ཚོགས་ཐོག་སྦྱོང་བརྡར་བྱས་ན། སློབ་མས་སྦྱངས་པའི་ཤེས་བྱ་རང་རྒྱུད་ལ་བརྟན་པོར་ཆགས་པ་དང་བསམ་གཞིག་གི་ནུས་པར་སྐྱེད་འདོན། རང་ཚུགས་ཀྱི་འདུ་ཤེས་གསོ་སྐྱོང་། སློབ་སྦྱོང་གི་གོམས་གཤིས་བཟང་པོོ་སྐྱེད་སྲིང་བཅས་བྱེད་ཐུབ་པར་མ་ཟད། ལས་བྱའི“ཐུན་སེལ”དང“ཉིན་སེལ”གྱི་འགན་འགྲུབ་པ་དང་། ཚོགས་ཕྱིར་ལྕི་ཐལ་བའི་སློབ་སྦྱོང་གི་ཁུར་བོ་དེ་ཇེ་ཡང་དུ་གཏོང་བ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད།
ལག་ལེན་བྱེད་ཐབས་གཙོ་བོ།
        ①ཚོགས་ཐུན་ལས་བྱའི་དུས་ཡུན་སྐར་མ15
ལས་ཐུང་མི་རུང་།
        ② སློབ་དེབ་ནང་གི་སྦྱང་གཞི་ནི་ཚོགས་ཐོག་སྦྱོང་བརྡར་བྱེད་པའི་ནང་དོན་ཡིན་ཞིང་། སློབ་མར་ཚོགས་ཐུན་འདིར་སྦྱངས་པའི་ཤེས་བྱ་བེད་སྤྱད་ནས་གནད་དོན་དངོས་ཐག་གཅོད་དུ་འཇུག་དགོས། སྦྱང་གཞིའི་དྲི་གཞི་ལ་ཚབ་བྱེད་རང་བཞིན་ལྡན་དགོས་ལ། མང་ཉུང་དང་དཀའ་སླ་ཚད་རན་ཞིང་། ཚོགས་མ་གྲོལ་གོང་དུ་ལས་བྱ་འགྲུབ་ཅིང་འབྲི་དེབ་སྤྲོད་ཐུབ་དགོས།
        ③ཚོགས་ཐོག་ལས་བྱའི་མགོ་འཛུགས་ས་དམའ་ཞིང་རིམ་པ་མང་བ་དང་། ངེས་སྦྱོང་དྲི་གཞི་དང་འདེམ་སྦྱོང་དྲི་གཞི་གཉིས་ཀ་ཡོད་དགོས། སྐབས་འགར་བསམ་གཞིག་དྲི་གཞི་བཀོད་སྒྲིག་བྱས་ཏེ་སློབ་མ་ཚད་མི་འདྲ་བའི་དགོས་མཁོ་མཐའ་དག་སྐོང་ཐུབ་པར་བྱ་དགོས།
        ④ སློབ་མའི་ཚུལ་མིན་འདུག་སྟངས་བཅའ་དགོས།
        ⑤སྦྱོང་བརྡར་བྱེད་ཚེ་ནམ་རྒྱུན་གྱི་རྒྱུགས་ལེན་པ་ལྟར། སློབ་མ་རང་སྒེར་གྱིས་རྩེ་གཅིག་ཏུ་འབྲི་བ་ལས་དགེ་རྒན་གྱིས་སློབ་མར་སྣེ་ཁྲིད་དང་བར་གཅོད་བྱེད་མི་རུང་ཞིང་། སློབ་མ་ཕན་ཚུན་བར་ལ་གྲོས་སྡུར་ཡང་བྱེད་མི་རུང་། དགེ་རྒན་གྱིས་སློབ་མའི་ལས་བྱར་ནོར་འཆུག་བྱུང་བ་མཐོང་ཡང་དེ་མ་ཐག་མི་བཤད་པར། ཚོགས་ཕྱི་རུ་དེར་ཆེད་དམིགས་ཀྱིས་ཟུར་ཁྲིད་བྱ་དགོས།
        ⑥སློབ་མས་ཚོགས་ཐུན་ལས་བྱ་འབྲི་སྐབས། སློབ་མ་ཁ་ཤས་ཀྱིས་མགྱོགས་པོར་བྲིས་ཚར་སོང་ན། དགེ་རྒན་གྱིས་ཁོའི་ལས་བྱ་བཅོས་ཆོག་ལ། ཁོ་ཚོར་སློབ་སྦྱོང་ལ་དཀའ་ཁག་ཡོད་པའི་སློབ་གྲོགས་ལ་རོགས་བྱེད་དུ་འཇུག་པའམ་ཡང་ན་སློབ་སྦྱོང་གི་འགན་ཁུར་གཞན་སྤྲད་ཀྱང་ཆོག
        ⑦བསྐྱར་སྦྱོང་བྱེད་སྐབས་སམ་ཡང་ན་དམའ་འབྲིང་གསུམ་པའི་སྐབས་སུ། སྐབས་རེར་དུས་བཅད་ནང་ལ་ཚད་བརྒལ་གྱིས་སྦྱོང་བརྡར་བྱ་ཆོག་པ་སྟེ། སྐར་མ40ཚད་ཀྱི་ལས་བྱ་ནི་སྐར་མ30ལ་འགྲུབ་བཅུག་ན། སློབ་མའི་དྲིས་ལན་འདེབས་པའི་བྱང་ཚད་དང་རྒྱུགས་སྤྲོད་པའི་ནུས་པ་འཕེལ་བར་ཕན་པ་ཡོད།
གོང་གི་རིམ་པ6པོ་ནི་གཅིག་ལ་གཅིག་བརྟེན་ཡིན་ཏེ།“ལྟ”བ་དང“འཁྲིད”པ་གཉིས་ལེགས་པར་འགྲུབ་ཅིང་དུས་ཚོད་བསྲིས་ནས། ཤེས་བྱ་སློབ་མའི་ཁོང་དུ་ཆུད་ཅིང་ནུས་པར་སྐྱེད་ཐོན་ན་ཚོགས་ཐོག་ཏུ“སྦྱོང”བརྡར་བྱེད་པའི་ལས་འགན་དེ་འགྲུབ་ཐུབ་པ་རེད། ཚོགས་ཐོག“སྦྱོང”བརྡར་བྱེད་པའི་ལས་འགན་ཡོད་ན་སློབ་མས“ལྟ་འཁྲིད”ཀྱི་སྐབས་སུ་རིག་པ་བསྒྲིམས་ཤིང་ལས་ཆོད་ཆེན་པོ་ཡོང་བ་རེད།
“ལྟ་འཁྲིད་སྦྱོང་གསུམ”གྱི་སློབ་ཁྲིད་ཐབས་ལམ་གྱི་རིམ་པ6པོ་ནི་ཚོགས་ཐུན་སློབ་ཁྲིད་ཀྱི་རྩ་བའི་བྱ་རིམ་ཡིན། དགེ་རྒན་གྱིས་ཐབས་འདིར་བརྟེན་ནས་སློབ་ཁྲིད་བྱེད་དུས། སློབ་ཁྲིད་ཀྱི་བརྒྱུད་རིམ་ཡོངས་སུ་སློབ་མས་རང་སྦྱོང་བྱེད་པར་མཛུབ་སྟོན་བྱེད་དགོས་ལ། སློབ་མས་སྦྱངས་ཟིན་པའི་རྗེས་སུ་དོགས་གནད་བྱུང་བ་ལ་དམིགས་ནས་དགེ་རྒན་གྱིས“འཁྲིད”དགོས་པ་འདི་རྩ་བར་འཛིན་དགོས། ཡིན་ན་ཡང་སློབ་མའི་གནས་ཚུལ་མི་འདྲ་བ། བསླབ་ཚན་མི་འདྲ་བ། སློབ་ཁྲིད་ཀྱི་རིགས་མི་འདྲ་བ། ལོ་རིམ་མི་འདྲ་བ་སོགས་སྣ་ཚོགས་འབྱུང་བས། དགེ་རྒན་རྣམ་པས་དེའི་སྙིང་པོ་ཁོང་དུ་ཆུད་པར་བྱས་ཏེ། བཟོ་བཅོས་འོས་འཚམ་བྱས་ནས་གང་ལ་གང་འཚམ་གྱིས་སྤྱོད་པ་ལས། ཞྭ་དཔེ་ལྷམ་འགེབས་དང་རྡོ་ཆག་བཙན་སྒྲིག་བྱེད་མི་རུང་ལ། དཔེ་ཚུལ་མཁྲེགས་འཛིན་དེ་བས་ཀྱང་བྱེད་མི་རུང་།
“ལྟ་འཁྲིད་སྦྱོང་གསུམ”གྱི་སློབ་ཁྲིད་ཐབས་ལམ་ལ་ཐུན་མོང་གི་ཆོས་ཉིད་དང་རྩ་བའི་རྩ་དོན་ཡོད་ལ། ལག་ལེན་བྱེད་ཐབས་ཀྱང་སྤྱི་འགྲོས་སུ་ཡོད་ཀྱང་། ལོ་རིམ་མི་འདྲ་བ། བསླབ་ཚན་མི་འདྲ་བ། སློབ་ཁྲིད་ཀྱི་རིགས་མི་འདྲ་བ་ལ་ལག་ལེན་བྱེད་ཐབས་ཀྱང་མི་འདྲ་བ་རེ་ཡོད། སྤྱིར་བཏང་གྲངས་རིག་དང་ལོ་རྒྱུས་སོགས་སུ་ལྟ་ཐེངས་གཅིག་དང་འཁྲིད་ཐེངས་གཅིག་དང་སྦྱོང་ཐེངས་གཅིག་གིས་རྫོགས་པར་བྱེད་ལ། སྐད་ཡིག་དང་དབྱིན་ཡིག་སོགས་སུ་ལྟ་བ་དང་འཁྲིད་པ་ཐེངས་འགའ་སྤེལ་མར་བྱས་ནས། མཇུག་ཏུ་ཚོགས་ཐོག་སྦྱོང་བརྡར་བྱེད་པ་སྟེ། ལྟ་ཁྲིད་ཐེངས་འགའ་བྱས་ནས་མཇུག་ཏུ་ཚོགས་ཐོག་སྦྱོང་བརྡར་བྱེད་དོ། ། དེ་ལྟ་ན་ཡང་། སློབ་མས་ཐོག་མར་སྦྱོང་ཞིང་སྦྱངས་ནས་སྒྲོ་འདོགས་མ་ཆོད་པའི་གནས་ལ་འཁྲིད་པ་དང་། འཁྲིད་པའང་དགེ་རྒན་གྱིས་འཁྲིད་པ་མ་ཡིན་པར། སློབ་མས་སློབ་མར་ཁྲིད་མཐར་དགེ་རྒན་གྱིས་ལྷན་ཐབས་སུ་ཁ་གསབ་བྱེད་པའི་རྩ་དོན་ནི་དུས་དང་རྣམ་པ་ཀུན་ཏུ་བསྒྱུར་མི་རུང་།
གཉིས་པ། འཕེལ་རྒྱས་དང་གསར་གཏོད།
“ལྟ་འཁྲིད་སྦྱོང་གསུམ”ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྐབས་སུ་སྲོལ་ཕྱེས་ཤིང་ས་ཕྱོགས་མང་པོར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། ཡིན་ནའང། བསླབ་ཚན་བཅོས་སྒྱུར་བྱས་ནས་ལོ་ངོ་བཅུ་ལྷག་རིང་ལ། བསླབ་གཞི་བརྗེ་སླ་ཡང་དགེ་རྒན་བརྗེ་དཀའ་བ་དང། དགེ་རྒན་བརྗེ་སླ་ཡང་བསམ་ཚུལ་བརྗེ་དཀའ་བ་དང་། བསམ་ཚུལ་བརྗེ་སླ་ཡང་ལས་ཚུལ་བརྗེ་དཀའ་བ་ཀུན་གྱི་མཐུན་སྣང་དུ་གྱུར་ཡོད་པ་རེད། བསླབ་ཚན་བཅོས་སྒྱུར་བྱ་རྒྱུ་དེ་འདྲ་ཁག་པོ་ཡིན་པའི་རྒྱུ་རྐྱེན་གང་ཡིན་ནམ་ཞེ་ན་འདིར་བརྗོད་པར་བྱ།
ཚོགས་ཐུན་སློབ་ཁྲིད་བཅོས་སྒྱུར་ཕྱོགས་ལ་གྲུབ་འབྲས་བཟང་པོ་ཞིག་ལེན་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ང་ཚོའི་དགེ་རྒན་མང་ཆེ་བའམ་ཡང་ན་སློབ་གྲྭའི་སློབ་གཙོ་གང་མང་ཞིག་གིས།“ལྟ་འཁྲིད་སྦྱོང་གསུམ”གྱི་རྩ་བར་གྱུར་པ་སློབ་ཁྲིད་ཀྱི་རྩ་བའི་རིགས་པའི་སྟེང་ནས་བསམ་གཞིག་མི་བྱེད་པར། དེའི་ལག་ལེན་བྱེད་སྟངས་རྐྱང་བ་ཙམ་ལ་འཇུས་ནས་དེའི་སྙིང་པོ་མ་ལོན་པས་ལན་པ་རེད།“ལྟ་འཁྲིད་སྦྱོང་གསུམ”ལག་ལེན་བྱེད་ཐབས་ཀྱི་སྤྱི་འགྲོས་ཙམ་ཤེས་པས། བསླབ་ཚན་བཅོས་སྒྱུར་བྱེད་པའི་སྒོ་མོ་འབྱེད་བྱེད་ཀྱི“ལྡེ་མིག”ལག་ཏུ་འབྱོར་བ་ཙམ་ཡིན་ལ། གལ་སྲིད་ཁང་བཟང་གི་ཕུགས་ལ་བསླེབ་པར་འདོད་ན།“ལྟ་འཁྲིད་སྦྱོང་གསུམ”ཚོགས་ཐུན་དུ་ལག་ལེན་དུ་འབེབས་པའི་རྩ་དོན་ཏེ《གཡོང་ཝེའི་བསླབ་བཅོས་མན་ངག་བཅུ》ཞེས་བྱ་བར་གོ་བ་ཟབ་མོ་ལོན་དགོས། དེ་ནི་སློབ་གཙོ་ཚའེ་ལེན་སིན་གྱི་གཡོང་ཝེའི་ཉམས་མྱོང་གི་སྤྱི་སྡོམ་ཡིན་ལ།“ལྟ་འཁྲིད་སྦྱོང་གསུམ”གྱི་གཞུང་ལུགས་ཀྱི་རིམ་པ་གོང་མཐོར་སྤགས་ཤིང་ཚོགས་ཐུན་སློབ་ཁྲིད་བཅོས་སྒྱུར་གྱི་གཞུང་ལུགས་གྲུབ་འབྲས་གསར་པ་ཞིག་ཀྱང་ཡིན།
དེང་སང་ང་ཚོའི་སློབ་གྲྭ་སོ་སོས“ཚོགས་ཐུན་ལས་ཆོད་ཆེན་པོ”ཞེས་པ་ཞིག་སྒྲུབ་བཞིན་ཡོད་དེ། སློབ་གསོ་པ་ཝང་ཆིན་མིང་གིས་སློབ་མར་ཅི་ཞིག་འཐོབ་ཏུ་འཇུག(དམིགས་ཚད་གང་ལ་བསླེབ་པ)པ་དང་གཅིག དམིགས་ཚད་དུ་དུས་ཚོད་ཅི་ཙམ་གྱི་རིང་ལ་སླེབ་ཐུབ་པ་དང་གཉིས། དམིགས་ཚད་དུ་ཚུལ་ཇི་ལྟར་སླེབ་པ་དང་གསུམ། མཇུག་མཐར་དམིགས་ཚད་ལ་སློབ་མ་ཅི་ཙམ་སླེབ་ཐུབ་པ་དང་བཞི་སྟེ། གནས་འདི་བཞི་བོར་ནམ་ཡང་རྒྱུ་མ་ཕུ་འདེད་ཀྱིས་བདའ་འདེད་བྱེད་ཅིང་། དུས་ཚོད་ཆེས་ཐུང་བའི་ནང་དུ་སློབ་མ་ཡོངས་སློབ་ཁྲིད་དམིགས་ཚད་ལ་སླེབ་པར་བྱེད་ཐུབ་ན། དེ་ལ“ཚོགས་ཐུན་ལས་ཆོད་ཆེན་པོ”ཞེས་པའི་མིང་ཐོགས་ཞེས་གསུངས་པ་བཞིན། གཡོང་ཝེའི་ཚོགས་ཐུན་ལའང་དམིགས་ཚད་གསལ་བ(ཤེས་བྱ་དང་ནུས་པ། མི་མངོན་པའི་ཡིད་འགྱུར།)དང་གཅིག ནང་དོན་གསར་པ་སྐར་མ30ནང་ལ་མཇུག་རྫོགས་རྗེས། སྐར་མ15ལ་ལས་བྱ་འབྲི་བ་དང་གཉིས། སློབ་མས་རང་སྟོབས་ཀྱིས་སློབ་སྦྱོང་དང་མཉམ་སྦྱོང་བྱས་པ་ནས་རང་སྟོབས་ཀྱིས་བེད་སྤྱོད་བྱེད་པས་ནུས་པ་བསྐྱེད་པ་དང་གསུམ། སློབ་མ་མཐའ་མ་ནས་བཟུང་སྟེ་སློབ་བུ་ཚང་མ་དམིགས་ཚད་ལ་སླེབ་པར་བྱེད་པ་དང(ཐུན་སེལ)བཞི་སྟེ། ཁྱད་ཆོས་འདི་བཞི་བོ་ལས“ལྟ་འཁྲིད་སྦྱོང་གསུམ”ནི་སྟབས་བདེ་ཞིང་ལས་ཆོད་ཆེ་བ་བསྙོན་དུ་མེད་དོ། །
དེས་ན། གཡོང་ཝེ་སློབ་གྲྭས་དེ་ཇི་ལྟར་སྒྲུབ་པ་དང་མན་ངག་བཅུ་བོ་གཞི་བྱས་ཏེ་ང་ཚོའི་ཚོགས་ཐུན་ལ་དཔྱད་འཇོག་ཇི་ལྟར་བྱ་དགོས་ཤེ་ན།
སྤྱིར་བཏང་དུ། ཚོགས་ཐུན་སློབ་ཁྲིད་ལ་རྒྱུ་བཞི་ཚང་དགོས། དེ་ནི་དགེ་རྒན། བསླབ་གཞི། སློབ་མ། ཐབས་ཤེས(རིམ་པ་དང་སྐབས)བཅས་བཞི་ཡིན། སློབ་གཙོ་ཚའེ་ཡིས“ལྟ་འཁྲིད་སྦྱོང་གསུམ”ལ་བརྟེན་ནས་མན་ངག་བཅུ་བོ་རྒྱུ་བཞི་བོའི་སྟེང་ལ་ཕབ་ནས། ཉིན་རེ་རེར་གནད་དོན་གསར་པ་རྙེད་ཅིང་གནད་དོན་གསར་པ་ཐག་གཅོད་བྱས་ཏེ། ལོ་རེ་ནས་ལོ་རེ་བཞིན་རྒྱུན་འཁྱོངས་བྱས་ཤིང་རྫུན་མའི་ཕུག་བརྟོལ་ཏེ། འབད་པ་ཆེན་པོས་རྒྱུ་ཆེན་བཞི་སྟེ། དགེ་རྒན་ལེགས་ཤོས་དང་། བསླབ་གཞི་བསྡུས་ཤོས། སློབ་མ་འཇོན་ཤོས། ཐབས་ཤེས་ཡག་ཤོས(དུས་ཚོད་ཆེས་ཐུང་བ)སུ་བསྒྱུར་བས། གཡོང་ཝེའི་ཚོགས་ཐུན་ལ་ད་གཟོད་གནམ་སའི་གོ་བརྗེ་བ་ལྟ་བུའི་འཕོ་འགྱུར་འདི་བྱུང་བ་རེད།
(དང་པོ)དགེ་རྒན་གསོ་སྦྱོང་བྱས།
བསླབ་ཚན་བཅོས་སྒྱུར་བྱེད་ཐུབ་མིན་གྱི་རྩ་བ་དགེ་རྒན་ཡིན། སློབ་གཙོ་ཚའེ་ཡིས“སློབ་ཁྲིད་འགྲན་བསྡུར”ནི་དགེ་རྒན་སྐྱེད་སྲིང་བྱེད་སའི་རྩལ་སྦྱོང་ར་བ་བྱས་ཏེ།“དགེ་རྒན་གྱི་རྨང་གཞིའི་ཤེས་ཡོན་དང། ལས་ཀའི་བྱང་ཚད། ཀུན་སྤྱོད”སོགས་གནད་དུ་བཟུང་ནས་དགེ་རྒན་སྐྱེད་སྲིང་བྱས། གཡོང་ཝེ་སློབ་གྲྭས་ཉིན་རེ་རེ་བཞིན་དགེ་རྒན་ལ“སློབ་ཁྲིད་འགྲན་བསྡུར”རྩ་འཛུགས་བྱས་ཏེ། ཁྲོམ་སྒྲོག་སློབ་ཁྲིད་ཐེངས་གཅིག་འཚོགས་ན། དགེ་རྒན་ཞིག་ལ་མཚོན་ན་ཆེད་ལས་ཀྱི་རྒྱུགས་ཤིག་སྤྲད་པ་དང་འདྲ་བར། དགེ་རྒན་གྱི་འདུ་ཤེས་དང་། དགེ་རྒན་གྱི་བསླབ་ཚན་བཅོས་སྒྱུར་གྱི་ལྟ་བ། དགེ་རྒན་གྱི་རྨང་གཞིའི་ཤེས་ཡོན། དགེ་རྒན་གྱི་སློབ་ཁྲིད་སྒྱུ་རྩལ་སོགས་ལ་ཡར་སྐྱེད་ཆེན་པོ་ཐོབ།
སློབ་གཙོ་ཚའེ་ཡིས་ཚོགས་ཐུན་གྱི“སྣེ་སྟོན་སྐད་ཆ”ལ་དོ་སྣང་ཆེན་པོ་བྱེད་དེ། ཁོང་གིས་སློབ་མའི་སློབ་སྦྱོང་ནི་དགེ་རྒན་གྱིས་འཁྲིད་སྟོན་བྱེད་པ་ལ་བརྟེན་དགོས་ཤིང་། འཁྲིད་སྟོན་མེད་ན་སློབ་སྦྱོང་ཡང་མེད་པར་འདོད། དེ་བས། དགེ་རྒན་གྱིས་བར་སྐབས་ཀྱི་མཚམས་སྦྱོར་སྐད་ཆ་དང་སྣེ་སྟོན་སྐད་ཆ་བཤད་པ་ཡང་དག་པ། གནད་བསྡུས། དམིགས་གཞི་ཡོད་པ་ཡིན་དགོས་པ་ལས། སློབ་མས་བསམ་བློ་གཏོང་མི་དགོས་པར་སྐད་ལན་སློག་པའི“དེ་ཨེ་རེད། དེ་ཨེ་འགྲིག་གིན། ཨེ་ཤེས་ཀིན”སོགས་དང“འདིར་འཐད་པ་རྣམས་ཀྱིས་ལག་པ་ཁྱོགས”སོགས་ཀྱི་དྲི་བ་བསམ་གཞིག་བྱེད་རིན་མེད་ཅིང་གོ་མི་ཆོད་པ་བཤད་མི་རུང་།
(གཉིས་པ)བསླབ་གཞི་བསྡུས་བཟོ་བྱས།
གཡོང་ཝེ་སློབ་གྲྭའི་དགེ་རྒན་གྱིས་རྒྱལ་ཁབ་ཀྱི་བསླབ་ཚན་དེ་སློབ་གྲྭའི་བསླབ་ཚན་ལ་བསྒྱུར་ཏེ། སློབ་མས་ཤེས་པ་དག་མི་འཁྲིད། དེས་ན་སློབ་མས་ཇི་ལྟར་ཤེས་པ་ཡིན་ཞེ་ན། དེ་ནི་དེ་གའི་སློབ་གཙོ་དང་དགེ་རྒན་གྱིས་ཉིན་མཚན་དབྱེར་མེད་དུ་དཀའ་བ་ཆེན་པོ་མྱངས་ནས་བསླབ་གཞི་བསྡུས་བཟོ་བྱས་པ་ལ་འབྲེལ་བ་དམ་པོ་ཡོད།
གཡོང་ཝེ་སློབ་གྲྭས་ཉིན་རེ་རེ་བཞིན“སློབ་དེབ་ཏུ་འཛུལ”ནས། རྒྱུགས་ཀྱི་དྲི་གཞི་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད་པ་རེད། ཚའེ་ལགས་ཀྱིས་རྩིས་ཚན་གྱི་དྲི་གཞི་ནི་སློབ་དེབ་གཙོ་བོར་འཛིན་ཅིང་། འཁྲིད་བྱའི་ནང་དོན་གཙོ་བོར་དམིགས་ནས། དྲི་གཞི་རིན་ཐང་ཡོད་པ་དང་ཚབ་བྱེད་རང་བཞིན་ལྡན་པ་གདོན་དགོས་གསུངས་པས། སྤྱིར་བཏང་དུ་སློབ་ཚན་གྱི་མཇུག་གི་ཅུང་སླ་མོ་དང་རྨང་གཞིའི་སྐོར་གྱི་དྲི་གཞི་འདེམ་དགོས། ཚོགས་ཐུན་དེར་གནད་དོན་ཅི་ཞིག་ཐག་གཅོད་དགོས་པ་དང་། དྲི་གཞི་གང་དག་ནི་སློབ་མས་གོ་དོན་རྟོགས་ཡོད་མེད་བརྟག་བྱེད་ཡིན་པ་དང་། དྲི་གཞི་གང་དག་ནི་སློབ་མར་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པའི་ནུས་པ་ཆགས་ཡོད་མེད་བརྟག་བྱེད་ཡིན་པ་དགེ་རྒན་གྱི་སེམས་ལ་ཅིས་ཀྱང་གསལ་པོར་ངེས་དགོས། སྐད་ཡིག་གི་དབྱེ་ཞིབ་སློབ་ཁྲིད་ནི་སློབ་ཚན་གྱི་མཇུག་གི་སྦྱང་གཞིས་གཞི་བྱེད་དགོས་པས། དྲི་བ་གང་དག་ཚོགས་ཐུན་གཉིས་པར་འཇོག་པ་དང་། དྲི་བ་གང་དག་ཚོགས་ཐུན་གསུམ་པར་འཇོག་པ། དྲི་བ་གང་དག་ལ་ངག་ལམ་ནས་ལན་འདེབས་པ། དྲི་བ་གང་དག་ནག་པང་དུ་འབྲི་བ། དྲི་བ་གང་དག་ཚད་གང་འཚམ་གྱིས་མཐོན་པོར་གཏོང་བ་སོགས་ལ་དབྱེ་བ་ཞིབ་མོ་བྱ་དགོས། དགེ་རྒན་གྱིས་ཐ་སྙད་གཙོ་བོ་དམིགས་སུ་འཛིན་ཐུབ་ཅིང་། བྱ་བའི་འཇུག་སྒོ་འཚོལ་ཤེས་ལ། སེམས་སུ་སློབ་མར་གཙོ་བོ་ཅི་ཞིག་བགྲོ་གླེང་བྱེད་དུ་འཇུག་དགོས་པ་གསལ་པོ་ཡིན་དགོས།
ཁོ་ཚོས་ད་དུང“སློབ་དེབ་ལས་ཕྱིར་ཇི་ལྟར་འབུད”པར་ཡང་བསམ་བློ་གཏོང་བ་རེད། རྩིས་ཚན་དགེ་རྒན་གྱིས་ཚོགས་ཐུན་འདིའི་ཤེས་བྱ་གསར་པ་ལས་འབྱུང་སྲིད་པའི་དྲི་གཞིའི་རིགས་སྣ་ཚོགས་ལ་ནན་ཏན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། ཤེས་བྱ་གསར་རྙིང་གཉིས་མཚམས་སྦྱོར་བའི་གནད་ཀ་དེ་འཛིན་ཐུབ་དགོས། དེ་ལྟར་བྱས་ན་ཚོགས་ཀྱི“ངག་ཐོག་དྲི་གཞི”དང“བསམ་གཞིག་དྲི་གཞི”ནི་སློབ་ཚན་གྱི་མཇུག་གི་སྦྱང་གཞིར་བརྟེན་ནས་བཅོས་པ་ཡིན་ལ། ཅུང་དཀའ་བར་སོང་ཡོད་པས། སློབ་མར་རིགས་བསྒྲེས་ནས་བསམ་གཞིག་བྱེད་དུ་འཇུག་དགོས། རིག་ཚན་སློབ་ཁྲིད་བྱེད་ཚེ་ཡང“སློབ་དེབ་ལས་ཕྱིར་འཐོན”བཅུག་སྟེ།“ཤེས་བྱའི་སྡོང་འགྲེམ”བསྐྲུན་ཞིང་། ཆོས་ཉིད་སྤྱི་སྡོམ་བྱ་དགོས་ལ། ད་དུང་འཚོ་བ་དངོས་སུ་ཞུགས་ནས་གནད་དོན་དངོས་ཐག་གཅོད་བྱེད་དགོས།
དེ་མིན་སློབ་གཙོ་ཚའེ་ལགས་ཀྱིས་དགེ་རྒན་གྱིས་རང་གི་རིག་ཚན་གྱི་སློབ་སྦྱོང་གི་གནས་སྐབས་ཧྲིལ་པོའི་སློབ་དེབ་ཀྱི་རྩོམ་སྒྲིག་དམིགས་ཡུལ་དང་སྒྲིག་གཞི་གསལ་པོར་ཤེས་དགོས་པར་མ་ཟད། ད་དུང་སློབ་སྦྱོང་གི་གནས་སྐབས་གཞན་པ་སྟེ། དཔེར་ན་སློབ་ཆུང་གི་གནས་སྐབས་ལྟ་བུའི་སློབ་དེབ་ལའང་རྒྱུས་ལོན་བྱ་དགོས་གསུངས། ཚོགས་སུ་ཤེས་བྱ་རྙིང་བ་སྤྱོད་དགོས་ན། འཁྲིད་ཞུགས་བྱེད་ཚེ་སྣེ་སྟོན་བྱེད་ཅིང་། སློབ་མས་སྦྱོང་བརྡར་བྱེད་ཚེ་ནན་བཤད་བྱེད་པ་དང་། ཚོགས་ཐུན་ཕྱོགས་སྡོམ་བྱེད་ཚེ་སྤྱི་སྡོམ་བྱ་དགོས། དེ་ལྟར་བྱས་ན་སློབ་མའི་སྔར་ཡོད་རྨང་གཞིའི་སྟེང་དུ་སློབ་མར་ཆོས་ཉིད་ཁོང་དུ་ཆུད་པར་སྣེ་ཁྲིད་བྱེད་ཐུབ་པ་རེད། དགེ་རྒན་གྱིས་ད་དུང་རིག་ཚན་དང་རིག་ཚན་བར་གྱི་འབྲེལ་བ་དང་ཕན་ཚུན་སིམ་འཛུལ་བྱེད་པའི་གནས་ལའང་དོ་སྣང་བྱ་དགོས་ཏེ། དཔེར་ན་བསམ་བློ་ཀུན་སྤྱོད་དང་ལོ་རྒྱུས་དང་ས་ཁམས་སློབ་ཁྲིད་བྱེད་ཚེ། སློབ་མས་རང་གི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་ལྟ་ཀློག་གི་ནུས་པ་ལ་བརྟེན་ནས་སློབ་ཚན་ལྟ་ཀློག་བྱེད་ཅིང་། གནད་དོན་ལ་བསམ་གཞིག་བྱས་ནས་དྲིས་ལན་འཚོལ་བར་བྱེད་པར་སྣེ་ཁྲིད་བྱ་དགོས། སྐད་ཡིག་སློབ་ཁྲིད་དུ་དུས་སྐབས་ཀྱི་རྒྱབ་ལྗོངས་གལ་ཏེ་ལོ་རྒྱུས་སུ་སྦྱངས་ཟིན་པ་ཞིག་ཡིན་ན། དེར་བསྐྱར་ཟློས་བྱེད་པའི་དགོས་པ་མེད།
ཚོགས་འཚོགས་རྗེས་སུ། དགེ་རྒན་གྱིས་སློབ་མ་ཡོངས་ཀྱི་སློབ་སྦྱོང་གནས་ཚུལ་ལ་བརྟག་དགོས། གལ་ཏེ་གནད་དོན་ཡོད་ན་འཁྲིད་ཇུས་ལ་བཟོ་བཅོས་རྒྱག་དགོས།
(གསུམ་པ)སློབ་མ་བཟང་པོ་བསྐྱངས།
སློབ་མ་ནི་ང་ཚོས་བསླབ་ཚན་བཅོས་སྒྱུར་བྱེད་པའི་མགོ་འཛིན་ས་དང་མཇུག་བསྡུ་ས་གཉིས་ཀ་ཡིན། སློབ་གཙོ་ཚའེ་ལགས་ཀྱིས་སློབ་མས་ཚོགས་ཐུན་དུ་རིག་པ་བསྒྲིམས་ནས་སློབ་སྦྱོང་བྱེད་པ་ནི་སྐབས་དོན་དེ་འགྲུབ་པའི་མགོ་ཡིན་ཞིང་། སློབ་མའི་ཕྱོགས་གང་ཐད་ཀྱི་བྱང་ཚད་གོང་མཐོར་ཕྱིན་པ་ནི་དོན་དེ་འགྲུབ་པའི་རྟགས་མཚན་ཡིན་གསུངས།
བསླབ་ཚན་གསར་པར་སློབ་མས་རང་སྟོབས་དང་མཉམ་ལས། རྩད་ཞིབ་སྒོས་སློབ་སྦྱོང་བྱེད་པ་དང་། སློབ་མའི་རང་སྦྱོང་གི་ནུས་པ་སྐྱེད་སྲིང་བྱེད་པ་དང་སློབ་མ་ལ་ཚན་རིག་དང་མཐུན་པའི་སྦྱོང་ཐབས་བསླབ་དགོས་པར་འདོད། སློབ་གཙོ་ཚའེ་ལགས་ཀྱིས་སློབ་ཁྲིད་ཐབས་ལམ“ལྟ་འཁྲིད་སྦྱོང་གསུམ”དུ་སློབ་ཁྲིད་ཀྱི་བྱ་རིམ་ནི་སྔོན་ལ་རང་སྟོབས་ཀྱིས་སློབ་སྦྱོང(དཔེ་ཆར་ལྟ་བ་དང་རྒྱུགས་ལེན་པ། རང་སྟོབས་ཀྱིས་སློབ་སྦྱོང་བྱེད་རིམ་དུ་བྱུང་བའི་དོགས་གནད་དང་དཀའ་གནད་གསལ་བར་བྱེད་པའམ་ཕྱིར་འབྱིན་པ།)བྱེད་པ་དང་། དེའི་རྗེས་སུ་མཉམ་སྦྱོང(དག་བཅོས་དང་བགྲོ་གླེང་། རང་སྟོབས་ཀྱིས་སློབ་སྦྱོང་བྱེད་རིམ་དུ་བྱུང་བའི་དོགས་གནད་དང་དཀའ་གནད་སློབ་མ་རང་གིས་ཐག་གཅོད་བྱེད་མི་ཐུབ་པ་དེ་ཐག་གཅོད་པ།)བྱེད་པ་དང་། མཇུག་མཐར་སླར་ཡང་རང་སྟོབས་ཀྱིས་སློབ་སྦྱོང་བྱེད་པ(ཚོགས་ཐོག་ཏུ་ལས་བྱ་གྲུབ་ཅིང་། སྦྱོང་བརྡར་ནན་མོ་བྱས་ནས་ནུས་པར་ཆགས་པ།)སྟེ་བྱ་རིམ་ཡོངས་ནི་རྩད་ཞིབ་སློབ་སྦྱོང་ཡིན་པས།“ལྟ་འཁྲིད་སྦྱོང་གསུམ”ནི་བསླབ་ཚན་གསར་པའི་ལྟ་བ་དང་མཐུན་པའི་ཐབས་ལམ་ཡིན་ནོ། ། ཐབས་ལམ་དེས་སློབ་མའི་ཀློག་འདོན་ནུས་པ། བསམ་གཞིག་ནུས་པ། ཤན་འབྱེད་ནུས་པ་སོགས་སྐྱེད་སྲིང་བྱེད་པ་མ་ཟད། ད་དུང་སློབ་མའི་འགྲན་རྩོད་ནུས་པ་དང་མཉམ་སྦྱོང་འདུ་ཤེས་ཀྱང་སྐྱེད་སྲིང་བྱེད་པ་རེད།
“ལྟ་འཁྲིད་སྦྱོང་གསུམ”ལ་བརྟེན་ནས་གཡོང་ཝེའི་སློབ་མས་ཤེས་བྱ་ཁོང་དུ་ཆུད་ཅིང་། སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དྲང་པོར་བསྲངས་ལ། སློབ་མ་རང་གིས་རང་ལ་ཡིད་ཆེས་ཤིང་། རང་སྟོབས་ཀྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་ཆགས་སུ་བཅུག
(བཞི་པ)འཁོར་ཡུག་ལེགས་བཅོས་བྱས།
གཡོང་ཝེའི་མན་ངག་བཅུ་བོའི་དགོངས་པ་ལྟར། “ལྟ་འཁྲིད་སྦྱོང་གསུམ”གྱི་སློབ་ཁྲིད་ནི་ཚོགས་ཐུན་གྱི་སྔོན་དུ་བསྲིངས་མེད་ལ། ཚོགས་ཐུན་རྗེས་སུའང་བསྲིངས་མེད། ཚོགས་ཐུན་སྔོན་དུ་སྔོན་སྦྱོང་མེད་ལ་ཚོགས་ཐུན་རྗེས་སུ་ལས་བྱའང་མེད་པར། སློབ་གསེང་གི་དུས་ཚོད་སློབ་མར་ཕྱིར་སྤྲད་དེ། སློབ་མ་རང་གི་དགའ་ཕྱོགས་དང་རང་གི་ཡོན་ཏན་ཁྱད་པར་བ་དེ་གོང་འཕེལ་གཏོང་བར་དུས་ཚོད་འདངས་ངེས་པ་བྱིན་ཡོད་པ་རེད།
ང་ཚོས་ཤེས་གསལ་ལྟར།“ལྟ་འཁྲིད་སྦྱོང་གསུམ”སློབ་ཁྲིད་ཀྱི་རྩ་བའི་བྱ་རིམ་ལ་སྔོན་འགྲོ། ལྟ་བ། འཁྲིད་པ། ཚོགས་ཐོག་སྦྱོང་བརྡར་ཏེ་སྐབས4ཡོད་པ་དང་། དེ་ལ་ནང་གསེས་སུ་རིམ་པ8ཡོད། དེ་དག་ལས་སྔོན་འགྲོའི་སྐབས(སྐར་མ1ཡས་མས)སུ་ཁ་བྱང་འབྲི་བ། དམིགས་ཚད་སྟོན་པ། རང་སྦྱོང་མཛུབ་སྟོན་ཏེ་རིམ་པ་གསུམ་ཡོད་པ་དང་། ལྟ་བའི་སྐབས(སྐར་མ15ཡས་མས)སུ་དཔེ་ཆར་ལྟ་བ་དང་རྒྱུགས་ལེན་པ་སྟེ་རིམ་པ་གཉིས་ཡོད། འཁྲིད་པའི་སྐབས(སྐར་མ10ཡས་མས)སུ་དག་བཅོས་དང་བགྲོ་གླེང་སྟེ་རིམ་པ་གཉིས་ཡོད། རིམ་པ་ཕྱི་མ་ནི་ཚོགས་ཐོག་སྦྱོང་བརྡར་གྱི་སྐབས(སྐར་མ20ཡས་མས)ཡིན།
སློབ་ཁྲིད་ཀྱི་ལས་ཆོད་སྔར་ལས་ཆེ་བར་གཏོང་བའི་སླད་དུ། གཡོང་ཝེའི་སློབ་གྲྭས་ད་དུང་ཡང་གཤམ་ལྟར་གསར་གཏོད་བར་མ་ཆད་པ་བྱས་དང་བྱེད་བཞིན་ཡོད།
1.ཚོགས་སྒུག་དྲིལ་བརྡ་བཙུགས་ནས་ཚོགས་སྒུག་ལམ་ལུགས་ཕྱོགས་ཡོངས་ནས་སྤེལ།
དགེ་རྒན་རྣམས་སྐབས་འགར་འོང་འཕྱིས་ནས་ཚོགས་ཀྱི་རྗེས་སུ་མི་ལུས་པའི་ཆེད་དུ། མ་འཚོགས་གོང་གི་སྐར་མ2ཙམ་གྱི་སྔོན་ལ་ཚོགས་སྒུག་དྲིལ་བརྡ་བཏང་སྟེ། དགེ་རྒན་རྣམས་ཀྱིས་གྲ་སྒྲིག་བྱས་ནས་ཚོགས་སྒུག་བྱ་དགོས།
འདིའི་བྱ་རིམ་ནི།
①ཚོགས་ཐུན་རེ་རེ་བཞིན་མ་འཚོགས་གོང་དུ་ཚོགས་སྒུག་དྲིལ་བརྡ་བརྒྱབ་མ་ཐག ཚོགས་དེར་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་སློབ་ཁང་གི་ཕྱོགས་སུ་འགྲོ་ཞིང་། དྲིལ་བརྡ་བརྒྱབ་ཚར་དུས་དགེ་རྒན་སློབ་ཁང་གི་སྒོ་ཁར་བསླེབས་པར་བྱས་ཏེ། སློབ་ཁང་གི་སྒོ་རུ་ལངས་ནས་ཚོགས་ལ་སྒུག་ཅིང་། སློབ་མ་ཡོངས་ལ་ལྟ་བཞིན་སྐད་ཆ་ཚིག་ཉུང་ངུས་སློབ་མ་རྣམས་ལ་ཚོགས་གྲབས་བྱེད་པའི་བརྡ་བཏང་ནས། སློབ་མ་རྣམས་ཁ་ཁུ་སིམ་མེར་སྡོད་བཞིན་ཚོགས་འཚོགས་པར་སྒུག་ཏུ་འཇུག་དགོས།
②དགེ་རྒན་གྱིས“ཡོ་བྱད། ཤེས་བྱ། ལུས། སེམས། སྙིང་སྟོབས”ཏེ་ཕྱོགས་ལྔ་ནས་སློབ་མ་རྣམས་ལ་སྐུལ་མ་དང་མཛུབ་སྟོན་བྱ་བ་སྟེ། དགེ་རྒན་གྱིས་སློབ་མ་རྣམས་ལ“ཚོགས་འདི××(རིག་ཚན)རེད། ད་ཚོགས་ལ་ཡོད་ཀིན”ཞེས་པ་ལྟ་བུའི་ཚིག་གིས་གསལ་འདེབས་བྱེད་པ་དང་། སློབ་མས་སློབ་སྦྱོང་གི་ཡོ་བྱད་གྲ་སྒྲིག་བྱེད་པ་མ་ཟད། གཙོ་བོར་སློབ་མ་ལྷིང་འཇགས་སུ་བསྡད་དེ་སེམས་ཁམས་ལྷོད་ལ་ཕབ་ནས་བློ་རིག་པ་ནང་དུ་བཀུག་སྟེ། མྱུར་དུ་ཚོགས་དངོས་ཀྱི་རྣམ་པར་ཞུགས་ཤིང་ཚོགས་ཐུན་སྔོན་མའི་ཤེས་བྱ་དྲན་པར་བྱེད་འཇུག་པ་དང་། སྡོད་ཚུགས་སྲོང་ཞིང་རྣམ་རིག་བསྒྲིམས་ཏེ། སེམས་སུ་ངར་དང་ཡིད་ཆེས་དང་བཅས་ཏེ་ཚོགས་ཐུན་གསར་པ་བསུ་བར་འཇུག་དགོས།
ཚོགས་སྔོན་གྱི་སྟ་གོན་གལ་ཆེན་བྱེད་དོན་ནི། ཚོགས་ཐུན་གྱི་བྱ་བར་མྱུར་དུ་འཇུག་ཅིང་ཚོགས་ཀྱི་སྒྲིག་ལམ་བཟང་བ་དང་། གྲུབ་འབྲས་གང་ལེགས་འཐོབ་པར་བྱེད་པའི་ཆེད་དུ་ཡིན།
2.“བགྲོ་གླེང”རིམ་པ་ཇེ་ཞིབ་ཏུ་གཏོང་བ།
“འཁྲིད”པའི་སྐབས་ནི་ཚོགས་ཐུན་གཅིག་གི་རིམ་པ་ཆེས་གལ་ཆེན་དང་གནད་འགག་ཡིན། སྤྱིར་བཏང་འདི་ལ་དག་བཅོས་དང་བགྲོ་གླེང་སྟེ་རིམ་པ་གཉིས་ཡོད། རིམ་པ་འདི་ཇེ་ཞིབ་ཏུ་བཏང་ན་ནི། བརྗེ་སྤོར། དག་བཅོས། བགྲོ་གླེང། དཔྱད་བཅོས་བཅས་རིམ་པ་བཞི་ལ་དབྱེ་ཆོག དེ་ནི་ཚོགས་ཐུན་གྱི་པང་འབྲི་རྫོགས་རྗེས་ཐོག་མར་སློབ་མས་སྦྱོང་དེབ་ཕན་ཚུན་ལ་བརྗེ་སྤོར(དཔྱད་བཅོས་མི་བྱེད)བྱས་རྗེས། དག་བཅོས་དང་བགྲོ་གླེང་རིམ་པར་འཇུག་དགོས། བགྲོ་གླེང་གི་མཇུག་རྫོགས་རྗེས་སུ་དགེ་རྒན་གྱིས་པང་འབྲི་བྱས་པ་ལ་སྐར་མ་རྒྱག་དགོས། འདིར་དགེ་རྒན་གྱིས་སྐར་མ་རྒྱག་པའི་ཚད་གཞི་གསལ་པོ་འཇོག་དགོས་པ་ལས་རབ་བེ་རིབ་བེ་བྱེད་པ་དང་། སློབ་མ་རྣམས་ལ་གྲོས་བྱེད་པ་སོགས་ནི་རྩ་བ་ནས་མི་རུང་། སྐར་མ་བརྒྱབ་ཟིན་པ་དང་ད་དུང་སློབ་མའི་པང་འབྲི་ལ་བཟང་ངན་གྱི་རིམ་པ་དབྱེ་དགོས། དེའི་རྗེས་སུ་སློབ་མ་གྲལ་མཚེས་བར་ལ་དཔྱད་བཅོས་བྱེད་བཅུག་ནས། ཚད་གཞི་ལྟར་བབ་མཐུན་གྱི་སྐར་མ་རྒྱག་དགོས། མཇུག་མཐར་དགེ་རྒན་གྱིས་སློབ་མ་གང་དག་ལ་སྐར་མ་ཆ་ཚང་ཐོབ་མེད་པ་ལ་བརྟག་ཅིང། སློབ་མ་དེ་དག་ལ་དམིགས་ནས“ཐུན་སེལ”བྱ་དགོས།
རིམ་པ་དེ་ལྟར་ཇེ་ཞིབ་ཏུ་གཏོང་བའི་དམིགས་ཡུལ་ནི། སློབ་མས་རིག་པ་བསྒྲིམས་པ་སྔར་བས་གྲིམ་པོ་དང་། གནད་དོན་ཕྱིར་ཕྱུང་བ་སྔར་བས་ཚང་པོ། སྐར་མ་ཐོབ་པ་སྔར་བས་དག་མོ་ཡོང་བའི་ཆེད་དུ་ཡིན། དེ་ལྟར་བྱ་ཐུབ་ཚེ་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་བརྟག་དཔྱད་བྱས་པ་ལ་ནོར་འཁྲུལ་མེད་ཅིང་། “ཐུན་སེལ”གནད་དུ་འགྲོ་ཞིང་འབྲས་བུ་བཟང་པོ་འཐོབ་ངེས་རེད། །
དཔྱད་གཞིའི་ཡིག་ཆ།
[1] གཡོང་ཝེ་སློབ་གྲྭས་བསྒྲིགས། ཚའེ་ལེན་སིན་གཡོང་ཝེ་ན་ཡོད།[G]2006ལོ་ནས2015ལོའི་བར་གྱི་རྒྱལ་ཁབ་སློབ་གསོའི་དུས་དེབ་ཏུ་བཀོད་པའི་ཚའེ་ལེན་སིན་དང་འབྲེལ་བའི་རྩོམ་ཡིག་གཅེས་བསྡུས།
[2] ཚའེ་ལེན་སིན། སློབ་ཁྲིད་གསར་བརྗེ།-ཚའེ་ལེན་སིན་དང་ལྟ་འཁྲིད་སྦྱོང་གསུམ།[M]རྒྱལ་སའི་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་། 2014
[3] ཚའེ་ལེན་སིན། ཚའེ་ལེན་སིན།-དབྱང་སི་ནས་གཡོང་ཝེ།[M]པེ་ཅིན་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་། 2015
[4] གཡོང་ཝེ་སློབ་གྲྭས་བསྒྲིགས། ལག་ལེན་བྱེད་ཐབས་གསར་པ་དང་དཔེར་བརྗོད་འཁྲིད་ཇུས།[G]དམའ་འབྲིང་དང་མཐོ་འབྲིང་གི་རིག་ཚན་སོ་སོའི་ལྟ་འཁྲིད་སྦྱོང་གསུམ་གྱི་དཔེར་བརྗོད་འཁྲིད་ཇུས་གཅེས་བསྡུས། 2018
[5] བོད་རྒྱ་ཚིག་མཛོད་ཆེན་མོ།[M]མི་རིགས་དཔེ་སྐྲུན་ཁང། 1997
[6] གཡོང་ཝེ་སློབ་གྲྭས་སྤེལ་བའི་འཆད་ཁྲིད་ཕྱོགས་བསྡུས། [EB]བརྙན་དང་ཡི་གེ་གཉིས་ལྡན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1