༄༅།། མཐོ་སྒང་གི་སྦྲུམ་མའི་བཟའ་བཏུང་སྐོར་གླེང་བ།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ལམ། སྤེལ་དུས། 04-26
བུད་མེད་རྣམས་མངལ་ཆགས་པའི་སྐབས་སུ་ལུས་ཁམས་ལ་འགྱུར་ལྡོག་འབྱུང་བ་དང་། ལྷག་པར་དུ་རང་ཞིང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པའི་ས་ཁུལ་ཞིག་ཡིན་པས། སྦྲུམ་མར་ནད་མང་པོ་འབྱུང་སླ་བ་རེད། སྦྲུམ་མའི་ཁོག་སྨད་དང་ཐ་ན་ལུས་ཡོངས་སྐྲངས་པའི་དུས་མཚུངས་སུ། སྙིང་གཡུག་པ་དང་དབུགས་འཚང་པ། རྐང་ལག་བཞི་བོར་ཤེད་མེད་པ་སོགས་རྒྱུན་ལྡན་མིན་པའི་ནད་རྟགས་ཡོད་དུས། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་ཞིབ་བཤེར་དང་ནད་གཞི་ངོས་འཛིན་དང་སྨན་བཅོས་བྱེད་དགོས་པ་དང་། དེའི་མཚུངས་སུ་ཟས་ཟ་མའི་ཕྱོགས་ལ་མཉམ་འཇོག་གང་ལེགས་བྱེད་དགོས། མངལ་ཆགས་པའི་སྐབས་སུ་མཉམ་འཇོག་དགོས་ས་གཙོ་བོ་ནི་གཤམ་གྱི་དུས་རིམ་འགའ་ཡིན་ཏེ།
མངལ་ཆགས་པའི་དུས་རིམ་དང་པོ། ཟླ་དང་པོ་ནས་བཞི་བའི་བར་ནི་བྱིས་པའི་དོན་ལྔ་སྣོད་དྲུག་ཆགས་པའི་དུས་རིམ་ཡིན་པས། ཟས་ཟ་མར་གདམ་ག་མི་བྱེད་པར་ཉིན་རེར་ཤ་དང་སྒོ་ང་། འོ་མ་སོགས་ཟས་རིགས་དང་སྲན་མའི་རིགས་ཀྱི་ཟས་རིགས་མང་པོ་ཟ་དགོས། ཟས་རིགས་འདི་དག་ལ་སྤུས་ལེགས་སྤྲི་དཀར་འཛོམས་པོ་ཡིན། ཟུངས་ཁྲག་ཟད་པའི་སྦྲུམ་མས་གཟའ་འཁོར་རེའི་ནང་སྲོག་ཆགས་ཀྱི་མཆིན་པ་ཐེངས་གཉིས་ནས་གསུམ་རེ་ཟ་བ་དང་ལྕགས་ཀྱི་གྲུབ་ཆ་ཁ་གསབ་བྱེད་དགོས། ཡིན་ནའང་ངར་སྐྱེད་ཅན་གྱི་ཟས་རིགས་དང་ཞིབ་བཟོ་བྱས་པའི་ཀ་ར་སོགས་ཟ་མི་རུང་།
མངལ་ཆགས་པའི་དུས་རིམ་བར་མ་ནི་ཟླ་ལྔ་བ་ནས་བདུན་པའི་བར་ཡིན། དུས་སྐབས་འདི་ནི་སྦྲུམ་མ་ཆེས་བདེ་བའི་དུས་སྐབས་ཤིག་ཡིན་ལ། འཚོ་བཅུད་ཁ་གསབ་བྱེད་པ་གཙོ་གནད་དུ་འཛིན་དགོས་པའི་དུས་སྐབས་ཤིག་ཀྱང་ཡིན། སྐབས་འདིར་སྦྲུམ་མ་མངལ་ཆགས་པའི་འཚོ་བར་ཡོངས་སུ་གོམས་ཡོད་པ་དང་། ཟས་ཀྱི་ཡི་གའང་ཇེ་ཆེར་འགྲོ་བ་ཡིན་པས། སྔོ་ཚལ་དང་སིལ་ཏོག་གི་ཁྲོད་དུ་མིའི་ལུས་ཕུང་ལ་མཁོ་བའི་འཚོ་བཅུད་མང་པོ་འདུས་ཡོད་པས། དེས་མིའི་ལུས་ཕུང་གི་ནད་འགོག་ནུས་ཤུགས་ཇེ་ཆེར་གཏོང་ཐུབ་པ་དང་། རྙིང་འདོར་གསར་ལེན་ལ་ཤུགས་སྣོན་ཐུབ་པར་མ་ཟད། ད་དུང་དུག་སེལ་བ་དང་རྩ་སྐམ་པ་འགོག་པའི་ནུས་པ་ལྡན་པ་རེད། དུས་སྐབས་འདི་ནི་བྱིས་པ་མགྱོགས་མྱུར་ངང་འཚར་ལོངས་འབྱུང་བའི་དུས་སྐབས་ཀྱང་ཡིན་པས། སྔོ་ཚལ་མང་དུ་ཟ་དགོས་པའི་དུས་ཤིག་ཡིན། ཡིན་ནའང་བཟའ་བཏུང་གི་མང་ཉུང་ལ་མཉམ་འཇོག་དགོས་ཏེ། ཟ་ཚད་ཧ་ཅང་ཉུང་བ་དང་ཡང་ན་ཟས་རིགས་སྤུས་ལེགས་རིགས་ཁོ་ན་མི་ཟ་བར་། ཟས་སྣ་མང་པོ་མཉམ་དུ་ཟ་དགོས།
མངལ་ཆགས་པའི་དུས་རིམ་གཞུག་མ་ནི་ཟླ་བརྒྱད་ནས་བཅུའི་བར་ཡིན་ལ། དུས་སྐབས་འདི་ནི་བྱིས་པ་སྐྱེས་རན་པའི་དུས་དང་ནུ་མ་འབབ་པའི་དུས་རིམ་ཡིན་པས། སྔར་བཞིན་འཚོ་བཅུད་བཟང་བོའི་བཟའ་བཏུང་ཟ་དགོས་པ་དང་། ལྷག་པར་དུ་མཉམ་འཇོག་དགོས་པ་ནི་འཇུ་དཀའ་བའམ་རྩ་འགག་པའི་ཟས་རིགས་ཉུང་ཉུང་ཟ་དགོས། སྦྲུམ་མར་ཆུ་གསོག་པའི་སྐབས་སུ་སྣུམ་ཞག་ཉུང་བའི་ཟས་རིགས་ཟ་བ་ལས་ཚ་མང་བའི་ཟས་རིགས་མི་ཟ་བ་དང་། ལྷག་པར་དུ་བསྙལ་བའི་ཚོད་མ་མི་ཟ་བར། ཆུ་གསོག་ཚད་ཇེ་ཉུང་ལ་གཏོང་དགོས། འཇུ་དཀའ་བ་དང་སྦས་སླ་བའི་ཟས་རིགས་ཉུང་ཟ་བྱེད་པའམ་ཡང་ན་མ་ཟོས་ན་བཟང་སྟེ། དཔེར་ན་སྣུམ་བཙོས་ཀྱི་ཟས་རིགས་དང་རྒྱ་ཙོང་། ཞོག་ཁོག་སོགས་མ་ཟོས་ན་བཟང་། ཟས་རིགས་འདི་དག་གིས་ཁྲག་རྒྱུན་འཁོར་རྒྱུག་ལ་གནོད་པ་བསྐྱལ་ཏེ། ཆུ་གསོག་ཚད་ཇེ་མང་དུ་གཏོང་ངེས། ད་དུང་ཆུའི་འདུས་ཚད་མང་པའི་ཟས་རིགས་ལ་ཚོད་འཛིན་བྱས་ཏེ་སྦྲུམ་མར་ཆུ་བསགས་ཚད་ཚབས་ཆེ་བའི་སྐབས་སུ་ཆུའི་འདུས་ཚད་མཐོ་བའི་ཟས་རིགས་ཟ་བར་ཚོད་འཛིན་ངེས་ཅན་བྱེད་དགོས། འདི་ལྟར་བྱས་ཚེ་ལུས་ཀྱི་ལྗིད་ཚད་མྱུར་དུ་འཕར་བར་ཚོད་འཛིན་བྱེད་ཐུབ་པ་དང་། དགོང་མོར་གཉིད་ཁུགས་པར་ཕན་ལ། བྱིས་པ་བདེ་བླགས་ངང་བཙའ་བ་དང་འོ་མ་འབབ་པར་ཕན་པ་རེད། །