ཨ་རིའི་བོད་རིག་པའི་མི་རབས་གསར་པའི་སྐོར་གླེང་བ། ----- ཨ་རིའི་ཝེར་ཅིན་ནེ་ཡ་སློབ་ཆེན་ནས་སློབ་གཉེར་མཐར་ཕྱིན་ཏེ་ནུབ་ཕྱོགས་སུ་གྲགས་ཆེ་བའི་ བོད་རིག་པའི་ཆེད་མཁས་པ་འགའ་དཔེ་མཚོན་དུ་བྱས་པ།

རིན་ཆེན་རྡོ་རྗེ རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


[གནད་བཏུས] དཔྱད་རྩོམ་འདིའི་ནང་ཨ་རིའི་བོད་རིག་པའི་མི་རབས་གསར་པའི་རིག་གཞུང་ཞིབ་འཇུག་གི་ལས་ཀ་དང་བརྩམས་ཆོས་སྐོར་ངོ་སྤྲོད་དང་དཔྱད་གླེང་ཅུང་ཟད་བགྱིས་པ་ལ་ཝེར་ཅིན་ནེ་ཡ་སློབ་ཆེན་ཆོས་ལུགས་རིག་པའི་སྡེ་ཁག་ཁྲོད་ཀྱི་བོད་བརྒྱུད་ནང་བསྟན་རིག་པའི་ཚན་ཁག་ནས་སློབ་གཉེར་མཐར་ཕྱིན་པའི་སློབ་མ་སྐོར་ཞིག་དཔེ་མཚོན་དུ་བྱས་ཡོད། ཁོ་ཚོ་ད་ལྟ་ཨ་རིའི་སློབ་ཆེན་ཁ་ཤས་སུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་ཅིང་། འདིར་ནུབ་ཕྱོགས་སུ་གྲགས་ཆེ་བའི་བོད་རིག་པའི་མཁས་པ་དེ་དག་གི་རིག་གཞུང་དཔྱད་འབྲས་སྐོར་ཅུང་ཟད་གླེང་རྒྱུ་ཡིན།


[གནད་ཚིག] ཨ་རིའི་བོད་རིག་པ། ཆོས་ལུགས་རིག་པ། བོད་བརྒྱུད་ནང་བསྟན་རིག་པ།


སྤྱིར་ནུབ་ཕྱོགས་སུ་བོད་རིག་པ་དར་སྔ་ཡང་། ཨ་རིར་མཚོན་ན། དུས་རབས་སྔ་མའི་ལོ་རབས་དྲུག་ཅུ་པ་ནས་བཟུང་ད་གཟོད་བོད་རིག་པའི་མྱུ་གུ་འབུས་པ་རེད། ད་ལྟའི་བར་དུས་རབས་ཕྱེད་ལྷག་ཙམ་འགོར་བའི་དུས་ཡུན་ཁྲོད། ཨ་རིའི་བོད་རིག་པ་ཆེས་ཆེར་དར་རྒྱས་སུ་ཕྱིན་ནས་མིག་སྔར་ནུབ་ཕྱོགས་སུ་ཆེད་མཁས་པའི་དཔུང་སྡེ་རྒྱ་ཆེས་ཆེ་ཞིང་རིག་གཞུང་ཆེད་ལས་སྣ་ཆེས་མང་བ་དང་། གཞན་ཡང་བོད་རིག་པའི་གཞུང་ལུགས་དང་ཐབས་ལམ་སྟེང་ནས་འཛམ་གླིང་གི་རྩེ་གྲས་སུ་སླེབས་ཡོད་པ་རེད། ད་ལམ་ང་ཚོའི་མཐོང་ལམ་དུ་གྱུར་པའི་ནུབ་ཕྱོགས་བོད་རིག་པའི་ཞིབ་འཇུག་སྐོར་གླེང་བའི་གྲས་སུ་ཨ་རིའི་བོད་རིག་པ་ལ་མཚོན་ན། མི་རབས་སྔ་མའི་སྐོར་གླེང་བ་ཤུགས་ཆེ་བས་མི་རབས་གསར་པའི་སྐོར་ངོ་སྤྲོད་དང་དེ་དག་གི་རིག་གཞུང་ཞིབ་འཇུག་ལས་ཀ་དང་དཔྱད་འབྲས་སྐོར་གླེང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་ཞིག་རེད། དཔྱད་རྩོམ་འདིར་ཨ་རིའི་བོད་རིག་པའི་ཞིབ་འཇུག་ཁ་ཕྱོགས་སྣ་མང་དུ་གྱེས་ནས་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་ཆེས་ཆེར་དར་རྒྱས་སུ་སོང་ཡོད་ཀྱང་། སློབ་ཆེན་འདིའི་བོད་རིག་པའི་ཚན་ཁག་གིས་གཙོ་བོར་སྔར་སྲོལ་ལྟར་བོད་བརྒྱུད་ནང་བསྟན་རིག་པའི་ཞིབ་འཇུག་གི་ལམ་སྣེ་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་རིག་པའི་ལམ་ནས་ཞིབ་འཇུག་ཁ་ཕྱོགས་དང་། གཞུང་ལུགས། ཐབས་ལམ་སོགས་ཀྱི་ཐད་སྔར་མེད་པའི་གྲུབ་འབྲས་བླངས་ཡོད་ཚུལ་སྐོར་གླེང་ཡོད།


ཁོ་བོས་སྔོན་དཔྱད་རྩོམ་ཞིག་ཏུ་ཨ་རིའི་ཝེར་ཅིན་ནེ་ཡ་སློབ་ཆེན་དཔེ་མཚོན་དུ་བྱས་ནས་ཨ་རིའི་བོད་རིག་པའི་འདས་མ་ད་གསུམ་སྐོར་ལ་ཅུང་ཟད་དཔྱད་གླེང་བགྱིས་པ་ཡིན། འོན་ཀྱང་དཔྱད་རྩོམ་དེ་རིང་དྲགས་པའི་དབང་གིས་མཇུག་མཐར་རྩོམ་ཡིག་དེའི་ནང་ཨ་རིའི་ནང་བསྟན་རིག་པ་དང་བོད་བརྒྱུད་ནང་བསྟན་རིག་པའི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད་ཅུང་ཟད་བྱས་མ་ཐག གླེང་གཞི་གཙོ་བོ་ཝེར་ཅིན་ནེ་ཡ་སློབ་ཆེན་གྱི་བོད་བརྒྱུད་ནང་བསྟན་རིག་པའི་དགེ་རྒན་རྣམ་གསུམ་སྟེ་རྒན་ཇེ་ཧྥི་རེ་ཧ་ཕི་ཁེན་སི(Jeffrey Hopkins)དང། རྒན་དེ་ཝི་ཌི་ཀེར་མཱ་ནའོ(David Germano)། རྒན་ཁི་ཁྲེ་སི་ཞ་ཧྥིར(Kurtis Schaeffer)བཅས་གསུམ་གྱི་རྨད་དུ་བྱུང་བའི་ཞིབ་འཇུག་དཔྱད་འབྲས་སྐོར་ལ་ཅུང་ཟད་དཔྱད་བརྗོད་སྤེལ་བ་ཡིན། ཡིན་ཡང་ཁོ་ཚོས་རྗེས་རབས་པར་ཐེབས་པའི་རིག་གཞུང་ཐད་ཀྱི་ཤུགས་རྐྱེན་སྐོར་ཡེ་ནས་གླེང་ཐུབ་མ་སོང་། དེ་བས་རྩོམ་ཡིག་འདིའི་ནང་དགེ་རྒན་ཁོང་རྣམ་གསུམ་གྱི་བཀའ་དྲིན་ལས་བསྐྱངས་པའི་བོད་རིག་པའི་མི་རབས་གསར་པའི་རིག་གཞུང་ཞིབ་འཇུག་གི་ལས་ཀ་དང་བརྩམས་ཆོས་སྐོར་ངོ་སྤྲོད་དང་དཔྱད་གླེང་ཅུང་ཟད་བགྱིས་པ་ལ་སློབ་ཆེན་འདིའི་བོད་བརྒྱུད་ནང་བསྟན་ཚན་ཁག་ལས་སློབ་གཉེར་མཐར་ཕྱིན་པའི་སློབ་མ་སྐོར་ཞིག་དཔེ་མཚོན་དུ་བྱས་ཡོད། ཁོ་ཚོ་ད་ལྟ་ཨ་རིའི་སློབ་ཆེན་ཁ་ཤས་སུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་ཅིང། འདིར་ནུབ་ཕྱོགས་སུ་གྲགས་ཆེ་བའི་བོད་རིག་པའི་མཁས་པ་དེ་དག་གི་རིག་གཞུང་དཔྱད་འབྲས་སྐོར་ཅུང་ཟད་གླེང་རྒྱུ་ཡིན། དེ་དག་གི་གྲས་སུ་རྒན་ཧ་ཕི་ཁེན་སི་ལགས་ཀྱི་སློབ་མ་བཞི་དང་རྒན་གཞན་གཉིས་སོ་སོའི་སློབ་མ་རེ་རེ་འདུས་ཡོད།


དང་པོ། བོད་བརྒྱུད་ནང་བསྟན་རིག་པའི་ཚན་ཁག་གི་གྲགས་ཆེ་བའི་སློབ་མ་དྲུག


གོང་གི་དགེ་རྒན་ཁོང་རྣམ་པ་གསུམ་པོའི་བཀའ་དྲིན་ལས་ཝེར་ཅིན་ནེ་ཡ་ཆོས་ལུགས་རིག་པའི་སྡེ་ཁག་གི་བོད་བརྒྱུད་ནང་བསྟན་རིག་པའི་སྡེ་ཚན་ནས་ད་ལྟའི་བར་འབུམ་རམས་པའི་སློབ་མ་ལྔ་བཅུ་ལྷག་སློབ་མཐར་ཕྱིན་ཡོད། གཞན་སློབ་མ་མང་པོ་ཞིག་ནས་རབ་འབྱམས་པའི་སློབ་གཉེར་གནང་རྗེས་ཐད་ཀར་ལས་ཀར་ཞུགས་པའམ་སློབ་ཆེན་གཞན་ནས་འབུམ་རམས་པར་སློབ་གཉེར་བྱེད་པ་སོགས་ཅི་རིགས་ཡོད། སྤྱིར་བོད་བརྒྱུད་ནང་བསྟན་རིག་པའི་ཤེས་ཡོན་པ་ཁོང་ཚོའི་ཞིབ་འཇུག་ཁ་ཕྱོགས་དང་ཐབས་ལམ་སྣ་མང་ཡིན་པ་སྐབས་རེར་མཐུན་པའི་ཆ་ཡང་མཆིས་པས་ཞིབ་འཇུག་པ་ཆེ་གེ་མོའི་ཞིབ་འཇུག་ཁ་ཕྱོགས་འདི་དང་དེ་རེད་ཅེས་སོ་སོ་རིགས་དགར་རྒྱུ་ཁག་པོ་འདུག ཞིབ་འཇུག་པ་ཁ་ཤས་ནི་སྔོན་ལ་དགེ་ལུགས་ཕྱོགས་ནས་མཚན་ཉིད་རིག་པའི་སྐོར་ལ་ཞིབ་འཇུག་བྱེད་མགོ་བརྩམས་པ་དང་དེ་ལའང་གྲུབ་འབྲས་ཅུང་ཟད་ཐོན་མགོ་བརྩམས་མ་ཐག་ཞིབ་འཇུག་ཁ་ཕྱོགས་རྦད་དེ་འགྱུར་ནས་བོད་རིག་པའི་གཞུང་ལུགས་ཞིབ་འཇུག་དང་། ཡེ་ཤུ་དང་ནང་པའི་ཆོས་ལུགས་དབར་གྱི་འབྲེལ་ལམ་ལོ་རྒྱུས་སོགས་ཆོས་ལུགས་རིག་པའི་གཞུང་ལུགས་དང་། ལོ་རྒྱུས་རིག་པ། ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་བ། ནང་པའི་སྒྱུ་རྩལ་ལོ་རྒྱུས་སོགས་ཞིབ་འཇུག་མཁན་མི་གཅིག་རང་ངོས་ནས་ཁ་ཕྱོགས་སྣ་མང་ལ་ཞིབ་འཇུག་བྱེད་མགོ་བརྩམས་པ་རེད། གཞན་ཡང་སྔོན་དགེ་ལུགས་ཕྱོགས་ལ་ཞིབ་འཇུག་མཛད་བཞིན་པ་ཕྱིས་སུ་རྙིང་མ་སོགས་ཆོས་བརྒྱུད་གཞན་དག་ལ་ཞིབ་འཇུག་བྱེད་མགོ་ཚུགས་པ་དང་། ཞིབ་འཇུག་པ་ལ་ལས་ཆོས་བརྒྱུད་ལ་མ་བལྟོས་པར་ས་དགེ་བཀའ་རྙིང་ཇོ་ནང་བཅས་གྲུབ་མཐའི་ལོ་རྒྱུས་ལ་དཔྱད་པ། ཞིབ་འཇུག་པ་ལ་ལ་ནི་རྣམ་ཐར་ལོ་རྒྱུས་རིག་པར་ཞིབ་འཇུག་བྱེད་མཁན་ཡིན་ཡང་སྐབས་རེར་ཞོར་ནས་དགོན་པའི་ལྡེབས་རིས་ལོ་རྒྱུས་སམ་ཡང་ན་གསུང་འབུམ་དང་བཀའ་བསྟན་ལོ་རྒྱུས་སྐོར་ནས་ཞིབ་འཇུག་བྱེད་པ། ཡང་ཞིབ་འཇུག་པ་ཁ་ཤས་ནི་ནང་པའི་མཚན་ཉིད་རིག་པ་གཤིབ་སྡུར་བྱས་ནས་ཞིབ་འཇུག་བྱེད་ཞོར་ལོ་རྒྱུས་རིག་པའི་ཞིབ་འཇུག་གི་སྣེ་ལ་ལག་འཇུས་པ། ལ་ལ་ནི་བོད་ཀྱི་དགེ་ལུགས་པའི་བསྡུས་གྲྭ་སོགས་མཚན་ཉིད་སྐོར་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཡིན་པ་ཕྱིས་སུ་ནང་ཆོས་དང་བུད་མེད་དབར་ལ་ཞིབ་འཇུག་བྱེད་པ་དང་དེ་དང་མཉམ་དུ་ནང་པའི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་མཁན་ཡང་ཡོད། ཡིན་ཡང་ལ་ལ་ནི་སྔོན་གྱི་ཞིབ་འཇུག་གི་ཁ་ཕྱོགས་དེ་དུས་ད་ལྟའང་རྒྱུན་སྐྱོང་བཞིན་ཡོད་པ་སོགས་ཅི་རིགས་མཆིས། གཞན་ཡང་བོན་གྱི་ཕྱོགས་ལ་ཞིབ་འཇུག་བྱེད་མཁན་འབུམ་རམས་སློབ་མཐར་ཕྱིན་པའང་ཡོད་པ་དང། ད་ལྟ་བོད་ཀྱི་དམངས་ཁྲོད་ཆོས་ལུགས་སོགས་ལའང་ཞིབ་འཇུག་བྱེད་མཁན་འདུག་པས་སྐབས་རེར་སློབ་གྲྭའི་གཞུང་ངོས་ནས་གཏན་འཁེལ་བྱས་པའི་བོད་བརྒྱུད་ནང་བསྟན་རིག་པའི་ཚན་ཁག་ཅེས་མ་བརྗོད་པར་བོད་རིག་པའི་ཚན་ཁག་ཅེས་འབོད་པའི་སྐབས་ཀྱང་འདུག ཡིན་ཡང་གོང་ནས་བཤད་པ་བཞིན་དཔྱད་རྩོམ་འདིའི་ནང་སློབ་ཆེན་འདིའི་བོད་བརྒྱུད་ནང་བསྟན་རིག་པའི་སྡེ་ཚན་ནས་སྔར་སློབ་གཉེར་མཐར་སོན་པའི་འཐུས་ཚབ་ཞིབ་འཇུག་པ་དྲུག་སྟེ་རྒན་ཧ་ཕི་ཁེན་སི་ལགས་ཀྱི་སློབ་མ་གྲགས་ཆེ་བ་བཞི་དང་། རྒན་ཞ་ཧྥིར་དང་ཀེར་མཱ་ནའོ་གཉིས་སོ་སོའི་སློབ་མ་རྩེ་གྲས་རེ་བཅས་ཆེད་མཁས་པ་དྲུག་སོ་སོའི་རིག་གཞུང་ཞིབ་འཇུག་སྐོར་གླེང་རྒྱུ་ཡིན།


གཅིག རྒན་ཧ་ཕི་ཁེན་སི་ལགས་ཀྱི་སློབ་མ་གྲགས་ཆེ་བ་བཞི།


རྒན་ཧ་ཕི་ཁེན་སི་ལགས་ཀྱིས་བསྐྱངས་པའི་སློབ་མ་དག་གིས་ཆེད་དུ་དབུ་ཕར་སོགས་དགེ་ལུགས་པའི་མཚན་ཉིད་གཙོ་བོར་བཟུང་ཡོད། འབུམ་རམས་སློབ་མ་མང་པོས་སྒོ་མང་ཡིག་ཆ་ལས་བསྡུས་གྲྭ་དང་། བློ་རིགས། རྟགས་རིགས་སམ་ཡང་ན། གྲུབ་མཐའ་ཆེན་མོ་དང་དབུ་མ་ཆེན་མོ་སོགས་ལས་ཚན་པ་རེ་བདམས་པ་ལ་ཆེད་དུ་ཞིབ་འཇུག་བྱས་ནས་འབུམ་རམས་ཆེད་རྩོམ་བྲིས་པ་ཡིན།② ཡིན་ཡང་སློབ་མཐར་ཕྱིན་རྗེས་ཞིབ་འཇུག་གི་ཁ་ཕྱོགས་དགེ་ལུགས་ནས་བོན་དང་། རྙིང་མ། བཀའ་བརྒྱུད་སོགས་ཆོས་བརྒྱུད་གཞན་ལ་བརྗེས་པ་དང་། དགེ་ལུགས་པའི་མཚན་ཉིད་ཀྱི་གཞུང་དབྱིན་འགྱུར་དང་འགྲེལ་བ་རྒྱག་པ་སོགས་ལས་ལོ་རྒྱུས་རིག་པ་དང་རྣམ་ཐར་ལོ་རྒྱུས་རིག་པ་སོགས་ཀྱི་ཞིབ་འཇུག་ཐབས་ལམ་བེད་སྤྱོད་གཏོང་བའི་ཞིབ་འཇུག་པའང་མི་ཉུང་བ་ཡོད། ཡིན་ཡང་སློབ་མ་ལ་ལ་ནི་སྔོན་གྱི་ཞིབ་འཇུག་གི་རྒྱུན་སྐྱོང་བཞིན་ཡོད། གཞན་ཡང་ཁོའི་སློབ་མའི་གྲས་སུ་ཉུང་ཤས་ཤིག་ནི་ཆོས་ཉམས་ལེན་པ་ཡིན་པས་རང་གི་ཆོས་ཚོགས་བཙུགས་ནས་ཆོས་གཞུང་དང་ཉམས་ལེན་ཁྲིད་པའམ་ཡང་ན་ཆོས་ཚོགས་སུ་དགེ་རྒན་བྱེད་བཞིན་ཡོད། གཤམ་དུ་ཁོའི་སློབ་མ་གྲགས་ཆེ་བ་བཞི་སྟེ་གྷ་ཡ་ནེ་ཝོ་ལན་ཌི(Guy Newland)དང་། འབྱོར་རྒྱུ་ཌི་རད་ཧྥི་སི། (Georges Dreyfus)ཌ་ནོལ་ཌི་ལོ་ཕེ་སི། (Donald Lopez)ཨེ་ན་ཁི་ལེན།(Anne Klein)བཅས་སོ་སོའི་རིག་གཞུང་ཞིབ་འཇུག་ཁ་ཕྱོགས་དང་དཔྱད་འབྲས་སྐོར་གླེང་བར་བྱ།


1. འབྱོར་རྒྱུ་ཌི་རད་ཧྥི་སི།


འབྱོར་རྒྱུ་ཌི་རད་ཧྥི་སི་ལགས་ནི་སུའེ་ཙེར་རྒྱལ་ཁབ་ཀྱི་ཡིན་ལ། སློབ་ཆེན་ནས་དངོས་གཞི་མཐར་ཕྱིན་རྗེས། 1970ལོར་དགེ་ལུགས་པའི་དགོན་སྡེ་ག་གེ་མོར་སློབ་གཉེར་གནངས་པ་དང་། 1985ལོར་ལྷ་རམས་པའི་དགེ་བཤེས་ཀྱི་མཚན་བཏགས་བླངས་པ་རེད། དེ་ནི་ཐེངས་དང་པོར་ནུབ་གླིང་གི་ནང་ཆོས་སློབ་གཉེར་བྱེད་མཁན་ཁྲོད་ལྷ་རམས་པ་ཨང་དང་པོ་ལེན་མཁན་དེ་ཡིན། ལྷ་རམས་པའི་མཚན་བཏགས་བླངས་རྗེས། ཨ་རིའི་ཝེར་ཅིན་ནེ་ཡ་སློབ་ཆེན་དུ་སློབ་གཉེར་བྱས་ནས1991ལོར་འབུམ་རམས་པའི་སློབ་གཉེར་ལས་ཐོན་པ་ན་ཨ་རིའི་ཝེ་ལེན་སི་སློབ་གླིང(Williams College)དུ་དགེ་རྒན་གྱི་ཕྱག་ལས་གནང་མགོ་བརྩམས་པ་རེད། ཁོང་ནི་དགེ་ལུགས་པའི་དགོན་སྡེ་ནས་མཚན་ཉིད་སློབ་གཉེར་མཛད་མཁན་ཞིག་ཡིན་ལ། ལྷག་པར་དུ་ཚད་མ་རིག་པའི་ཕྱོགས་ལ་ཧ་ཅང་སྤྲོ་བ་ཆེན་པོ་ཡོད། འབུམ་རམས་སློབ་གཉེར་སྐབས་སུ། ནུབ་གླིང་གི་མཚན་ཉིད་རིག་པའི་སྐོར་ལའང་སློབ་གཉེར་མི་དམན་པ་གནང་ཡོད།


1997ལོར་ཁོང་གིས《བདེན་པ་ངོས་འཛིན་ཚུལ》ཞེས་པའི་ཆེད་དེབ་པར་སྐྲུན་བྱས། དེབ་དེ་ནི1991ལོའི་ཁོའི་འབུམ་རམས་པའི་དཔྱད་རྩོམ་ལས་ཐོན་པ་རེད། དཔེ་ཆ་དེ་ནི་རྒྱ་གར་གྱི་ནང་པའི་ཚད་མ་རིག་པའི་འཕེལ་རིམ་ལོ་རྒྱུས་སྐོར་གླེང་བ་སྔོན་དུ་སོང་ནས། རྒྱ་བོད་གཉིས་ཀའི་མཁས་དབང་རིམ་བྱོན་ཚོས་དཔལ་ལྡན་ཆོས་གྲགས་མཆོག་གི་ཚད་མ་རིག་པའི་དགོངས་དོན་ལ་འགྲེལ་བ་སྣ་མང་བྱུང་བའི་ཚུལ་གླེང་གཞི་གཙོ་བོར་བཟུང་ཡོད། དཔལ་ལྡན་ཆོས་གྲགས་ཀྱི་ཚད་མའི་གཞུང་དུ་ལྟ་བ་མི་མཐུན་པ་སྣ་མང་ཡོད་པ་དང་དེ་དག་ལ་རྒྱ་གཞུང་ཁག་ཏུ་འགྲེལ་བ་རྒྱག་སྟངས་མི་འདྲ་བས། བོད་དུའང་ཆོས་བརྒྱུད་ཁག་གི་འགྲེལ་བ་རྒྱག་ཚུལ་མང་པོ་བྱུང་ཡོད་པ་རེད། དེབ་འདི་པར་དུ་མ་བཏབ་པའི་ཡར་སྔོན་ལ་བོད་ཀྱི་ཚད་མ་རིག་པའི་ཞིབ་འཇུག་གི་ཐད་ནས་མཁས་པ་སྐོར་གཅིག་ནི་དགེ་ལུགས་པའི་ཕྱོགས་ལ་གཞོལ་ཆེ་བ་དང་། སྐོར་གཞན་ཞིག་ནི་ས་སྐྱའི་ཕྱོགས་ལ་གཞོལ་ཆེ་བ་ཡིན།③ ཁོང་ནི་རང་གི་མཛུབ་སྟོན་དགེ་རྒན་ཧ་ཕི་ཁེན་སིའི་ཤུགས་རྐྱེན་འོག་གཙོ་བོར་དགེ་ལུགས་མཚན་ཉིད་ལ་སློབ་གཉེར་བྱས་པ་ཡིན་ཡང་། རང་གི་འབུམ་རམས་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད་བོད་དུ་ཚད་མ་རིག་པའི་བྱུང་འཕེལ་ལ་ཤུགས་རྐྱེན་ཆེས་ཆེ་བའི་ས་དགེ་གཉིས་ཀའི་ཚད་མའི་གཞུང་དག་གཏིང་ཟབ་པོའི་སྒོ་ནས་གཤིབ་སྡུར་བྱས་ཡོད་པ་རེད།


དེབ་འདིའི་དགེ་མཚན་ཆེས་ཆེ་བ་ཞིག་ནི་ནང་པའི་ཚད་མའི་བྱུང་འཕེལ་ལོ་རྒྱུས་སྐོར་གླེང་ཞོར་ཐོག་མར་རྒྱ་གར་གྱི་མཁས་ཆེན་རིམ་བྱོན་གྱི་བཞེད་ཚུལ་མི་མཐུན་པ་དང་ཕྱིས་སུ་ཚད་མའི་ཤུགས་རྐྱེན་ཆེས་ཆེ་བའི་ས་སྐྱའི་མཁས་དབང་ས་པཎ་ཀུན་དགའ་རྒྱལ་མཚན་དང་གོ་རམས་པ་བསོད་ནམས་སེང་གེ པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ས་སྐྱའི་མཁས་ཆེན་དག་གི་བཞེད་ཚུལ་མི་མཐུན་པ། དགེ་ལུགས་པའི་ཁྲོད་ཀྱི་རྒྱལ་ཚབ་དང་མཁས་གྲུབ་རྗེ་སོགས་ཀྱི་བཞེད་ཚུལ་མི་མཐུན་པ་སོགས་དགེ་ལུགས་དང་ས་སྐྱ་ཞེས་ཆོས་བརྒྱུད་གཅིག་ཏུའང་བཞེད་ཚུལ་མི་མཐུན་པ་སྣ་ཚོགས་ཡོད་པས་དེ་དག་ཞིབ་ཏུ་གཤིབ་སྡུར་བྱས་ནས་དཔྱད་གླེང་བགྱིས་པ་དེ་རེད། བྱེ་བྲག་ཏུ་དེབ་འདིའི་ནང་སྤྱི་དོན་དང་མྱོང་བ། སྤྱི་དང་བྱེ་བྲག རང་མཚན་དང་སྤྱི་མཚན། དོན་དམ་དང་ཐ་སྙད་དུ་ཡོད་མེད་ལ་སོགས་པ་ལས་ཕྱི་དོན་བདེན་པར་ཡོད་མེད། མངོན་སུམ་དང་། རྗེས་དཔག་ཚད་མ། རྟོག་པ་བཅས་དབར་གྱི་འགལ་འབྲེལ། ཚད་མ་དང་ཚད་མིན་གྱི་བློ་རིགས་དགར་སྟངས་ཀྱི་ཁྱད་པར། ཚད་མའི་གཞལ་བྱ་ཡུལ་དང་ཡུལ་ཅན་དབར་གྱི་འགལ་འབྲེལ་བཅས་གཙོར་བཟུང་ནས་དཔྱད་གླེང་བགྱིས་ཡོད། སྤྱིར་རྒྱ་གར་གྱི་ནང་པའི་མཁས་ཆེན་དག་དང་། གཞན་དགེ་ལུགས་དང་ས་ལུགས། ཆ་ལུགས་སོགས་དེ་དག་སོ་སོའི་ཁྲོད་དུའང་བཞེད་ཚུལ་མི་མཐུན་པ་མང་བས། དེ་དག་སོ་སོའི་ཐུན་མིན་གྱི་བཞེད་ཚུལ་ཁ་གསལ་པོའི་སྒོ་ནས་གསེད་བཀྲོལ་བྱས་ཡོད། གཞན་ཡང་ནུབ་ཀྱི་ཤེར་རྟོགས་རིག་པ་དང་གང་འོས་སྒོས་གཤིབ་སྡུར་བྱས་ཡོད་པས་ནང་པའི་ཚད་མ་རིག་པར་འཇུག་མཁན་ཞིག་ལ་མཚོན་ན་དེབ་འདི་ནི་རྨད་དུ་བྱུང་བ་ཞིག་རེད།


2003ལོར་ཁོང་གིས་བརྩམས་པའི《ཐལ་སྒྲ》ཞེས་པ་ནི་ཐེངས་དང་པོར་བོད་ཀྱི་དགོན་སྡེའི་རིག་གནས་དང་འཚོ་བ་རྣལ་མ་དེ་རྩོམ་པ་པོ་རང་ཉིད་རྒྱ་གར་དུ་དགོན་པར་སློབ་གཉེར་བྱེད་སྐབས་ཀྱི་མི་ཚེའི་ལོ་རྒྱུས་དང་སྦྱར་ནས་ནུབ་གླིང་པ་དག་ལ་ངོ་སྤྲོད་བྱས་པའི་དེབ་ཅིག་རེད། དགོན་པའི་འཚོ་བ་དང་སློབ་གཉེར་ལམ་ལུགས། གཞུང་བཀའ་པོད་ལྔའི་སྤྱི་ཁོག བཤད་སྒྲུབ་གཉིས་ཀྱི་ཁྱད་པར། རྒྱ་གཞུང་རྩ་འགྲེལ་དང་བོད་རང་གི་ཡང་འགྲེལ་དབར་གྱི་འབྲེལ་བ། ནང་པའི་ཆོས་ལུགས་ཁྲོད་ཀྱི་ཤེར་རྟོགས་རིག་པ་དང་ལྷར་དད་པའི་རིག་གནས་དབར་གྱི་འགལ་འབྲེལ་བཅས་གཙོར་བཟུང་ནས་ངོ་སྤྲོད་དང་གང་འཚམ་སྒོས་དཔྱད་གླེང་གནང་ཡོད་པས་དེབ་འདིར་དགའ་བསུ་ཆེན་པོ་ཐོབ་ཡོད། མཁས་དབང་ཁོང་ནི་བོད་ཀྱི་ཚད་མ་རིག་པའི་ཞིབ་འཇུག་ཆེད་མཁས་པ་ཞིག་ཡིན་མོད། ཁོས་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་པའི་ཝེ་ལེན་སི་སློབ་གླིང་ནི་ཨ་རིའི་སྐད་གྲགས་ཆེ་བའི་དངོས་གཞིའི་སློབ་གྲྭ་ཞིག་ཡིན་པས། སློབ་གྲྭ་རང་ལ་མཚོན་ན་ཞིབ་འཇུག་ལས་དཔེ་ཁྲིད་གཙོར་བཟུང་བ་ཡིན།


2. ཌ་ནོལ་ཌི་ལོ་ཕེ་སི།


ཌ་ནོལ་ཌི་ལོ་ཕེ་སི་ལགས་ནི་ཇེ་ཧྥེ་རེའི་སློབ་མའི་གྲས་སུ་མཚན་སྙན་ཆེ་ཤོས་གྲས་སུ་ཡོད། ཁོ་རང་ད་ལྟ་མེ་ཞི་གྷན་སློབ་ཆེན(University of Michigan)དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད། ཁོས་འབུམ་རམས་ཆེད་རྩོམ་ལ་དབུ་མ་རང་རྒྱུད་པའི་སྐོར་བྲིས་པ་རེད། དེ་བས་མཚན་ཉིད་རིག་པའི་ཕྱོགས་ནས་ཁོས་དབུ་མ་རང་རྒྱུད་པའི་ཞིབ་འཇུག་ཆེད་དེབ་གཅིག་དང་ཤེས་རབ་སྙིང་པོའི་འགྲེལ་བ་གཙོ་བྱས་པའི་དེབ་གཉིས་བཅས་ཁྱོན་དེབ་གསུམ་པར་དུ་བསྐྲུན་ཡོད། དེ་དག་གི་ཞིབ་འཇུག་ཐབས་ལམ་ནི་ཧ་ལམ་ཇེ་ཧྥེ་རི་ལགས་ཀྱིས་ཁོ་རང་གི་ཞིབ་འཇུག་ལས་ཀར་ཐེབས་པའི་ཤུགས་རྐྱེན་རེད། ཡིན་ཡང་། དེའི་རྗེས་སུ། ཁོའི་ཞིབ་འཇུག་གི་ཐབས་ལམ་དང་ཁ་ཕྱོགས་ལ་རྦད་དེ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། ཁ་ཕྱོགས་དེ་ནི་དུས་རབས་མང་པོའི་རིང་ནས་ནུབ་ཕྱོགས་པས་ནང་བསྟན་དང་སྒོས་སུ་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཚུལ་སྐོར་གྱི་ལོ་རྒྱུས་དང་། ནང་ཆོས་དང་ཚན་རིག་གཉིས་དབར་གྱི་འགལ་འབྲེལ་སྐོར་གཙོ་བོར་གླེང་བ་དེ་རེད། ཁོས་བརྩམས་པའི་ཆེད་དེབ་དང་། རྩོམ་སྒྲིག་བྱས་པའི་དེབ། དབྱིན་འགྱུར་དེབ། མཉམ་ལས་བྱས་པའི་དེབ་ཁ་གྲངས་མང་པོ་ཡོད། འདིར་ཁོས་རང་གི་ཚབ་མཚོན་བརྩམས་ཆོས་ཆེད་དེབ་གསུམ་སོ་སོར་གླེང་བར་བྱ། ④ཁོང་གི་བརྩམས་ཆོས་ཆེས་གྲགས་ཆེ་བ་ནི་1998ལོར་པར་དུ་བསྐྲུན་པའི《སེམས་ཀྱི་ཉི་ཟླའི་བཙོན་མ》ཞེས་པ་དེ་རེད། དེབ་འདིའི་ནང་ཐོག་མར་ནུབ་ཕྱོགས་སུ་ཤེས་ཡོན་པ་དང་། ཉམས་ཞིབ་པ། ཚོང་པ། ཆོས་སྤེལ་མཁན་ཚོས་བོད་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་ངོས་འཛིན་ག་འདྲ་བྱེད་ཀིན་ཡོད་པའི་ལོ་རྒྱུས་སྐོར་ཞིབ་ཏུ་བརྗོད་ཡོད། བྱེ་བྲག་ཏུ་ཧ་ལམ་དུས་རབས་བཅུ་བདུན་པ་ནས་བཟུང་། ནུབ་ཕྱོགས་པས་བོད་ལ་རྒྱུས་ལོན་ཡེ་ནས་མེད་པས་རྟོག་བཟོའི་ཆ་མང་པོ་བྱུང་བ་རེད། ཁོ་ཚོས་བོད་བརྒྱུད་ནང་བསྟན་ནི་གདོན་གྱིས་བརླམས་པའི་ཆོས་ཤིག་ཡིན་པ་དང། གཞན་ཡང་རོ་མན་གནམ་བདག་ཆོས་ལུགས་སམ་ཡང་ན་རྒྱ་གར་གྱི་ནང་ཆོས་སོགས་ལ་ལྷད་ཞུགས་པའི་ཤུལ་གྱི་ལྷག་མ་ཙམ་ཡིན་པ་སོགས་ཀྱི་ལྟ་ཚུལ་སྣ་མང་འདོད་མཁན་བྱུང་བ་རེད། ཡིན་ཡང་དུས་རབས་བཅུ་དགུ་པར་ཀུན་སྤྱོད་དང་ལྷད་མ་ཞུགས་པའི་ཆོས་ཡིན་འདོད་མཁན་ཡང་བྱུང་བ་རེད། དུས་རབས་ཉི་ཤུ་པའི་ཕྱེད་ཕྱི་མར་བོད་བརྒྱུད་ནང་བསྟན་ངོས་འཛིན་ཐད་ནས་ནུབ་ཕྱོགས་སུ་གནམ་ས་བླ་འོག་ལྟ་བུའི་འགྱུར་བ་བྱུང་བ་རེད། རྒྱུ་མཚན་གཅིག་ནི་སྐབས་དེ་དུས་ནུབ་ཕྱོགས་སུ་བོད་ཀྱི་བླ་མ་དང་དགེ་བའི་བཤེས་གཉེན་མང་པོ་འོངས་ནས་དེ་དག་ཕལ་མོ་ཆེས་ཆོས་ཚོགས་བཙུགས་ནས་ཆོས་ཁྲིད་གནང་བ་དང། གཞན་ཡང་མི་ཉུང་པ་ཞིག་ནས་སློབ་ཆེན་དུ་དཔེ་ཁྲིད་བྱེད་མགོ་ཚུགས་པ་རེད། གཉིས་ནི་སྐབས་དེར་རྒྱ་གར་གཙོ་བྱས་པའི་རྒྱ་བལ་འབྲུག་གསུམ་ནས་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་དུ་བོད་ཀྱི་ནང་པའི་དཔེ་ཆ་མང་པོ་འཚོལ་བསྡུ་བྱས་པ་དང་གཞན་ཡང་ཨ་རིའི་སློབ་ཆེན་གྲགས་ཆེན་དག་ཏུའང་བོད་ཡིག་དཔེ་མཛོད་འཐུས་ཚང་དུ་སོང་བ་རེད། སྐབས་དེར་ནང་བསྟན་རིག་པའི་སྡེ་ཚན་སོགས་ཀྱང་གསར་དུ་བཙུགས་ནས་དེ་ལས་བོད་བརྒྱུད་ནང་བསྟན་ཕྱོགས་ལ་ཞིབ་འཇུག་དང་སློབ་གཉེར་བྱེད་མགོ་ཚུགས་པ་རེད། དེ་དུས་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་ནི་བཀའ་བསྟན་གྱི་འགྱུར་ཆེས་ཡག་ཤོས་དང་ཆེས་འཐུས་ཚང་ཡིན་རབས་སྐོར་གྱི་ངོས་འཛིན་གསར་པ་བྱུང་བ་རེད།⑤དེབ་འདིའི་ནང་གི་གླེང་གཞི་གཙོ་བོ་བྱིངས་ནི་བར་དོ་ཐོས་གྲོལ་ལ་ངོས་འཛིན་དང་འགྲེལ་བ་བྱེད་སྟངས། མ་ཎི་ཡིག་དྲུག་གི་གོ་བ་ལེན་སྟངས། དབྱིན་ཇི་ནས་ཐོན་པའི་སྒྲུང་དེབ་གསུམ་ནུབ་ཕྱོགས་སུ་རྒྱུག་ཆེ་བར་གྱུར་པའི་ཚུལ། བོད་ཀྱི་ཁྲོ་སྐུ་དང་། རྡོ་རྗེ་ཡབ་ཡུམ། དཀྱིལ་འཁོར་གསུམ་གཙོ་བོར་བཟུང་ནས་བོད་བརྒྱུད་གསང་སྔགས་ལྷ་རིས་སྒྱུ་རྩལ་ཐད་ཀྱི་རྒྱུས་ལོན་བྱུང་ཚུལ། ཨ་རི་ནས་ཐོག་མར་བོད་རིག་པའི་རིག་ཚན་ཐོག་མར་དར་བའི་སྐོར། མཇུག་མཐར་བོད་བརྒྱུད་ནང་བསྟན་དང་ཚན་རིག་དབར་གྱི་འགལ་འབྲེལ་གླེང་ཞོར་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་དར་ཆེ་བར་གྱུར་ཚུལ་བཅས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་ཞིབ་ཏུ་དཔྱད་གླེང་བགྱིས་ཡོད། དེབ་འདི་ལས་རྩོམ་པ་པོས་བོད་རང་དང། ནུབ་ཕྱོགས་ཀྱི་ཤེས་ཡོན་པ་དང་མང་ཚོགས་དཀྱུས་མ་ཚང་མས་བོད་བརྒྱུད་ནང་བསྟན་རིག་གནས་ལ་ངོས་འཛིན་དང་རྒྱུས་ལོན་བྱེད་པའི་གོ་རིམ་གྱི་ཁྲོད་དུ། རྒྱུས་ལོན་མེད་པར་རྟོག་བཟོ་བྱས་དང་མ་བྱས་པའི་ཆ་ཡོད་པ་དང་། དུས་ད་ལྟའང་ལྷག་པར་དུ་ཤེས་ཡོན་པ་ཚོས་སྒྲོག་དེ་ལས་གྲོལ་བར་འབད་ཐབས་བྱེད་ཀྱང་ང་ཚོར་སྔར་བཞིན་རིག་གནས་གཤིབ་སྡུར་རིག་པའི་བག་ཆགས་ཟབ་པས་ནམ་ཡང་བོད་ཀྱི་ནང་བསྟན་རིག་གནས་རྣལ་མ་རྒྱུས་ལོན་བྱེད་དཀའ་བ་དངོས་ཤུགས་གཉིས་ནས་བསྟན་ཡོད།

དེབ་འདིའི་དགེ་མཚན་ཆེས་ཆེ་བ་ཞིག་ནི་གཞུང་ལུགས་ཐད་ནས་ཤར་ཕྱོགས་རིང་ལུགས་ཞེས་པའི་དེབ་དེའི་ཞིབ་འཇུག་ཐབས་ལམ་དེ་སྔོན་རྒྱ་གར་དང་། ཡ་གླིང་དབུས་མ་སོགས་ལ་ཁ་གཏད་ཡོད་པ་ཚུར་བོད་དང་སྦྱར་ནས་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་རིག་གནས་ལ་ངོས་འཛིན་བྱེད་པར་རྒྱུས་ལོན་མེད་པ་ནས་ཅུང་ཟད་རྒྱུས་ཡོད་དུ་གྱུར་ནས་ཡེ་ཤུ་ཆོས་ལུགས་དང་གཤིབ་སྡུར་བྱས་པ། དེའི་རྗེས་སུ་གཙོ་བོ་ཡུལ་སྐོར་ཟིན་ཐོ་སོགས་ལས་སྔར་བས་རྒྱུས་ཡོད་དུ་གྱུར་པ། རིམ་བཞིན་ནང་པའི་གསུང་རབ་དག་ལས་རྒྱུས་ལོན་བྱས་པ། ཡང་དེའི་རྗེས་སུ་བོད་རིག་པའི་རིག་ཚན་དར་ནས་རིག་གཞུང་ཞིབ་འཇུག་ལྟོས་བཅས་ཀྱི་སྒོ་ནས་འཐུས་ཚང་དུ་སོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དེར་དཔྱད་བརྗོད་གནང་ཡོད། དེབ་འདིར་བོད་རིག་པའི་ཆེད་མཁས་པའི་གྲས་སུ་དགའ་བསུ་ཆེན་པོ་ཐོབ་ཡོད། ཡིན་ཡང་དེ་ལ་ཕྱོགས་སྣ་མང་པོ་ནས་དགག་བཞག་བྱེད་མཁན་མི་ཉུང་བ་ཡོད། དཔེར་ན་དེབ་དེའི་མཇུག་གི་ཚན་པའི་ནང་བོད་རང་ལ་ནུབ་ཕྱོགས་པའི་ཤུགས་རྐྱེན་འོག་བོད་པ་རང་གིས་དེ་དང་མཐུན་པར་ནང་ཆོས་དང་ཚན་རིག་མཐུན་པོ་ཡིན་རབས་སྒྲུབ་པ་སོགས་ཀྱི་སྐོར་ལ་དགག་བཞག་བྱེད་མཁན་བྱུང་བ་རེད། ལོ་རྒྱུས་སྟེང་ཕྱི་ཕྱོགས་རིག་གནས་དག་དང་འབྲེལ་འདྲིས་བྱས་པའི་ཁྲོད། བོད་རང་ངོས་ནས་ཀྱང་ནང་ཆོས་དང་ཚན་རིག་གཉིས་མཐུན་པ་དང་། ནང་ཆོས་ནི་གནའ་བོའི་ལྷད་མེད་པའི་ཤེས་རིག་དང་འཇིག་རྟེན་གྱི་བདེན་པ་མཐའ་དག་བཀྲོལ་མཁན་གྱི་ཤེས་རབ་ཡིན་ཚུལ་སོགས་སྒྲུབ་མཁན་བོད་རང་གི་ལོ་རྒྱུས་སྟེང་བྱུང་མྱོང་པས་མ་མཐར་ཡང་ནང་ཆོས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་ཚུལ་དེ་དག་ནི་ནུབ་ཕྱོགས་པའི་ཤུགས་རྐྱེན་ཁོ་ན་ལས་བྱུང་བ་མིན་པའི་སྐོར་རིགས་པས་བསྒྲུབས་ནས་དགག་གཞག་གནང་ཡོད། ⑥ཁོང་གི་དེབ་གཉིས་པ《དགེ་ཆོས་སྨྱོན་པའི་དབུ་མའི་དགོངས་པ》ནི2005ལོར་པར་དུ་བཏོན་པ་རེད། དེབ་འདིའི་ནང་ཐོག་མར་དགེ་ཆོས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་ཁོང་གི་ཀླུ་སྒྲུབ་དགོངས་རྒྱན་དང། གཏམ་རྒྱུད་གསེར་གྱི་ཐང་མ། དེབ་དཀར། འཇིག་རྟེན་རིལ་མོའམ་ཟླུམ་པོ་ཞེས་པ་བཅས་ཁོང་གི་ཚབ་མཚོན་བརྩམས་ཆོས་སྐོར་ལ་དཔྱད་གླེང་ཅུང་ཟད་བགྱིས་ཡོད། གཞན་ཡང་དེབ་སྔོན་དབྱིན་འགྱུར་མཛད་པ་དང་། བོད་དུ་བཙོན་འཇུག་བྱུང་བའི་དོན་རྐྱེན་དང་དེའི་རྗེས་ཀྱི་གནས་ཚུལ་སོགས་ལ་གང་འོས་སྒོས་དོགས་སློང་མཛད་ཡོད།


དེབ་འདིའི་ནང་ཀླུ་སྒྲུབ་དགོངས་རྒྱན་དབྱིན་འགྱུར་དུ་ཕབ་རྗེས་དེ་ལ་རྩོམ་པ་པོ་རང་ངོས་ནས་འགྲེལ་བ་མཛད་ནས་སོ་སོ་སྐྱེ་བོ་དང་སངས་རྒྱས་དབར་གྱི་ཁྱད་པར་དང། ཐལ་འགྱུར་བས་རང་ལུགས་འཇོག་རྒྱུ་ཡོད་མེད། དྲང་ངེས་རྣམ་གཞག་གི་འབྲེལ་བ། བདེན་གཉིས་དབར་གྱི་འགལ་འབྲེལ། ཤེས་སྒྲིབ་དང་ཉོན་སྒྲིབ་གོ་འབྱེད་པ། ཐ་སྙད་ཚད་གྲུབ། ཡང་དག་མ་ཡིན་པའི་ཀུན་རྫོབ་སོགས་ཀུན་རྫོབ་རིགས་དགར་སྟངས། སྣང་སྲིད་ཙམ་དང་བཏགས་པ་ཙམ་དུ་ཡོད་པ་བཅས་གཙོ་གནད་དུ་བཟུང་ནས་དགེ་ཆོས་ལགས་ཀྱིས་དགེ་ལུགས་པའི་བཞེད་ཚུལ་མང་པོར་དགག་གཞག་མཛད་ཡོད་ཚུལ་བསྟན་ཡོད། ཀླུ་སྒྲུབ་དགོངས་རྒྱན་ནི་ཁོང་གི་བརྩམས་ཆོས་ཡིན་མིན་དཔྱད་གླེང་བགྱིས་ཞོར་དུ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། ཁྲི་བྱང་རིན་པོ་ཆེ་སོགས་དགེ་ལུགས་པའི་དགག་ལན་དག་ལའང་གང་འོས་སྒོས་ངོ་སྤྲོད་བགྱིས་ཡོད། དེབ་འདིའི་ནང་དགེ་ཆོས་ལགས་ཀྱི་མི་ཚེའི་སྐོར་དང་འབྲེལ་ནས་ནང་ཆོས་དང་ཚན་རིག་གི་སྐོར་བརྗོད་པ་དེ་ནི་ཁོང་གི་ཚབ་མཚོན་དེབ་གསུམ་པ《ནང་ཆོས་དང་ཚན་རིག》ཅེེས་པའི་དེབ་དེའི་ནང་རྒྱས་པར་དཔྱད་གླེང་བགྱིས་ཡོད། དབུ་མའི་སྐོར་གྱི་དཔྱད་གླེང་ནི་ཁོ་རང་འབུམ་རམས་སློབ་གཉེར་སྐབས་དང་དེའི་རྗེས་སུ་མཚན་ཉིད་རིག་པའི་སྐོར་ནས་དེབ་གསུམ་བཏོན་ཡོད་པ་དེ་དག་དང་འབྲེལ་ཆེ་བས། དེབ་འདི་ལས་ཁོང་གི་ཞིབ་འཇུག་ཁ་ཕྱོགས་གཉིས་ཀ་གཅིག་ཏུ་འདུས་ཡོད་པ་རྟོགས་ཐུབ། གཞན་ཡང་ཁོང་གིས་དགེ་ཆོས་ཀྱི་སྙན་ངག་ཁག་དབྱིན་འགྱུར་མཛད་ནས་དེ་དག་ལ་དགེ་ཆོས་ཁོང་གི་མི་ཚེ་དང་སྐབས་དེའི་སྤྱི་ཚོགས་ལོ་རྒྱུས་རྒྱབ་ལྗོངས་དང་སྦྱར་ནས་དཔྱད་བརྗོད་གང་འཚམ་གནང་ཡོད། མ་འོངས་པར་དགེ་ཆོས་ལགས་ལ་རྒྱུས་ལོན་བྱེད་པར་ང་རང་གིས་ཤེས་ཚོད་ལ་བོད་རྒྱ་དབྱིན་གསུམ་ཞིབ་འཇུག་ལས་ཁོང་གིས་མཛད་པའི་དགེ་ཆོས་སྨྱོན་པའི་ཀླུ་སྒྲུབ་དགོངས་རྒྱན་གྱི་དེབ་འདི་ཆེས་ཡག་ཤོས་རེད་སྙམ།


ཁོང་གི་ཚབ་མཚོན་བརྩམས་ཆོས་དེབ་གསུམ་པ《ནང་ཆོས་དང་ཚན་རིག》ཅེེས་པ་དེ2008ལོར་པར་དུ་བཏོན་པ་ཡིན། དེབ་འདི་ལས་འདས་པའི་དུས་རབས་གཅིག་དང་ཕྱེད་ཀའི་རིང་ནང་པ་དག་ཡེ་ཤུ་ཆོས་པ་དང། ནུབ་ཕྱོགས་མི་སེར་སྤེལ་མཁན་སོགས་དང་འབྲེལ་འདྲིས་ཁྲོད་ནང་བསྟན་དང་ཚན་རིག་གཉིས་མཐུན་མིན་སྐོར་གྱི་རྩོད་གཞིའི་ཕྱོགས་ནས་དཔྱད་གླེང་བགྱིས་ཡོད། སྐབས་དེ་དང་དེའི་རྗེས་སུ་ཡ་གླིང་གི་ནང་པ་དང་། ནུབ་ཕྱོགས་སུ་ནང་ཆོས་ལ་དད་པ་དང་སྤྲོ་བ་ཡོད་མཁན། ཡ་གླིང་གི་ཤེས་ཡོན་པ་སོགས་ཀྱི་གྲས་སུ་ནང་ཆོས་དང་ཚན་རིག་གཉིས་མཐུན་པོ་ཡོད་པ་དང་། ནང་ཆོས་ནི་ལྷ་མེད་སྨྲ་བ་ཡིན་པ་དང་། ཤར་ཕྱོགས་ཤེར་རྟོག་རིག་པ་དང་ཀུན་སྤྱོད་རིག་པ་ཟུང་འབྲེལ་ཡིན་པའི་གནའ་བོའི་སླད་མེད་པའི་ཤེས་རིག་ཡིན་པར་འདོད་མཁན་མང་པོ་ཡོད། ཡིན་ཡང་མི་ཉུང་བ་ཞིག་གིས་ནང་ཆོས་ནི་གདོན་གྱི་ཆོས་ཡིན་པ་དང་གནམ་བདག་ཆོས་ལུགས་སོགས་ཀྱི་ལྷག་མའི་ཤུལ་ཡིན་པར་འདོད་ཡོད། དུས་རབས་སྔ་མའི་མཇུག་ཏུ་ཁོ་ཚོས་ནང་ཆོས་རྣལ་མ་དེ་ནི་ཡ་གླིང་ལྷོ་མའི་ཐེག་དམན་ལུགས་ཡིན་པར་འདོད་པ་དང། དུས་རབས་སྔ་མའི་ཕྱེད་ཙམ་ནས་ལྗར་པན་གྱི་བསམ་གཏན་ལུགས་དང་དེའི་རྗེས་བོད་བརྒྱུད་ནང་བསྟན་རྒྱུག་ཆེ་བར་གྱུར་པ་སོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་དཔྱད་གླེང་མཐིལ་ཕྱིན་པ་བགྱིས་ཡོད། སྐབས་འདི་དག་ལ་ནང་ཆོས་དང་ཚན་རིག་གཉིས་མཐུན་མིན་སྐོར་གྱི་རྩོད་གཞི་གཙོ་བོ་གཉིས་ནི་མཛོད་ལས་བསྟན་པའི་རིའི་རྒྱལ་པོ་སྙིང་བོར་བྱས་ཡོད་པའི་འཇིག་རྟེན་གྱི་ཁམས་ཆགས་ཚུལ་དང་། ནང་ཆོས་ཀྱིས་རྒྱ་གར་གྱི་སྤྱི་ཚོགས་གྲལ་རིམ་ལ་ཡང་སྙིང་དགག་གཞག་ག་འདྲ་བྱས་ཡོད་མེད་སྐོར་ནས་རེད། རྩོད་གཞི་འདི་གཉིས་བརྒྱུད་ནས་ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་བའི་ཐད་དགག་སྒྲུབ་བྱེད་མཁན་ཕྱོགས་གཉིས་ཀའི་བཞེད་ཚུལ་དང་དེ་སོ་སོའི་རིགས་པའི་སྒྲུབ་སྟངས་སོགས་གསེད་བཀྲོལ་གནང་ཡོད།


3. ཨེ་ན་ཁི་ལེན།


ཁོ་མོ་ནི་ད་ལྟ་ཪའེ་སི་སློབ་ཆེན་དུ(Rice University)དགེ་རྒན་གྱི་ཕྱག་ལས་གནང་གིན་ཡོད། ཁོ་མོ་ནི་ནང་ཆོས་ཞིབ་འཇུག་ཆེད་མཁས་པ་ཞིག་ཡིན་པ་མ་ཟད། ནང་ཆོས་ཉམས་ལེན་པ་རྣལ་མ་ཞིག་ཡིན་ལ་མོས་སྐྱ་རེངས་རི་བོ(Dawn Mountain)ཞེས་པའི་ཆོས་ཚོགས་ཤིག་བཙུགས་ཡོད་པ་དེར་མོས་ཆོས་ཉམས་ལེན་སྐོར་ནས་ཆོས་ཁྲིད་གནང་བཞིན་ཡོད།⑦ ཁོ་མོས་ཝེར་ཅིན་ནེ་ཡ་སློབ་ཆེན་དུ་དགེ་ལུགས་པའི་གྲུབ་མཐའི་ཁྲོད་ཀྱི་མདོ་སྡེ་སྨྲ་བའི་སྐོར་ལ་ཞིབ་འཇུག་བྱས་ནས་འབུམ་རམས་ཆེད་རྩོམ་མཛད་པ་རེད། ཕྱིས་སུ་དེ་དང་འབྲེལ་ནས་དེབ་གཉིས་པར་དུ་བཏོན་འདུག དེབ་དེ་གཉིས་ལས་གཅིག་གཤམ་དུ་གླེང་རྒྱུ་ཡིན། གཞན་ཡང་མཁན་ཟུར་ཡེ་ཤེས་ཐུབ་བསྟན་ལགས་ཀྱི་དབུ་མའི་འཆད་ཁྲིད་ཕྱོགས་བསྒྲིགས་མཛད་ཡོད་པ་དང། ལོ་ཤས་སྔོན་ལ་ཁོ་མོས་ཀློང་ཆེན་སྙིང་ཐིག་གི་སྐོར་ནས་ཉམས་ཁྲིད་སྐོར་གྱི་དེབ་ཅིག་རྩོམ་སྒྲིག་མཛད་ཡོད། དེ་མིན་ནང་པའི་བདག་མེད་ལྟ་བ་དང་དེང་གི་བུད་མེད་རིག་པ་གཉིས་ཟུང་འབྲེལ་བྱས་ནས་དེབ་ཅིག་བརྩམས་ཡོད། ཡིན་ཡང་། མོའི་ཅུང་ཟད་གྲགས་ཆེ་བའི་བརྩམས་ཆོས་ནི《ཤེས་བྱ་དང་ཐར་པ》ཞེས་པ་དང་། 《ཐིག་ལེ་ཉག་གཅིག》ཅེས་པའི་དེབ་དེ་གཉིས་རེད།


1986ལོར་པར་དུ་བཏོན་པའི་མོའི་ཆེད་དེབ《ཤེས་བྱ་དང་ཐར་པ》ཞེས་པ་ལས་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་བཤད་སྒྲུབ་གཉིས་ཀྱི་འབྲེལ་བ་དང་དགེ་ལུགས་པའི་མཚན་ཉིད་དང་སྒོམ་གཉིས་དབར་གྱི་འབྲེལ་བའི་སྐོར་གླེང་ཞོར། དགེ་ལུགས་པའི་བདེན་གཉིས་ལ་འགྲེལ་བ་རྒྱག་ཚུལ་དང་ས་སྐྱའི་སྟག་ཚང་ལོ་ཙཱ་པའི་དེའི་སྐོར་གྱི་བཞེད་ཚུལ་གཉིས་གཤིབ་སྡུར་བྱས་ཡོད་པ་དང་། མངོན་སུམ་དང་རྗེས་དཔག་ཚད་མའི་དབར་གྱི་འབྲེལ་བ་དང། མ་ཡིན་དགག་དང་མེད་དགག་སོགས་དགེ་ལུགས་པའི་དགག་གཞག་གི་སྐོར་བཅས་ལ་དཔྱད་བརྗོད་མཛད་ཡོད། དེབ་འདིའི་སྤྱིའི་གླེང་བྱ་གཙོ་བོ་ནི་མཚན་ཉིད་རིག་པ་དང་སྒོམ་སོགས་རྟོག་པའི་རིམ་པ་མགོ་ཚུགས་ནས་རྟོག་པ་དང་བྲལ་བའི་ཐར་ལམ་སྙེག་པའི་བར་གྱི་བརྒྱུད་རིམ་དེ་ལམ་ལྔ་དང་སྦྱར་ནས་གསལ་པོར་བསྟན་ཡོད། དེ་བས་དེབ་འདི་ནི་རྒྱ་གར་དང་རྒྱ་ནག བོད་སོག་དང་བཅས་པའི་ནང་ཆོས་སྤྱིའི་ལོ་རྒྱུས་སྟེང་སྔོན་ནས་ད་བར་དུ་རྩོད་གཞིར་གྱུར་ཡོད་པའི་མཚན་ཉིད་དང་སྒོམ་མམ་ཡང་ན་བཤད་སྒྲུབ་དབར་གྱི་འགལ་ཟླ་དེར་གཙོ་ཆེར་དགེ་ལུགས་པའི་ཕྱོགས་ནས་དཔྱད་གླེང་བགྱིས་ཡོད་པ་རེད། དེ་བས་དགེ་ལུགས་པའི་བཞེད་ཚུལ་དེ་བོད་ཀྱི་གྲུབ་མཐའ་གཞན་དག་གི་ལྟ་གྲུབ་དང་དོ་མཉམ་པོར་གཤིབ་སྡུར་བྱེད་མ་ཐུབ་པ་ནི་དེབ་དེའི་ཞན་ཆ་ཉག་གཅིག་རེད།


2009ལོར་དགེ་བཤེས་དབང་རྒྱལ་ལགས་དང་མཉམ་དུ་བརྩམས་པའི《ཐིག་ལེ་ཉག་གཅིག》ཅེས་པའི་དེབ་འདིར་གཙོ་བོ་གཏན་ཚིགས་གལ་མདོ་རིག་པའི་ཚད་མ་ཞེས་པ་འདི་གཙོར་བཟུང་ནས་དེ་ལ་འགྲེལ་བ་རྒྱག་ཞོར་བོན་གྱི་རྫོགས་ཆེན་གྱི་གཞི་ལམ་འབྲས་གསུམ་རྣམ་གཞག་སྤྱིའི་ཐུན་མིན་ལྟ་གྲུབ་ཐད་ལ་རང་རིག་ཚད་མ་གཙོར་བཟུང་ནས། དེ་ནི་ནང་ཆོས་སྤྱི་དང་སྒོས་སུ་དགེ་ལུགས་པའི་ཚད་མའི་རིགས་ལམ་དང་། དབུ་མའི་རྟེན་འབྱུང་གི་ལྟ་བ་དང་བདེན་གཉིས། དགེ་ལུགས་པའི་སྟོང་ཉིད་དང་ཤེས་རབ་ཟུང་འབྲེལ། གཞན་ཡང་མདོ་སྡེ་སྨྲ་བ་དང་སེམས་ཙམ་པའི་གྲུབ་མཐའི་ཁྲོད་ཀྱི་རྣལ་འབྱོར་མངོན་སུམ་དང་རང་རིག་མངོན་སུམ་གཉིས། རྫོགས་ཆེན་མ་ཡིན་པའི་ནང་ཆོས་སྤྱིའི་ཁྲོད་ཀྱི་གཉིས་མེད་ཀྱི་ལྟ་བ་བཅས་དང་ཡེ་ནས་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་གསལ་པོར་བསྟན་ཡོད། དེ་དག་དང་གཤིབ་སྡུར་བྱས་པ་ལས་ལྷུན་གྲུབ་དང་། གཞི་ལ་རང་བཞིན་གྱིས་གྲུབ་པ། གཞིའི་རྩལ། རྩོལ་བ་དང་བྲལ་བ་སོགས་རྫོགས་ཆེན་གྱི་ཐུན་མིན་ལྟ་གྲུབ་འབུར་དུ་ཐོན་པར་དཔྱད་གླེང་བགྱིས་ཡོད། ཡིན་ཡང་དེབ་འདིའི་ཆེས་ཞན་པའི་ཆ་ནི་ཁོ་མོས་རྫོགས་ཆེན་གྱིི་ལྟ་བ་དེ་ནུབ་ཀྱི་ཤེར་རྟོགས་རིག་པ་དང་གཤིབ་སྡུར་བྱས་པ་དང་། བོན་གྱི་ལོ་རྒྱུས་སྐོར་གླེང་བའི་ལེའུ་དེ་གཉིས་རེད། ལེའུ་འདི་གཉིས་ནི་གཅིག་ནས་དེབ་འདིའི་བརྗོད་གཞིའི་གཙོ་བོ་དང་འབྲེལ་བ་ཟབ་མོ་མེད་པ་དང་གཉིས་ནས་གླེང་གཞི་འདི་གཉིས་ཐད་ནས་སྔོན་ཆེད་མཁས་པ་གཞན་དག་གིས་ཆེད་དུ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཡོད་པས་དེབ་འདིར་བསྐྱར་ཟློས་ཀྱི་ཆ་མང་པོ་འདུག


4.གྷ་ཡ་ནེ་ཝོ་ལན་ཌི།


གྷ་ཡ་ནེ་ཝོ་ལན་ཌི་ནི1988ལོ་ནས་ཨ་རིའི་མེ་ཞི་གྷན་དབུས་མའི་སློབ་ཆེན(Central Michigan University)དུ་དགེ་རྒན་གྱི་ཕྱག་ལས་གནང་ནས་སྔར་བཞིན་དགེ་ལུགས་པའི་དབུ་མའི་ཕྱོགས་ལ་ཆེད་དུ་ཞིབ་འཇུག་གཉེར་མཁན་ཞིག་ཡིན། ཁོང་གིས་སྔ་ཕྱིར་དགེ་ལུགས་པའི་དབུ་མའི་ཕྱོགས་ནས་ཞིབ་འཇུག་ཆེད་དེབ་གཙོ་བོ་གསུམ་མཛད་ཡོད་པ་ལས་གཙོ་བོར་བདེན་གཉིས་དབར་གྱི་འགལ་འབྲེལ་དང་། སྟོང་ཉིད་དང་སྙིང་རྗེ་དབར་གྱི་འགལ་ཟླ་དང་དེ་ལ་རྗེ་རིན་པོ་ཆེ་མཆོག་ནས་ཇི་ལྟར་དེ་ལྟ་བུའི་འགལ་ཟླ་ཡོད་མེད་སྐོར་གྱི་བཞེད་ཚུལ། གཞན་སྟོང་དང་རང་སྟོང་། དབུ་མ་དང་སེམས་ཙམ་པ་དབར་གྱི་ཁྱད་པར་བཅས་ཁ་གསལ་པོའི་སྒོ་ནས་དཔྱད་གླེང་ལེགས་པོ་བགྱིས་ཡོད། གཞན་ཡང། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ཡོངས་དབྱིན་ཡིག་ཏུ་བསྒྱུར་པའི་ཚོགས་མིའི་གྲས་སུ་ཡོད། ཁོ་ཚོས་འགྱུར་མཛད་པའི་ལམ་རིམ་དེབ་གསུམ་དུ་པར་བསྐྲུན་བྱས་ཡོད། བོད་རིག་པའི་ཞིབ་འཇུག་པ་ཕལ་མོ་ཆེ་དང་མི་འདྲ་ས་ནི་ཁོ་རང་རྒན་ཨེ་ན་ཁི་ལེན་ལགས་དང་འདྲ་བར་ཨ་རིའི་ཆོས་ཚོགས་ཁ་ཤས་སུ་ཆོས་གཞུང་དང་ཉམས་ལེན་སྐོར་ནས་ཆོས་ཁྲིད་གནང་བཞིན་ཡོད།


གཉིས། རྒན་ཀེར་མཱ་ནའོ་དང་ཞ་ཧྥིར་གཉིས་ལགས་ཀྱི་སློབ་མ་གྲགས་ཆེ་བ་རེ།


ད་ལྟ་ཝེར་ཅིན་ནེ་ཡ་སློབ་ཆེན་དུ་ཕྱག་ལས་གནང་བཞིན་པའི་བོད་བརྒྱུད་ནང་བསྟན་རིག་པའི་དགེ་རྒན་ཆེན་མོ་ཀེར་མཱ་ནའོ་དང་ཞ་ཧྥིར་ལགས་གཉིས་ནི་ཞིབ་འཇུག་གི་ཐབས་ལམ་དང་ཁ་ཕྱོགས་གཉིས་ཀའི་ཐད་ནས་མི་འདྲ་བ་རེད། རྒན་ཀེར་མཱ་ནའོ་ལགས་ཀྱི་ཁ་ཕྱོགས་ནི་རྙིང་མའི་རྫོགས་ཆེན་དང་ལྷག་པར་དུ་ཀློང་ཆེན་པའི་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་སྐོར་ཡིན། དེ་ལས་ལྡོག་སྟེ་ཞ་ཧྥིར་ལགས་ནི་བཀའ་བརྒྱུད་དང་དགེ་ལུགས། ས་སྐྱ་ཇོ་ནང་སོགས་ཆོས་བརྒྱུད་ལ་མ་བལྟས་པར་གཙོ་བོ་རྣམ་ཐར་ལོ་རྒྱུས་དང་གསུང་འབུམ་ཞིབ་འཇུག བཀའ་བསྟན་རིག་གནས་ཞིབ་འཇུག་ཐད་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་ཡོད། རྒན་ཀེར་མཱ་ནའོ་ལགས་ནི་ལྷ་རམས་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ཀྱི་འབུམ་རམས་པའི་སློབ་མ་རེད། ཡིན་ཡང་གོང་དུ་བཤད་པ་བཞིན་ཁོས་འབུམ་རམས་པའི་ཆེད་རྩོམ་ལ་རྙིང་མའི་རྫོགས་ཆེན་གྱི་ལོ་རྒྱུས་སྐོར་ནས་ཞིབ་འཇུག་བྱས་པ་རེད། དེ་བས་རང་གི་དགེ་རྒན་དགེ་ལུགས་ཕྱོགས་ལ་གཞོལ་ཚེ། སློབ་མ་རང་ཡང་དེའི་ཕྱོགས་སུ་གཞོལ་བའི་ངེས་པ་མི་འདུག གོང་ནས་གླེང་མ་ཐག་པའི་རྒན་ཧ་ཕི་ཁེན་སི་ལགས་ཀྱི་སློབ་མ་རྩེ་གྲས་དག་ལས་རེ་གཉིས་ནི་དེའི་ཕྱོགས་ནས་དཔེ་མཚོན་ཆེས་འོས་ཤིང་འཚམ་པོ་རེད། ཡིན་ཡང་རྒན་ཀེར་མཱ་ནའོ་དང་ཞ་ཧྥིར་ལགས་གཉིས་ཀྱི་མཛུབ་སྟོན་འོག་སློབ་མ་ཕལ་མོ་ཆེ་ལ་ཁོང་གཉིས་ཀྱི་ཞིབ་འཇུག་ཁ་ཕྱོགས་དང་ཐབས་ལམ་གཉིས་ཀའི་ཕྱོགས་ནས་ཤུགས་རྐྱེན་མི་ཉུང་བ་ཐེབས་འདུག གཤམ་དུ་རྒན་ཀེར་མཱ་ནའོ་ལགས་ཀྱི་སློབ་མ་རྩེ་གྲས་བྷི་རན་ཁེ་ཝི་སི(Bryan Cuevas)དང་རྒན་ཞ་ཧྥེར་ལགས་ཀྱི་ཕུལ་བྱུང་སློབ་མ་ས་ར་ཇེ་ཁ་བྷི(Sarah Jacob)གཉིས་སོ་སོའི་རིག་གཞུང་ཞིབ་འཇུག་འབྲས་བུའི་སྐོར་ངོ་སྤྲོད་བྱེད་པ་ལ།


1. བྷི་རན་ཁེ་ཝི་སི།


རྒན་ཀེར་མཱ་ནའོ་ལགས་ཀྱི་འབུམ་རམས་སློབ་མ་གྲགས་ཆེ་བ་བྷི་རན་ཁེ་ཝི་སི(Bryan Cuevas)ལགས་ནི་ད་ལྟ་ཨ་རིའི་ཧྥི་ལོད་རེ་དྷ་མངའ་སྡེ་སློབ་ཆེན(Florida State University)དུ་དགེ་རྒན་གྱི་ཕྱག་ལས་གནང་གིན་ཡོད།


དུས་རབས་སྔ་མའི་ལོ་རབས་ཉི་ཤུ་པའི་སྐབས་ནས་བཟུང་བོད་ཀྱི་འདས་པོའི་བསྟན་བཅོས་ཞེས་པ་ཁ་བྱང་གཅིག་ཀྱང་རྩོམ་པ་པོ་མི་གཅིག་པའི་དབྱིན་ཡིག་གི་དེབ་ཁ་ཤས་བསྟུད་མར་བྱུང་ནས་རྒྱུག་ཆེ་བར་གྱུར་པ་རེད། དེབ་དེ་དག་གི་ནང་འགྲོ་བ་མིའི་རིགས་འཆི་བའི་བརྒྱུད་རིམ་དང་འཆི་རྗེས་ཀྱི་མྱོང་བའི་གསང་བ་བར་དོ་ཐོས་གྲོལ་ཆོས་སྐོར་ཁྲོད་ཀྱི་ཆོས་སྤྱོད་ཉུང་ཤས་ཤིག་ལ་གཞིར་བཅོལ་ནས་གསེད་བཀྲོལ་བྱས་པ་དེང་གི་ཚན་རིག་དང་ཅི་ནུས་སྒོས་མཐུན་པར་བྱས་ཡོད་པ་རེད། རིག་གཞུང་རྒྱབ་ལྗོངས་དེ་འདྲའི་འོག་ཏུ། ཁེ་ཝི་སི་ལགས་ཀྱིས་འབྲི་རྩོམ་མཛད་པའི་འབུམ་རམས་དཔྱད་རྩོམ《བོད་ཀྱི་འདས་པོའི་བསྟན་བཅོས་ཀྱི་གསང་བའི་ལོ་རྒྱུས》ཞེས་པ་དེ2003ལོར་པར་དུ་བསྐྲུན་པ་རེད། དེབ་འདིའི་ནང་བོད་རང་ནས་བར་དོ་ཐོས་གྲོལ་ཆོས་སྐོར་དེའི་དཔེ་རྒྱུན་དང་། འཁྲིད་རྒྱུན། ཆོ་གའི་རྒྱུན་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་སྐོར་གཙོར་བཟུང་བ་ཆོས་འབྱུང་དང་གདན་རབས། རྣམ་ཐར་སོགས་ལ་རྒྱབ་བཅོལ་ནས་དཔྱད་གླེང་བགྱིས་ཡོད་པས་ནུབ་ཕྱོགས་སུ་བོད་ཀྱི་འདས་པོའི་བསྟན་བཅོས་ཞེས་འབོད་པའི་དེབ་དེ་དག་གི་འབྱུང་ཁུངས་དངོས་ཐད་ལ་ནུབ་ཕྱོགས་སུ་རྒྱུས་ལོན་རྩ་བ་ནས་མེད་པར་རྟོག་བཟོ་བྱས་ཡོད་པའི་སྟོང་ཆ་ཁ་བསྐངས་པ་རེད། གཞན་ཡང་རྩོམ་པ་པོས་མངོན་པའི་གཞུང་དང་། བོད་དུ་སངས་རྒྱས་ཆོས་ལུགས་མ་དར་བའི་ཡར་སྔོན་གྱི་གནའ་བོའི་ཤི་བོའི་རིག་གནས། ཕྱིས་སུ་བྱུང་བའི་ནང་པའི་རྫོགས་ཆེན་ཁྲོད་ཀྱི་བར་དོའི་གཞུང་བཅས་གཤིབ་སྡུར་བྱས་པ་ལས་བར་དོ་ཐོས་གྲོལ་ཆོས་སྐོར་གྱི་ཐུན་མིན་གྱི་ཆ་མངོན་གསལ་དོད་པོའི་སྒོ་ནས་བསྟན་ཡོད།


ཁོང་གི་འབུམ་རམས་དཔྱད་རྩོམ་འདི་འབྲི་སྐབས་ཀྱི་མཛུབ་སྟོན་པ་ནི་ཇེ་ཧྥི་རེ་དང་ཌེ་ཝི་ཌི་གཉིས་ཀ་རེད། བར་དོ་ཐོས་གྲོལ་སྐོར་ལ་ཇི་ཧྥི་རེས་དང་བོད་ཀྱི་དགེ་བཤེས་ཤིག་གཉིས་ཀྱིས་མཉམ་དུ་དབྱངས་ཅན་དགའ་བའི་བློ་གྲོས་ལགས་ཀྱིས་མཛད་པའི《བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས》དབྱིན་འགྱུར་དང་འགྲེལ་བ་མཛད་ཡོད་པ་རེད། རྒན་ཀེར་མཱ་ནའོ་ལགས་ནི་རྫོགས་ཆེན་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པས་ཁོས་རྙིང་མའི་བར་དོའི་སྐོར་ལ་ཞིབ་འཇུག་ཟབ་མོ་མཛད་ཡོད། དེ་བས་ཁོ་ཝེ་སི་ལགས་ལ་རྒན་འདི་གཉིས་ནས་ཤུགས་རྐྱེན་ཐེབས་ཡོད་པ་སྨོས་མེད་རེད། ཡིན་ཡང་རྒན་ཀེར་མཱ་ནའོ་ལགས་ནི་རྙིང་མའི་ཀློང་ཆེན་པ་གཙོར་བཟུང་ནས་རྫོགས་ཆེན་འཕེལ་རིམ་ལོ་རྒྱུས་ཐད་ཞིབ་འཇུག་གཏིང་ཟབ་པ་དང་ཁོ་ཝེ་སི་ལགས་ཀྱི་དེབ་འདིའི་ཞིབ་འཇུག་གི་ཐབས་ལམ་ཡང་རྒན་ཀེར་མཱ་ནའོ་ལགས་ཀྱི་ཞིབ་འཇུག་གི་ཐབས་ལམ་ལྟར་འདུག་པས། ཁོང་གི་ཞིབ་འཇུག་གི་ཐད་ལ་ཤུགས་རྐྱེན་ཆེས་ཆེ་ཤོས་འཇོག་མཁན་ནི་རྒན་ཀེར་མཱ་ནའོ་ལགས་རེད། དེ་བས་ཁོ་ཝེ་སི་ལགས་རྒན་ཀེར་མཱ་ནའོ་ལགས་ཀྱི་སློབ་མའི་གྲས་སུ་བཞག་པ་ཡིན། ཡིན་ཡང་རྒན་ཧ་ཕི་ཁེན་སི་ལགས་ཀྱང་ཁོང་གི་མཛུབ་སྟོན་དགེ་རྒན་རེད།


ཁོང་གི་དེབ་གཉིས་པ《བར་དོ་འགྲིམས་པ》ཞེས་པ་ནི2012ལོར་པར་དུ་བཏོན་པའི་བོད་ཀྱི་འདས་ལོག་རྩོམ་རིག་སྐོར་ལ་ཞིབ་འཇུག་བྱས་པའི་བརྩམས་ཆོས་ཕུལ་བྱུང་ཞིག་ཡིན། དེབ་འདིའི་ནང་གཞུང་ལུགས་ཐད་ནས་གཙོ་བོར་ཆོས་པ(ཐར་ལམ་སྙེག་མཁན)དང་མང་ཚོགས་དཀྱུས་མའི(འཇིག་རྟེན་ཕན་བདེ་སྙེག་མཁན)ཆོས་ལུགས་རིགས་གཉིས་ཞེས་པའི་སྔོན་ཆད་ཀྱི་ཆོས་ལུགས་རིག་པའི་གཞུང་ལས་ཆོས་ལུགས་རིགས་དགར་སྟངས་སྐོར་ལ་དགག་གཞག་དང་དོགས་སློང་བྱས་ཡོད། ཡིན་ཡང་གཞུང་ལུགས་འདི་ནི་ཆོས་ལུགས་རིག་པའི་གཞུང་ལུགས་ལོ་རྒྱུས་ལ་ཕྱིར་མིག་གིས་བལྟས་ཚེ། ལོ་རབས་ཁ་ཤས་ཤིག་གི་སྔོན་ནས་གཞུང་ལུགས་འདི་མགོ་ཚུགས་པ་རེད། དེ་བས་གཞུང་ལུགས་འདི་གསར་པ་ཞིག་མ་རེད། ཡིན་ཡང་བོད་ཀྱི་འདས་ལོག་རིག་གནས་དང་སྦྱར་ནས་གཞུང་ལུགས་འདི་ལ་དགག་སྒྲུབ་བྱས་པ་ནི་དེབ་འདིའི་དགེ་མཚན་ཆེན་པོ་ཞིག་རེད། དེབ་འདིའི་དགེ་མཚན་གཞན་ཞིག་ནི་བུད་མེད་འདས་ལོག་གཉིས་དང་བན་སྔགས་འདས་ལོག་གཉིས་བཅས་བཞི་པོ་གཤིབ་སྡུར་བྱས་ཡོད་པ་དང་། སྐབས་དེ་དག་གི་བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་མི་འདྲ་བ་གཞིར་བཟུང་ནས་ཕོ་མོའི་ཐོབ་ཐང་དང། ཆོས་ལུགས་ཀྱི་ཐོབ་ཐང་། སྤྱི་ཚོགས་ཀྱི་ཐོབ་ཐང་། ཆོས་པ་དང་མང་ཚོགས་དཀྱུས་མའི་ཆོས་ལུགས་དབར་གྱི་ཁྱད་པར་སོགས་ཀྱི་སྐོར་ལ་གང་འོས་སྒོས་དཔྱད་གླེང་བགྱིས་ཡོད་པ་དང་། གཞན་ཡང་སྤྱི་ཚོགས་དངོས་ཁྲོད་དུ་བར་དོའི་ཐོས་གྲོལ་ཆོས་སྐོར་གཙོར་བྱས་པའི་ཆོས་གཞུང་དག་གི་ཉམས་ལེན་ཆུ་ཚད་དང། གཞན་འདས་ལོག་དག་གི་སེམས་ཁམས་ཞིབ་བརྗོད་གཙོར་བཟུང་བ་དེ་རེད། ཁོང་གི་དེབ་སྔོན་མ་ལས་བར་དོའི་ཐོས་གྲོལ་གྱི་ཆོས་སྐོར་འདིའི་དཔེ་རྒྱུན་དང་འཁྲིད་རྒྱུན། ཆོ་གའི་རྒྱུན་བཅས་ཀྱི་ལོ་རྒྱུས་གཙོར་བཟུང་བ་དང་། ཕྱི་མ་ལས་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་གཙོར་བཟུང་པའི་ཆོས་གཞུང་དག་ལ་འདས་ལོག་རིག་གནས་ཁྲོད་གོ་གནས་ག་འདྲ་ཟིན་ཡོད་ཚུལ་སྐོར་བརྗོད་ཡོད་པ་རེད། ཁོང་གི་དེབ་འདི་གཉིས་ཀའི་གླེང་གཞི་བར་དོའི་ཐོས་གྲོལ་ཆོས་སྐོར་ལ་གཞིར་བཅོལ་ཡོད་པས། དེབ་འདི་གཉིས་ནི་ཕན་ཚུན་དབར་འབྲེལ་ལམ་ཧ་ཅང་ཟབ་པའི་དཔྱད་འབྲས་གཉིས་རེད།


2. ར་ཇེ་ཁ་བྷི།


ས་ར་ཇེ་ཁ་བྷི་ལགས་མ་གླེང་སྔོན་ལ་ཁོང་གི་དགེ་རྒན་ཞ་ཧྥེར་ལགས་ཀྱིས་བོད་བརྒྱུད་ནང་བསྟན་རིག་པའི་སློབ་མ་རྣམས་ལ་རིག་གཞུང་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་པའི་སྐོར་ལ་ཅུང་ཟད་དཔྱད་པར་བྱ། གོང་དུ་གླེང་བ་བཞིན་རྒན་ཞ་ཧྥེར་ལགས་ནི་རྣམ་ཐར་དང། བཀའ་བསྟན། གསུང་འབུམ་བཅས་ཀྱི་ལོ་རྒྱུས་སྐོར་ནས་ཞིབ་འཇུག་ཆེད་མཁས་པ་ཞིག་ཡིན། སྐབས་འདི་ནི་དགེ་སློབ་བར་གྱི་ཞིབ་འཇུག་ཤུགས་རྐྱེན་གླེང་བར་ཆེས་འོས་ཤིང་འཚམ་པ་ཞིག་རེད། ང་རང་གི་ངོ་ཤེས་པ་དང་གྲོགས་པོ་གཉིས་ཡོད་པ་ཁོང་གི་སློབ་མ་ཡིན། ད་ལྟ་དེ་གཉིས་ཀ་ཨ་རིའི་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད། གཅིག་གིས་དུས་རབས་བཅོ་བརྒྱད་པའི་སྐབས་སུ་བྱུང་བའི་བཀའ་བསྟན་དཀར་ཆག་གཞིར་བཟུང་ནས་བཀའ་བསྟན་གསེར་བཞེངས་བྱེད་སྐབས་ཀྱི་སྤྱི་ཚོགས་དང་ཆོས་ལུགས་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་དང། སློབ་མ་གཞན་དེས་གཙང་སྨྱོན་དང་། དབུས་སྨྱོན། འབྲུག་སྨྱོན་བཅས་གསུམ་པོ་གཤིབ་སྡུར་བྱས་ནས་ཞིབ་འཇུག་བྱས་ཡོད་པ་ད་ལྟ་ཉིའུ་ཅིན་སློབ་ཆེན་དཔེ་སྐྲུན་ཁང་ནས་པར་དུ་བཏོན་ཡོད། སློབ་མ་འདི་གཉིས་ཀ་ནས་ཁོང་གི་སྔར་ཞིབ་འཇུག་བྱས་པའི་བཀའ་བསྟན་དག་སྒྲིག་སྐོར་དང། གཙང་སྨྱོན་དང་མི་ལ་རས་པའི་སྐོར་གྱི་ཞིབ་འཇུག་གི་སྣེ་གཉིས་རྒྱུན་བསྐྱངས་ནས་དེ་དག་སོ་སོར་གཏིང་ཟབ་པོའི་སྒོ་ནས་ཞིབ་འཇུག་བྱས་པ་རེད། གཞན་ཡང་ཁོང་གི་སྡེ་སྲིད་ཀྱི་སྐོར་ནས་སྔར་ཞིབ་འཇུག་བྱས་པ་སྨན་གཞུང་གི་སྐོར་སོགས་ཀྱང་ཡོད་པས། དེའི་ཤུགས་རྐྱེན་ལས་ད་ལོར་མཐར་ཕྱིན་པའི་འབུམ་རམས་སློབ་མ་ཞིག་ནས་བྲང་ཏིའི་སྨན་རྒྱུན་སྐོར་ལ་འབུམ་རམས་ཆེད་རྩོམ་ཞིག་ཐོན་ཡོད། གཞན་ཡང་དམ་པ་ཁོང་ནི་རྣམ་ཐར་ལོ་རྒྱུས་དང་སྒོས་སུ་བུད་མེད་རྣམ་ཐར་ལོ་རྒྱུས་ཐད་ཀྱི་ཆེད་མཁས་པ་ཡིན་པས། ཁོའི་སློབ་མའི་གྲས་སུ་ད་ལྟ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་བུད་མེད་རྣམ་ཐར་ལ་ཞིབ་འཇུག་བྱེད་མཁན་རེ་གཉིས་ཡོད་ལ། མིག་སྔར་ཁོའི་མཛུབ་སྟོན་འོག་བུད་མེད་རྣམ་ཐར་ལ་ཞིབ་འཇུག་བྱེད་བཞིན་པའི་འབུམ་རམས་པ་སློབ་མ་རེ་གཉིས་ཡོད། ཡིན་ཡང་ཁོང་གི་ཆེས་གྲགས་ཆེ་བའི་སློབ་མ་ནི་ས་ར་ཇེ་ཁ་བྷི(Sarah Jacob)རེད།


ས་ར་ཇེ་ཁ་བྷི་ལགས་ནི་ད་ལྟ་ཨ་རིའི་ནུབ་བྱང་སློབ་ཆེན(Northwestern University)དུ་དགེ་རྒན་གྱི་ཕྱག་ལས་གནང་གིན་ཡོད། ཁོ་མོའི་མཛུབ་སྟོན་དགེ་རྒན་ནི་རྒན་དེ་ཝི་ཌ་ལགས་ཡིན། ཡིན་ཡང་རྒན་ཞ་ཧྥེར་ལགས་ཀྱིས་ཀྱང་མོའི་འབུམ་རམས་ཆེད་རྩོམ་ལ་མཛུབ་སྟོན་བྱས་མྱོང་བ་དང་རྒན་ཞ་ཧྥེར་ལགས་ནས་རང་གིས་བལྟས་ཚོད་ལ་ཞིབ་འཇུག་ཐད་ནས་ཤུགས་རྐྱེན་ཅུང་ཟད་ཆེ་ཚོད་ཀྱི་དབང་གིས་ཁོ་མོའི་མཛུབ་སྟོན་དགེ་རྒན་ཀེར་མཱ་ནའོ་ལགས་ཡིན་ཡང་མོ་རང་རྒན་ཞ་ཧྥེར་ལགས་ཀྱི་སློབ་མའི་གྲས་སུ་བཞག་པ་ཡིན། ཁོང་གི་རྣམ་ཐར་ལོ་རྒྱུས་ཀྱི་ཞིབ་འཇུག་གིས་ཁོ་མོའི་རིག་གཞུང་ལས་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཐེ་ཚོམ་བྲལ། ཁོ་མོའི་ཆེད་དེབ《བརྩེ་དུང་དང་ཐར་པ》ཞེས་པ་དེ2015ལོར་པར་དུ་བཏོན་ནས་དེ་ལ་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། དེབ་འདི་ནི་མོའི་འབུམ་རམས་ཆེད་རྩོམ་ལ་གཞིར་བཅོལ་ཏེ་ཧ་ལམ་ལོ་བརྒྱད་འགོར་རྗེས་སུ་པར་དུ་བསྐྲུན་པ་ཞིག་རེད། དེབ་འདིའི་ནང་སེ་ར་མཁའ་འགྲོའི་རང་རྣམ་ལ་དཔྱད་གླེང་བགྱིས་ཡོད། གཙོ་བོར་སེ་ར་མཁའ་འགྲོ་སྐུ་བཞུགས་དུས་ཀྱི་ལྷ་ས་དང་། མགོ་ལོག་ས་ཁུལ་གྱི་ཐུན་མོང་དང་ཐུན་མིན་གྱི་སྤྱི་ཚོགས་དང་ཆོས་ལུགས་རྒྱབ་ལྗོངས། དེ་ནས་ཁོ་མོས་གཏེར་ཆོས་བཏོན་ཚུལ། གསང་གྲོགས་སམ་གསང་ཡུམ་མཛད་ཚུལ། གུ་རུ་རིན་པོ་ཆེ་དང་ཡེ་ཤེས་མཚོ་རྒྱལ་སོགས་མཁའ་འགྲོ་དང་མཁའ་འགྲོ་མ་ཚོགས་ཀྱི་ཞལ་གཟིགས་ཚུལ་བཅས་བསྟན་ཡོད། དེ་དག་ཞིབ་བརྗོད་བྱས་པའི་གོ་རིམ་ཁྲོད་དུ་མགོ་ལོག་གི་གནས་རི་དང་ཡུལ་ལྷའི་རིག་གནས་དང་ནང་པའི་རིག་གནས་དབར་གྱི་འགལ་འབྲེལ། བུད་མེད་ཀྱི་ལུས་རྟེན་དང་ནང་པའི་ཐར་ལམ་དབར་གྱི་འགལ་འབྲེལ། སྤྱིར་བོད་ཀྱི་རྣམ་ཐར་གཞན་དག་དང་གཤིབ་སྡུར་བྱས་ཡོད་ལ་སྒོས་སུ་མཁའ་འགྲོ་དང་མཁའ་འགྲོ་མའི་ལྷ་ཚོགས་ཞལ་གཟིགས་མཛད་ཚུལ་སོགས་ཀྱི་ཐད་ནས་ཆེད་དུ་གཤིབ་སྡུར་དང་དཔྱད་གླེང་བགྱིས་པ་ལས་སེ་ར་མཁའ་འགྲོའི་རང་རྣམ་གྱི་ཐུན་མིན་གྱི་ཁྱད་ཆོས་མངོན་པར་མཚོན་ཡོད། དེ་ལས་གཞན་འབུར་དུ་ཐོན་པའི་ཆ་ནི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་ཀྱི་ཞལ་གཟིགས་པའི་མྱོང་བ་ལས་བུད་མེད་ཆོས་པ་ཞིག་ལ་མཚོན་ན་སྡོམ་པ་སྲུང་དགོས་མིན་དང་། གསང་ཡུམ་མཛད་འོས་མིན། གཏེར་འདོན་འོས་མིན་སོགས་མོའི་སེམས་ཀྱི་འགལ་ཟླ་མང་པོ་ཞིབ་ཕྲའི་སྒོ་ནས་གསལ་པོར་བཀྲལ་ཡོད་པ་དེ་རེད། གཞན་ཡང་མཇུག་ཏུ་གསང་ཡུམ་མཛད་པ་ནི་ཆོས་ལ་འཇུག་པའི་ཚུལ་ཁོ་ན་ཙམ་མིན་པར་རང་གི་གསང་གྲོགས་ལ་བཅངས་པའི་བརྩེ་དུང་རྣལ་མ་ཡིན་ཚུལ་ཡང་བརྗོད་ཡོད། དེ་དག་ལས་སེ་ར་མཁའ་འགྲོ་ལྟ་བུ་བུད་མེད་ཆོས་པ་དང་ཆོས་ཉམས་ལེན་པ་སོགས་སུ་ཡིན་རུང་། ཁོ་ཚོའི་རྒྱུད་དུའང་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་འཇིག་རྟེན་ཕོ་མོའི་འདོད་པ་སོགས་མི་ཕལ་བའི་རང་གཤིས་ཀྱི་ཆ་གྲུབ་ཡོད་པ་ཤུགས་ནས་བསྟན་ཡོད།


གཉིས་པ། མཇུག་བསྡུ་བའི་གཏམ།


ཨ་རིའི་བོད་རིག་པའི་དབུ་ཚུགས་ནས་ད་ལྟའི་བར་དུ་དུས་རབས་ཕྱེད་ལྷག་ཙམ་ལས་བརྒལ་མེད་མོད། བོད་རིག་པ་དར་སྔ་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་དག་དང་བསྡུར་ན། ཨ་རི་ནས་བོད་རིག་པའི་རིག་གཞུང་ཞིབ་འཇུག་དར་རྒྱས་སུ་སོང་བའི་ཚད་ཧ་ཅང་མྱུར། སྔར་ཨ་རིའི་བོད་རིག་པའི་ཚན་ཁག་དང་ཆེད་མཁས་པ་ཕལ་མོ་ཆེ་ནི་སློབ་ཆེན་དག་གི་ཆོས་ལུགས་རིག་པའི་སྡེ་ཁག་དུ་རྟེན་གཞི་བྱས་ཡོད་པས་ཧ་ལམ་ཆོས་ལུགས་རིག་པ་རྐྱང་བའི་ལམ་ནས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ལ་ཞིབ་འཇུག་བྱེད་པ་ལྟ་བུའི་སྲོལ་ཆགས་ཡོད་མོད། ད་ལྟ་ཞིབ་འཇུག་ཁ་ཕྱོགས་འདི་རྦད་དེ་འགྱུར་ནས་ཆོས་ལུགས་རིག་པ་ལས་གཞན་ད་དུང་རྩོམ་རིག་དང་། མིའི་རིགས་རིག་པ། ལོ་རྒྱུས་རིག་པ། སྐད་བརྡ་རིག་པ། ཆབ་སྲིད་རིག་པ། སྐྱེ་ཁམས་ཁོར་ཡུག་རིག་པ་སོགས་ཞིབ་འཇུག་ཐབས་ལམ་དང་ཁ་ཕྱོགས་སྣ་མང་དུ་གྱེས་ཡོད་པ་རེད། ཡིན་ཡང་རྩོམ་ཡིག་འདིར་གླེང་ཡོད་པ་བཞིན། ཝེར་ཅེན་ནེ་ཡ་སློབ་ཆེན་གྱི་བོད་རིག་པའི་ཚན་ཁག་ནི་སྔར་བཞིན་བོད་བརྒྱུད་ནང་བསྟན་རིག་པ་གཙོར་བཟུང་ནས་ཆོས་ལུགས་རིག་པའི་གཞུང་དང་ཐབས་ལམ་ཐད་སྔར་ལས་ལྷག་པའི་འཕེལ་རྒྱས་ཕྱིན་ཡོད་པའི་དཔེ་མཚོན་གལ་ཆེན་ཞིག་ཡིན། དཔེ་མཚོན་འདི་ལས་བོད་རིག་པའི་མི་རབས་གསར་རྙིང་དབར་རིག་གཞུང་ཤུགས་རྐྱེན་འབྲེལ་བ་ཟབ་མོ་ཡོད་པའི་ཚུལ་ཡང་གསལ་པོར་བསྟན་ཡོད། །


①ཨ་རིའི་ཝེར་ཅིན་ནེ་ཡ་སློབ་ཆེན་གྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཡིན།
② Donald Lopez, Prisoners of Shangri-La Tibetan Buddhism and the West, p.170, University of Chicago Press, 2012
③Georges Dreyfus,Recognizing Reality: Dharmakīrti'sPhilosophy and its Tibetan Interpretations, p.7, State University of New York Press, 1997
④ https://lsa.umich.edu/asian/people/faculty/dlopez.htmlཌ་ནོལ་ཌི་ལོ་ཕེ་སི་ལགས་ཀྱི་བརྩམས་ཆོས་དག་གི་ཁ་བྱང་རེ་རེ་ཤེས་འདོད་ཚེ། དྲ་སྣེ་འདི་ལ་གཟིགས།
⑤Donald Lopez, Prisoners of Shangri-La Tibetan Buddhism and the West, Chapter One and p.165, University of Chicago Press, 2012
⑥ TseringShakya, Who Are the Prisoners?, Journal of the American Academy of Religion, Vol. 69, No.1, 2001, pp.183–189
⑦ http://www.dawnmountain.org/རྒན་ཁི་ལེན་ལགས་ཀྱི་ཆོས་ཚོགས་ཀྱི་དྲ་སྣེ་འདི་ལས་མོའི་ཆོས་ཚོགས་སྐོར་ལ་རྒྱུས་ལོན་ཟབ་མོ་བྱེད་ཐུབ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1